གནས་འདིའི་རི་ཆུ་དང་བྱིས་པ་རྣམས་ནམ་ཡང་བརྗེད་མི་སྲིད།
2022.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

རྡོ་རྗེ་ཚེ་བརྟན་གྱིས་སློབ་མ་གསབ་ཁྲིད་བྱེད་བཞིན་པ།

ཆུ་དམར་ལེབ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆ་སྙོམས་ཀྱི་མཚོ་འཕང་ཆེས་མཐོ་བའི་རྫོང་ཞིག་ཡིན་ཞིང་། གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པ་དང་སྨུག་ཕྱིའི་འོད་ཀྱི་ཚད་རིམ་མཐོ་བ་མ་ཟད། ལོ་རེའི་ཆ་སྙོམས་དྲོད་ཚད་གོར་ཐིག་མན་གྱི་གསུམ་དང་གྲངས་ཆུང་གསུམ་ཡིན་ལ།“འབྲི་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོའི”མཚན་སྙན་ཡོད།

ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཆ་འདི་འདྲ་ཞིག་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་རྡོ་རྗེ་ཚེ་བརྟན་གྱིས་སེམས་ནས་བརྗེད་དཀའ་བ་ཞིག་རེད། ཁོས་དུས་རྒྱུན་དུ“བརྩེ་སེམས་ཀྱིས་གནས་འདིའི་རི་ཆུ་དང་བྱིས་པ་རྣམས་ནམ་ཡང་བརྗེད་ཐབས་བྲལ་ལ། དུས་ཚོད་སྔར་ལས་མང་པོ་སྤྱད་ནས་ཁོ་ཚོར་ཞབས་ཞུ་དང་རོགས་རམ་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད”ཅེས་བཤད།

“གནས་འདི་ནས་ལོ་བཅུ་གཉིས་ལ་འདུག་ཐུབ་པ་ངའི་སེམས་སུ་ཡང་དྲན་མ་མྱོང་།”

2010ལོར། མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་མཐར་ཕྱིན་པའི་རྡོ་རྗེ་ཚེ་བརྟན་གྱིས་དགེ་རྒན་གྱི་ཕུགས་འདུན་སེམས་སུ་ཉར་ནས་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཡུལ་ཚོ་བཅའ་སྡོད་སློབ་ཆུང་དུ་རྒྱུགས་འཕྲོད་སོང་།

ཆུ་དམར་ཧོ་ཡུལ་ཚོ་བཅའ་སྡོད་སློབ་ཆུང་དེ་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་སུམ་ཅུ་ཡོད་པ་དང་མཚོ་འཕང་མུས་བཞི་སྟོང་ལྔ་བརྒྱ་ཡོད། དགའ་འོས་པ་ཞིག་ལ་རྡོ་རྗེ་ཚེ་བརྟན་ལ་རྫ་དུག་གཏན་ནས་ཕོག་མ་མྱོང་།

རྡོ་རྗེ་ཚེ་བརྟན་གྱིས་རྒྱ་ཡིག་དང་རྩིས་རིག ལུས་རྩལ་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་ཡོད། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པའི་རྐྱེན་གྱིས་ཁོ་དང་བྱིས་པ་ཚོས་མཉམ་ཟ་མཉམ་འདུག་བྱེད་ཀྱིན་ཡོད། སློབ་ཁྲིད་ཁྲོད་ཁོས་ཆེད་ལས་ཀྱི་ཆུ་ཚད་ཧུར་ཐག་གིས་མཐོ་རུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་སློབ་མ་ཚོའི་སེམས་ཁམས་ལ་དོ་སྣང་བྱེད་ཀྱིན་ཡོད།

“ཕ་མ་དང་ཁ་བྲལ་རྗེས་ལོ་རིམ་དང་པོའི་བྱིས་པ་མང་ཆེ་བ་དུས་ཡུན་ཐུང་ངུ་ཞིག་ལ་གོམས་ཐུབ་ཀྱིན་མེད།” གནས་ཚུལ་དེར་ཁ་གཏད་ནས། འཛིན་བདག་གི་འགན་འཁུར་བའི་རྡོ་རྗེ་ཚེ་བརྟན་ལ་སློབ་གྲྭའི་ནང་ཐོབ་ཐང་ཞིག་ཡོད་པ་ནི་གནས་སྐབས་ཀྱི་ཨ་ཕ་རེད།

སློབ་མ་ལ་ལས་ཡུལ་དྲན་ནས་ངུ་སྐབས། ཁོས་སེམས་ཞིབ་མོས་སེམས་ཁམས་ཟུར་ཁྲིད་བྱས་པ་དང་། སློབ་མ་ལ་ལ་མཚན་མོ་རང་དགར་སློབ་གྲྭ་དང་ཁ་བྲལ་རྗེས་ཁོ་མྱུར་དུ་སོང་ནས་སློབ་མར་ཕྱིར་ལོག་པའི་ཁ་ཏ་བྱས། སློབ་མ་ལ་ལས་སློབ་བྱོལ་བྱས་རྗེས། ཁོ་རི་ཀླུང་བརྒལ་ཏེ་སློབ་མའི་ཁྱིམ་དུ་སོང་ནས་ཁྱིམ་བདག་དང་སློབ་མར་བསམ་བློའི་སློབ་གསོ་བཏང་།

རྡོ་རྗེ་ཚེ་བརྟན་ད་དུང་སློབ་མའི་འཚོ་བའི་ཁྲོད་ཀྱི་ལས་རོགས་བཟང་པོར་གྱུར་ཞིང་། ཁོས་སློབ་མའི་ལྭ་བ་འཁྲུ་རོགས་དང་སྐྲ་བཀྲུ་རོགས་བྱས་ནས། ཁོ་ཚོར་ཨ་ཕ་ལྟ་བུའི་དྲོད་སྐྱིད་སྦྱིན་པས་སློབ་མའི་སེམས་སུ་སློབ་གྲྭ་ཁྱིམ་ལྟར་སྣང་བཞིན་ཡོད།

ད་ལྟ་རང་ཉིད་ཀྱི་གྲོང་གསེབ་དགེ་རྒན་གྱི་བརྒྱུད་རིམ་སྐོར་གླེང་སྐབས། རྡོ་རྗེ་ཚེ་བརྟན་གྱིས“ང་རང་མཐོ་སྒང་གི་གནས་འདིར་བརྩེ་བ་ཟབ་མོ་ཡོད་ལ། འདི་གར་ལོ་བཅུ་གཉིས་ལ་སྡོད་ཐུབ་པ་ང་རང་ཡང་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་བཤད།

“དཔེ་ཀློག་གི་ལམ་བུའི་སྟེང་ངས་ཕྲུ་གུ་གཅིག་ཀྱང་རྗེས་སུ་མི་ལུས་པའི་འགན་ལེན་བྱེད་དགོས།”

ལོ་བཅུ་གཉིས་ཀྱི་རིང་ལ། རྡོ་རྗེ་ཚེ་བརྟན་གྱིས་གྲོང་གསེབ་ཀྱི་སློབ་གྲྭའི་སྤྱིར་བཏང་གི་སློབ་ཁྲིད་ལས་གནས་བརྟན་སྲུང་བྱས་པ་དང་། ཁོས་དགེ་རྒན་ཞིག་ཕུལ་བྱུང་ཡིན་མིན་ཏེ་སློབ་གསོའི་གྲུབ་འབྲས་ཐོབ་རྒྱུ་དང་སློབ་གསོ་ལོངས་སྤྱོད་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད།

“བརྩེ་བས་གནས་འདིའི་རི་ཆུ་དང་བྱིས་པ་རྣམས་ནམ་ཡང་བརྗེད་མི་སྲིད།” རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། དགེ་རྒན་ཞིག་ཕུལ་བྱུང་ཡིན་མིན་གཏན་འཁེལ་བྱེད་སྐབས་སློབ་མའི་སྦྱངས་འབྲས་ལ་བལྟ་དགོས་པ་མ་ཟད། སེམས་སུ་བརྩེ་བ་ཆེན་པོ་ཡོད་མེད་དང་སློབ་མའི་རྒྱུད་ཀྱི་ཁྱད་ཆོས་ལ་དེ་བས་བལྟ་དགོས་ཞེས་བཤད།

རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། བྱིས་པ་ཚང་མའི་ལུས་སྟེང་དུ་ཁྱད་ཆོས་རེ་ཡོད་པས་དགེ་རྒན་ཚོས་ཤེས་རྟོགས་བྱེད་མཁས་དགོས། ཁོ་ཚོའི་སློབ་གྲྭའི་ལོ་རིམ་དང་པོའི་སློབ་མ་ལྷ་ལོའི་སློབ་སྦྱོང་གི་སྦྱངས་འབྲས་མདུན་གྲལ་དུ་ཡོད་མོད། འོན་ཀྱང་རླངས་འཁོར་གྱི་དོན་རྐྱེན་ཞིག་བྱུང་ནས་ཕ་མ་གཉིས་ཚེ་ལས་འདས། དེ་ནས་བཟུང་། གྲུང་ཤ་དོད་པའི་ལྷ་ལོ་སྐད་ཆ་བཤད་རྒྱུར་མི་དགའ་བ་ཞིག་ཏུ་གྱུར་ཞིང་། རྒྱུན་དུ་ཁོ་གཅིག་པུ་སྡོད་པ་ལས་སློབ་གྲོགས་གཞན་དང་མཉམ་དུ་མི་རྩེད་བ་མ་ཟད་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་ཐད་ཀར་ཇེ་ཞན་དུ་གྱུར།

རྡོ་རྗེ་ཚེ་བརྟན་གྱིས་དེ་མཐོང་ནས་སེམས་སུ་སྡུག་བསྔལ་ཆེན་པོ་སྐྱེས། ལྷ་ལོའི་ལྭ་བ་སྲབ་མོ་ཞིག་གྱོན་ཡོད་པ་མཐོང་ནས་ཁོས་མྱུར་དུ་དགུན་ལྭ་དང་དགུན་ལྷམ་ཉོས་པ་དང་། ལྷ་ལོའི་སེམས་ཤུགས་འཕེལ་དུ་འཇུག་ཆེད། ཁོ་ལྷ་ལོ་དང་མཉམ་དུ་བསྡད་ནས་ཁོའི་བདེ་སྡུག་ལ་དོ་ཁུར་བྱས། ཁོ་ལ་སློབ་སྦྱོང་གི་མཁོ་ཆས་ཉོས་ཏེ་ཕ་དང་འདྲ་བར་ཁོ་ལ་ལྟ་རྟོག་བྱས་པ་དང་། སྤོབས་པ་ཆེན་པོས་འཚོ་བ་རོལ་རྒྱུར་སྐུལ་ལྕག་བྱས་ལ། དུས་ཡུན་རིང་པོའི་སེམས་ཁུར་དང་རོགས་རམ་ལ་བརྟེན་ནས་ལྷ་ལོ་སླར་ཡང་སྤྲོ་སྣང་ལྡན་པའི་བྱིས་པ་ཞིག་ཏུ་གྱུར་བ་མ་ཟད་སློབ་སྦྱོང་ལ་ཡང་སྔར་ལས་འབད་བརྩོན་བྱས།

ཚེ་རིང་སྟོབས་ལྡན་གྱི་གཤིས་ཀ་འཇམ་པོ་ཞིག་ཡིན་ལ་རྒྱུན་དུ་ཁོ་གཅིག་པུ་སློབ་ཁང་གི་ཟུར་ཞིག་ཏུ་སྡོད་ཀྱིན་ཡོད། རྡོ་རྗེ་ཚེ་བརྟན་གྱིས་སློབ་ཁྲིད་སྐབས་ཁོ་ལ་དྲི་བ་འདྲི་བ་དང་ཁོ་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས། དུས་ཡུན་རིང་པོ་ཞིག་སོང་རྗེས། ཚེ་རིང་སྟོབས་ལྡན་རང་འགུལ་ངང་སློབ་གྲོགས་ཚོའི་བྱ་འགུལ་ཁྲོད་ཞུགས་པ་དང་། སྐད་ཆེན་པོས་དྲི་བར་ལན་འདེབས་ཐུབ་པར་གྱུར།

བྱིས་པ་ཚོའི་འགྱུར་ལྡོག་ཕྲན་བུ་ལ་ལྟ་བཞིན་རྡོ་རྗེ་ཚེ་བརྟན་ཧ་ཅང་དགའ་པོ་བྱུང་། “དགེ་རྒན་ཞིག་ཡིན་པའི་ཆ་ནས་བྱིས་པ་ཚོའི་དཔེ་ཀློག་ལམ་བུའི་སྟེང་། ངས་བྱིས་པ་ཚང་མ་རྗེས་སུ་མི་ལུས་པའི་འགན་ལེན་བྱ་རྒྱུ་ཡིན” ཞེས་རྡོ་རྗེ་ཚེ་བརྟན་གྱིས་དེ་ལྟར་བཤད།

“ཚད་ཡོད་ཀྱི་དུས་ཚོད་དེ་ཚད་མེད་ཀྱི་ཞབས་ཞུའི་ཁྲོད་དུ་སྤྱོད་དགོས།”

ཉེ་བའི་ལོ་འགའི་རིང་ལ། རྡོ་རྗེ་ཚེ་བརྟན་ལ་སྔ་རྗེས་སུ་རྫོང་རིམ་པའི་སྔོན་ཐོན་སློབ་གསོའི་བྱ་བ་སྒྲུབ་མཁན་དང་། ཁུལ་རིམ་པའི་ཕུལ་བྱུང་གྲོང་གསེབ་དགེ་རྒན། ཞིང་ཆེན་རིམ་པའི་ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རིན། མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་དགེ་རྒན། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། དེ་དང་ཆབས་ཅིག ཁོ་ཡང་མཱ་ཡོན་སྤྱི་ཕན་ཐེབས་རྩ་ཚོགས་པའི“གྲོང་གསེབ་ཀྱི་དགེ་རྒན་འཆར་གཞིའི”2021ལོའི་དགེ་རྒན་གྱི་མིང་འདོན་པར་གྱུར་ཡོད།

གཟི་བརྗིད་མཚན་སྙན་འདི་འདྲ་མང་པོ་ཞིག་བླངས་ཡོད་རུང་། རྡོ་རྗེ་ཚེ་བརྟན་གྱིས་སྦྱངས་འབྲས་ཀྱིས་འདས་ཟིན་པའི་བྱ་བར་ཚབ་བྱས་པ་རེད་ཅེས་བཤད་པ་དང་། སློབ་ཁྲིད་ཁྲོད་ཁོས་འཛིན་གྲྭ་ཚང་མར་དོ་དམ་ཡག་པོ་བྱས་ལ། བྱིས་པ་ཚང་མས་སློབ་སྦྱོང་ཡག་པོ་བྱས་ནས་ཉམས་མྱོང་ཕྱོགས་སྡོམ་དང་སློབ་ཁྲིད་བྱེད་སྟངས་ཇེ་ལེགས་སུ་བཏང་སྟེ། བྱིས་པ་ཚོར་སློབ་སྦྱོང་ལ་སྤྲོ་སྣང་འཕེལ་བ་དང་སློབ་སྦྱོང་བྱེད་ཤེས་པ་བཅས་བྱེད་དུ་བཅུག

ཆུང་མའི་བྱ་བ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཡོད་པ་དང་། རྡོ་རྗེ་ཚེ་བརྟན་དང་ཁྱིམ་མི་རྒྱུན་དུ་མཉམ་དུ་འདུག་གིན་མེད། “ལོ་འདི་དག་གི་རིང་ལ། ངའི་བྱིས་པ་ཡང་རིམ་གྱིས་འཚར་ལོངས་འབྱུང་བཞིན་ཡོད་པ་དང་། ཁྱིམ་མིས་ཀྱང་ང་ལ་ཐབས་ཤེས་བཏོན་ནས་ལས་གནས་བརྗེ་སྤོར་བྱེད་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ང་རང་ཆུ་དམར་ཧོ་ཡུལ་ཚོ་དང་དེ་གའི་བྱིས་པ་རྣམས་ལ་བརྩེ་བ་ཟབ་མོ་ཡོད་པས། ངས་ཚད་ཡོད་ཀྱི་དུས་ཚོད་དེ་ཚད་མེད་ཀྱི་སློབ་ཁྲིད་ཞབས་ཞུའི་ཁྲོད་སྤྱོད་རྒྱུ་ཡིན”ཞེས་རྡོ་རྗེ་ཚེ་བརྟན་གྱིས་དེ་ལྟར་བཤད།

ད་ལྟ། རྡོ་རྗེ་ཚེ་བརྟན་གྱིས་སློབ་གྲྭའི་སློབ་གཙོ་གཞོན་པའི་འགན་འཁུར་བཞིན་ཡོད། ཁོས་བཤད་རྒྱུར། ལས་གནས་གང་ཞིག་ཏུ་ཡོད་ཀྱང་ཁོས་རང་དཔེ་གཞན་སྟོན་གྱིས་སློབ་མ་ཚང་མར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། རང་ཉིད་ཀྱི་གཏམ་སྤྱོད་ལ་བརྟེན་ནས་སློབ་མ་ཚོར་ཤུགས་རྐྱེན་ཐེབས་པར་བྱེད་པ། རང་ངོས་ཀྱི་དཔེ་བཟང་སྟོབས་ཤུགས་ལ་བརྟེན་ནས་སློབ་མ་ཚོའི་ཀུན་སྤྱོད་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་རྒྱུར་ཁྲིད་སྟོན་བྱེད་ཀྱིན་ཡོད་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།