སྒ་ཡུལ་དམངས་ཀྱི་འདོད་བློ་སྙན་པའི་དབྱངས་ལ་བརྒྱུས།
2022.01.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

 རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པའི་ཡུས་ཧྲུའུ་ཡི་ས་གཞི་ཆེན་མོའི་སྟེང་། འདི་ལྟ་བུའི་གླུ་གཞས་ཤིག་བོད་ཀྱི་བུ་དང་བུ་མོ་ཚོས་ངག་ཏུ་ཡུན་ནས་ཡུན་དུ་གྱེར་བཞིན་མཆིས། ལོ་ངོ་བཅུའི་ངོ་མཚར་བའི་བསྐྱར་སྐྲུན་གྱི་གོ་རིམ་ཁྲོད། ཁོ་ཚོས་དྲིན་གཟོའི་སྙིང་གཏམ་ཧ་ཅང་མང་པོ་ཞིག་བཤད་འདོད་ཡོད་ཅིང་། རོལ་དབྱངས་ནི་ཁོ་ཚོས་བདམས་པའི་ཆེས་སྙིང་ཉེ་བའི་དྲིན་གཟོ་སྟངས་ཤིག་ཡིན།

བཀྲ་ཤིས་རྡོ་རྗེ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རོལ་དབྱངས་ཁྱབ་ཁོངས་སུ་མཛད་རྗེས་བླ་ན་འཕགས་པའི་གཞས་གདངས་རྩོམ་མཁན་ཞིག་ཡིན། ཁོང་གིས་དབྱངས་བརྩམས་པའི《ཨ་མའི་པགས་ཚག》ཞེས་པ་ཡུན་རིང་ལ་རྒྱུག་ཆེ་ཞིང་། དེས་རྒྱལ་ཁམས་འགྲིམ་པའི་བུ་ཕྲུག་གྲངས་མེད་ཅིག་གི་མ་ཡུམ་དྲན་པའི་སེམས་ཀྱི་རྒྱུད་སྐུད་ཕྲ་མོ་དབང་མེད་དུ་དཀྲོལ་མྱོང་། ང་རང་ཡང་བསྐྱར་ཡུས་ཧྲུའུ་ལ་སླེབས་པ་ན། 《སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་ས་ཆ》ཞེས་པའི་གླུ་གཞས་འདི་ཐོག་མར་ཐོས་ཤིང་། གླུ་གཞས་དེའི་རྒྱབ་ལྗོངས་གཏམ་རྒྱུད་ལ་རྒྱུས་ལོན་བྱུང་རྗེས། ངའི་མིག་ཟུང་ལས་མཆི་མ་དྲོད་མོ་དབང་མེད་དུ་བཞུར་མྱོང་།

2021ལོའི་ཟླ3པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས།  མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བཀྲ་ཤིས་རྡོ་རྗེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཞལ་བཅར་ཏེ། ཡུས་ཧྲུའུ་ཡི་ལོ་འདི་འགའི་རིང་གི་འཕེལ་རྒྱས་གྱི་འཕོ་འགྱུར་སྙན་སེང་ཞུས།

“ངའི་ཡུས་ཧྲུའུ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད” “ང་ཚོའི་བུ་རབས་ཚ་རྒྱུད་རྣམས་ལ་བདེ་ཐང་དང་དེང་རབས། བདེ་སྐྱིད་བཅས་ཀྱི་འཚོ་བ་རོལ་དུ་འཇུག་དགོས” ་་་་་ མི་སེམས་ལ་དྲོད་ཁོལ་སྦྱིན་པའི་ཞལ་གསུང་འདི་དག་ནི། དཔྱིད་རླུང་དྲོད་མོ་ཞིག་དང་འདྲ་བར། ལེ་བར་སྟོང་གིས་ཆོད་པའི་ཡུས་ཧྲུའུ་ཡི་རིགས་སོ་སོའི་མང་ཚོགས་རྣམས་ལ་སེམས་འགུལ་ཐེབས་ཤིང་དཔའ་ངར་གྱི་གདངས་ཆེས་ཆེར་བསྐྱེད།

བཀྲ་ཤིས་རྡོ་རྗེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གསུང་མོལ་གནང་བའི་དུས་སྐབས་དེ་དྲན་ཐེངས་རེར།  དུས་ད་ལྟ་ཡིན་ཡང་དགའ་སྤྲོའི་དཔལ་གྱིས་མྱོས་བཞིན་ཡོད།

བཀྲ་ཤིས་རྡོ་རྗེ་ནི་རང་ས་རང་ཡུལ་དུ་སྐྱེས་པའི་ཡུས་ཧྲུའུ་ཡི་མི་ཡིན་པས། ཁོ་རང་གསོ་སྐྱོང་གནང་བའི་ས་གཞི་དེར་རབ་ཏུ་དགའ་ཞིང་ཞེ་འཁྲེང་བཞིན་ཡོད། འདས་ཟིན་པའི་ལོ་ངོ་བཅུ་ཕྲག་འགའི་ནང་། ཁོང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བསྟོད་པ་དང་། ཡུས་ཧྲུའུ་ཡི་ཡུལ་སྲོལ་གོམས་གཤིས་ལ་བསྔགས་པའི་གླུ་གཞས་མི་ཉུང་བ་ཞིག་གསར་རྩོམ་བྱས།  2021ལོའི་རྒྱལ་ཡོངས་ཀྱི“ཚོགས་ཆེན”གཉིས་སྐབས་ཀྱི་བརྗེད་དཀའ་བའི་བརྙན་རིས་རེ་རེ་རྒྱུན་པར་བཀྲ་ཤིས་རྡོ་རྗེའི་མིག་ལམ་དུ་མངོན་པར་བྱེད་ཅིང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི“ངའི་ཡུས་ཧྲུའུ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད”ཅེས་པའི་ཞལ་གསུང་དེས། བཀྲ་ཤིས་རྡོ་རྗེ་ལ་ཅི་ཞིག་བྲིས་ཏེ་རང་ཉིད་ཀྱི་སེམས་པ་མཚོན་པའི་འདུན་པ་རྟག་ཏུ་སློང་བར་བྱེད། ཏག་ཏག་སྐབས་དེར། རྒྱང་རིང་གི་ཡུས་ཧྲུའུ་རུ་ཡོད་པའི་ཚིག་རྩོམ་པ་པོ་བསོད་རྡོ་ལགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པའི་གསར་འགྱུར་མཐོང་མ་ཐག་ཏུ་སྙན་ངག་ཅིག་བརྩམས་ཏེ་བཀྲ་ཤིས་རྡོ་རྗེ་ལ་བསྐུར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྔམ་བརྗིད་ལྡན་ཞིང་ཉམས་དགའ་བའི་རི་ཀླུང་དང་། ཡུས་ཧྲུའུ་ཡི་ཡོམ་རྗེས་བསྐྱར་སྐྲུན་གྱི་བཞིན་རས་གསར་པ། བོད་ཀྱི་བུ་དང་བུ་མོ་ཚོའི་དྲིན་གཟོའི་སེམས་པ་་་་་ འདི་ལྟར། སྙན་ཚིག་ཅིག་ནས་གླུ་ཚིག་ཅིག་ཏུ་གྱུར་པ་དང་། གླུ་ཚིག་ཅིག་ནས་གླུ་གཞས་ཤིག་ཏུ་གྱུར་པའི་གོ་རིམ་ནི། བཀྲ་ཤིས་རྡོ་རྗེ་དང་བསོད་རྡོ་གཉིས་ཀྱིས《སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་ས་ཆ》ཞེས་པའི་གླུ་གཞས་འདི་བརྩམས་པའི་གོ་རིམ་རེད།  གླུ་ཚིག་ལས“དཔྱིད་རླུང་ལྡང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་བསྐྱར་ཏུ་ལྗང་མདོག་གྱུར་པ་ན། །སྒ་ཡུལ་ཡུས་ཧྲུའུ་བུ་དང་བུ་མོའི་དགའ་སྐྱིད་འཛུམ་མདངས་ཁོང་ནས་གྲོལ། །”ཞེས་པའི་ཚིག་འདིས་ཡུས་ཧྲུའུ་མི་དམངས་ཀྱིས་དུས་རབས་གསར་པར་བསྟོད་པ་དང་། མ་འོངས་པའི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྨོན་ཇི་བཞིན་དུ་མཚོན་པར་བྱས་ཡོད།

བོད་ཀྱི་གླུ་པ་གླུ་མའི་ཐུན་མོང་མ་ཡིན་པའི་གླུ་ངག་དང་། ཡངས་ཤིང་མཐོ་ལ་རིང་བའི་སྒྲ་གདངས་དང་དབྱངས་རྟ་ལས་འབུར་དུ་དོད་པའི་རིག་གནས་ཀྱི་ཁྱད་ཆོས་ཤིག་མངོན་པར་བྱེད། ཡུས་ཧྲུའུ་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྡོ་རྗེ་ལ་མཚོན་ན། ལོ་མང་པོའི་གཞས་གདངས་གསར་རྩོམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པས། བོད་ཀྱི་རོལ་དབྱངས་ཀྱི་དབྱངས་རྩོམ་པར་རྒྱུས་མངའ་ཆེ་ནའང་། རང་བློ་ཚིམ་པའི་གཞས་གདངས་ཤིག་རྩོམ་པ་ནི་སྒྲུབ་སླ་བ་ཞིག་མ་ཡིན་ཏེ། 《སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་ས་ཆ》ཞེས་པའི་གླུ་གཞས་འདི་རྩོམ་དུས་བཟོ་བཅོས་ཡང་ཡང་བྱས་མྱོང་།

“གནོད་འཚེ་ཆེན་པོའི་རྗེས་སུ་འགྱུར་ལྡོག་ཆེན་པོ་ཡོད་ངེས། ཡུས་ཧྲུའུ་ས་འགུལ་རྗེས་སུ། ཡུས་ཧྲུའུ་མི་དམངས་བསྐྱར་སྐྲུན་གསར་བྱུང་གི་འགྱུར་ལྡོག་བརྒྱུད་ཅིང་། འགྱུར་ལྡོག་འདི་ནི་ཕྱི་དངོས་པོའི་འཚོ་བའི་ཆུ་ཚད་མཐོར་བཏེགས་པ་ཙམ་མ་ཡིན་པར། ནང་བསམ་པའི་འཇིག་རྟེན་ཡང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།” བཀྲ་ཤིས་རྡོ་རྗེ་ཡུས་ཧྲུའུ་ཡི་འགྱུར་ལྡོག་བརྒྱུད་མྱོང་བས། ཡུས་ཧྲུའུ་གསར་པའི་ནར་སོན་གྱི་ལོ་ཟླར་བདེན་དཔང་བྱེད་ཐུབ། ཁོང་གི་སེམས་སུ། ཡུས་ཧྲུའུ་མི་དམངས་ཀྱི་བྱམས་སྙིང་རྗེ་དང་གཞུང་དྲང་བབ་ཆགས་ཀྱི་བརྩེ་སེམས་དེ་ཇི་མ་ཇི་བཞིན་དུ་མཚོན་ཐུབ་པའི་གླུ་གཞས་ཤིག་རྩོམ་དགོས་ན། བབ་ཆགས་ཀྱི་བརྩེ་བ་ཞིག་དང་། བརྩེ་དུང་གིས་ཕྱུག་པའི་མངོན་སྟངས་ཤིག་ཡོད་དགོས་པ་ལས། མངོན་བརྗོད་ཀྱིས་བཅིངས་ཤིང་ཚིག་རྒྱན་གྱིས་སྤུད་མི་འོས་པར་འདོད།

ཡུས་ཧྲུའུ་ཡི་ན་གཞོན་གླུ་མ་གྲགས་ཅན་ཉི་མ་ལྷ་མོར་གླུ་གཞས་འདིས་སེམས་འགུལ་ཐེབས་སུ་བཅུག་པས། ཐེ་ཚོམ་ཅི་ཡང་མེད་པར་གླུ་གཞས་ཆ་ཚང་སྒྲ་འཇུག་བྱས། གླུ་གཞས་སྒོར་བཀྲམ་མ་ཐག རྒྱ་ཆེ་བའི་ཉན་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། གཞན་ཡང་། ཡུས་ཧྲུའུ་ཁུལ་མི་རིགས་གླུ་གར་ཚོགས་པའི་ན་གཞོན་གླུ་མ་གཡང་སྐྱིད་ལྷ་མོས་ཀྱང་ཡུན་ནན་ཞིང་ཆེན་གྱིས་སྒྲུབ་པའི“ཡུས་ཧྲུའུ་ཡི་གླུ་གཞས་ལ་ཉན་པ་དང་།  ཁྲུང་ཁྲིན་གྱི་མཛེས་ལྗོངས་ལ་རོལ་མྱོང་བྱེད”ཅེས་པའི་མཉམ་དཀྲོལ་རོལ་དབྱངས་སྤྲོ་ཚོགས་སྟེང་། 《སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་ས་ཆ》ཞེས་པའི་གླུ་གཞས་འདི་ཁུང་མིན་གྱི་ཉན་མཁན་རྣམས་ལ་བླངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིད་ལ་དམ་པོར་འཛིན་པ་དང་། ཡུས་ཧྲུའུ་ཡི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཧྲུའུ་ལ་ཐུགས་ཁུར་ཟབ་བཞེས་གནང་བའི་བརྩེ་བར་དྲིན་གཟོ་ཞུ་དགོས། ང་ཚོ་གླུ་གཞས་ཀྱི་དབྱངས་རྟ་སྙན་མོ་དང་བསྡོངས་ནས། མཉམ་དུ་འཕེལ་རྒྱས་གློག་ལྟར་མྱུར་བའི་ཡུས་ཧྲུའུ་གསར་པ་དང་། ཡུས་ཧྲུའུ་མི་དམངས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གསར་པར་བལྟ་རུ་འགྲོ། ཡུས་ཧྲུའུ་ཡི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་སྨོན།   །

སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་ས་ཆ།

མཛེས་སྡུག་གི་རྨི་ལམ་ཐམས་ཅད་མངོན་དུ་གྱུར།

གྲོང་སྡེ་ནི་རི་མོ་བཞིན་དུ་མཛེས།

གཞུང་ལམ་ཕྱོགས་བཞིའི་མཐའ་ལ་འཐེན།

བོད་པའི་བུ་ཡི་སེམས་པ་ཏང་ལ་ཕྱོགས།

དྲིན་གཟོའི་གླུ་གཞས་མི་རབས་རེ་རེར་ལེན།

ས་ཆེན་པོར་དཔྱིད་ཀ་སླེབས་ན་འབྲུག་ལྡིར་གློག་དམར་འཁྱུག

འཁྱགས་ཀླུང་ཞུས་ནས་མེ་ཏོག་བཞད་ཅིང་དྲི་ཞིམ་རི་ཀླུང་ཀུན་ལ་ཁྱབ།

དཀར་གཙང་ཁ་བཏགས་བཟུང་ནས་དུས་རབས་གསར་པ་འཛུམ་གྱིས་བསུ།

མེས་རྒྱལ་ཁྲི་ལོར་དར་ཞིང་འཕེལ་རྒྱས་འབྱུང་བར་ཤོག

མ་འོངས་ཡུལ་གྲུ་ཐམས་ཅད་སྔར་བས་གཟི་འོད་འབར་བར་སྨོན།།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།