ཡུལ་ཕྱོགས་གཅིག་གི་བདེ་འཇགས་སྲུང་བའི་དྲག་ཆས་ཉེན་རྟོག་པ་ཚེ་རྡོ།
2022.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

“ཚེ་སྲོག་མ་ཉམས་བར་དུ་འཐབ་འཛིང་བྱེད་མཚམས་མི་འཇོག”ཅེས་པའི་སྐད་ཆ་དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་དཔོན་ཚེ་རྡོ་ཡི་བྱ་བའི་དད་སེམས་ཤིག་རེད། ཉེན་རྟོག་པའི་བྱ་བ་སྒྲུབ་པའི་ལོ་ཉེར་གསུམ་གྱི་རིང་ལ། ཁོས་སྔ་རྗེས་སུ་ཉེན་རྟོག་པ་དང་ཁྲིམས་དཔྱད་སྨན་པ། ཉེས་དོན་ཉེན་རྟོག་པ་བཅས་བྱས་ཏེ་གྱོད་གཞི་སྣ་ཚོགས་སྟོང་ལྷག་ཙམ་མྱུལ་ཞིབ་བྱས་ནས་རྩད་ཆོད་པ་དང་། “རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པའི་མི་སྒེར”ལ་བདམས་པ་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་ཅན་གཅིག་དང་། བྱས་རྗེས་རིམ་པ་གསུམ་ཅན་ཐེངས་གསུམ་ལ་བླངས་པ་མ་ཟད་བྱ་དགའ་ཐེངས་མང་ཐོབ་ཡོད།

མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡི་ཉེས་དོན་གྱོད་གཞི་ཚབས་ཆེན་མང་པོ་རྩད་ཆོད་པའི་ས་གནས་སུ་ཚེ་རྡོ་ཡི་གཟུགས་བརྙན་མཐོང་ཐུབ། 1998ལོར། ཀོས་ནན་རྫོང་མགོ་མང་གྲོང་རྡལ་དུ་མི་བསད་པའི་གྱོད་གཞི་ཞིག་བྱུང་བ་དང་། གྱོད་གཞི་བྱུང་སྐབས་ཚེ་རྡོ་ཉེན་རྟོག་པའི་བྱ་བའི་ཁྲོད་ཞུགས་ནས་ཅང་འགོར་མེད། ལོ་ཉེར་གསུམ་གྱི་རིང་ལ། ལས་གནས་ལེགས་སྒྲིག་ཐེངས་མང་བྱས་མོད། འོན་ཀྱང་ཁོས་གྱོད་གཞི་རྩད་ཞིབ་བྱེད་པའི་བྱ་བ་གཏན་ནས་དོར་མ་མྱོང་། མི་བསད་པའི་གྱོད་རྙིང་གི་མཁྲེགས་གཏོར་བྱ་སྤྱོད་སྤེལ་བ་ནས་བཟུང་། ཉེས་དོན་ཉེན་རྟོག་པ་རྒན་གྲས་དང་ཁྲིམས་དཔྱད་སྨན་པ་རྒན་གྲས་ཤིག་ཡིན་པའི་ངོས་ནས། ཁོས་རུ་ཁག་གི་སྣེ་ཁྲིད་དེ་ལོ་ཉེར་གསུམ་སྔོན་གྱི་དངོས་དཔང་ལ་ཁྱོན་ཡོངས་ནས་གསེད་དཀྲོལ་བྱས། གྱོད་གཞི་བྱུང་པའི་དུས་ཚོད་རིང་བ་དང་བདེན་དཔང་གི་ཁུངས་སྣེ་འཚོལ་བསྡུ་དཀའ་བའི་དཀའ་ངལ་ཁྱད་བསད་བྱས་ཏེ། ཉིན་བཞི་བཅུ་ལྷག་ཙམ་ལ་འབད་བརྩོན་བྱས་པ་བརྒྱུད་གཞི་ནས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས།

ལོ་ངོ་ཉི་ཤུའི་ཡར་སྔོན་དུ། གུང་ཧོ་རྫོང་སྤྲེལ་ནག་ཡུལ་ཚོ་རུ་ཉེས་དོན་གྱོད་གཞི་ཚབས་ཆེན་ཞིག་བྱུང་། གྱོད་གཞི་བྱུང་སྐབས་ཉེས་དོན་མྱུལ་ཞིབ་ཀྱི་ལག་རྩལ་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་དབང་གིས་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་དེ་རྩད་ཆོད་ཐུབ་མེད། ཁྱིམ་མིར་གསལ་བཤད་ཅིག་དང་འདས་པོར་དྲང་བདེན་ཡོང་ཆེད། ཁོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་སྔ་རྗེས་སུ་མི་དམངས་ཉེན་རྟོག་པ་ཁྲིད་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཐེངས་སུམ་ཅུ་ལྷག་ཙམ་ལ་འགྲོ་འོང་བྱས་པ་དང་། ལམ་ཐག་སྤྱི་ལེ་ཁྲི་ལྷག་ཙམ་བརྒྱུད་དེ། དུས་ཡུན་ཟླ་བ་བཅུ་འགོར་རྗེས། དོགས་ཡོད་ཉེས་ཅན་གཏན་འཁེལ་བྱས་པ་རེད། ཉེས་གསོག་གི་ལག་ཆ་འཚོལ་ཞིབ་བྱ་ཆེད་ཚེ་རྡོ་ཡིས་ཆེད་དོན་ཚོགས་ཆུང་གི་མི་སྣའི་སྣེ་འཁྲིད་དེ་དོགས་ཡོད་ཉེས་ཅན་གྱིས་བཤད་པའི་གནས་སུ་བསྐྱོད་པ་དང་། སྐབས་དེར་དབྱར་དུས་ཡིན་པ་དང་དྲོད་ཚད་ཏུའུ་བཞི་བཅུ་ལྷག་ལ་སླེབས་ཡོད། ཁོ་ཚོས་དུག་སྦྲང་གིས་གནོད་པ་དང་ཚ་བ་ཕོག་པར་མ་བལྟོས་པར་ཉིན་མཚན་གསུམ་གྱི་རིང་ལ་འཚོལ་ཞིབ་བྱས་པ་བརྒྱུད། མཐར་ཉེས་གསོག་གི་ལག་ཆ་རྙེད་ནས་གྱོད་གཞི་རྩད་ཆོད་པའི་ཆེད་སྔོན་འགྲོའི་བྱ་བ་ལེགས་པོར་སྒྲུབ།

མང་ཚོགས་ཀྱི་ཁས་ལེན་ནི་གཟི་བརྗིད་ཆེ་ཤོས་ཡིན་པ་ཚེ་རྡོ་ཡིས་གསལ་པོ་ཤེས་ཀྱིན་ཡོད། 2019ལོར། ཀོས་ནན་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱེད་པའི་གྱོད་གཞིའི་ཁུངས་སྣེ་ཞིག་ཤེས་རྟོགས་བྱུང་། ཚེ་རྡོ་ཡིས་རང་འགུལ་ངང་གྱོད་གཞི་མྱུལ་ཞིབ་ཀྱི་བྱ་བའི་འགན་འཁུར་ནས། དོགས་ཡོད་ཉེས་ཅན་ཏེ་ཞིང་ཆེན་ཕྱི་རོལ་གྱི་གྲོང་ཁྱེར་ཞིག་གི་རི་ཁུལ་མཛེས་ལྗོངས་སུ་ཡོད་པ་གཏན་འཁེལ་བྱས་རྗེས། ཁོས་མྱུལ་ཞིབ་མི་སྣའི་སྣེ་ཁྲིད་དེ་མཚན་མོ་དེ་རྐང་ཐང་དུ་རི་འགོར་འགོས་ནས་འཛིན་བཟུང་བྱས་པ་རེད། མཛེས་ལྗོངས་ཁུལ་དུ་སླེབས་རྗེས། ཁོས་མྱུར་དུ་མཛེས་ལྗོངས་ས་ཁུལ་གྱི་འཛུགས་སྐྲུན་ལ་རིམ་པ་བཞིན་གྲལ་བཤེར་བྱས་པ་དང་། དོགས་ཡོད་ཉེས་ཅན་ཤེས་རྟོགས་བྱུང་རྗེས། སྔོན་ལ་གདོང་མཆོང་བྱས་ཏེ་དོགས་ཡོད་ཉེས་ཅན་ཚོད་འཛིན་བྱས། དོགས་ཡོད་ཉེས་ཅན་བདེ་བླག་ངང་འཛིན་བཟུང་བྱས་རྗེས། ཁོ་ལ་ངལ་གསོ་ཁོམ་ཡང་མེད་པར་བསྟུད་མར་ཉིན་དྲུག་ལ་ཞིང་ཆེན་གཉིས་དང་ས་གནས་བཞི་རུ་བསྐྱོད་རྗེས། སླར་ཡང་དོགས་ཡོད་ཉེས་ཅན་གཞན་ཞིག་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་རེད། གྱོད་གཞི་ཁྲིམས་སྦྱོར་བྱེད་པའི་དུས་རིམ་དུ་སླེབས་སྐབས། ཁོས་ཆེད་དོན་ཚན་ཆུང་གི་མི་སྣ་དང་མཉམ་དུ་གྱོད་དོན་ཡིག་ཆ་ལེགས་སྒྲིག་བྱས། གྱོད་དོན་ཡིག་ཆ་ཁག་ཞེ་བརྒྱད་ཡོད་པ་དང་བསྡོམས་པས་ཤོག་ངོས་ཁྲི་གཅིག་དང་སྟོང་ལྔ་ལྷག་ཡོད་ལ། མཐོ་ཚད་ལ་མུས་གཅིག་དང་གྲངས་ཆུང་དྲུག་ལྷག་ཡོད། ཆེད་དོན་གྱོད་གཞི་ཧྲིལ་པོར་མྱུལ་ཞིབ་བྱེད་པའི་ཟླ་བཅུ་ཡི་དུས་ཚོད་ནང་། ཚེ་རྡོ་ཡིས་ངལ་གསོ་མ་བྱས་པར་གྱོད་གཞི་རྩད་གཅོད་པའི་ལས་ཡུལ་དང་པོ་རུ་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱས་པ་དང་། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཞིང་ཆེན་བཅུ་གཉིས་དང་གྲོང་ཁྱེར་ཉེར་གཅིག་ཏུ་བསྐྱོད་ཅིང་། ཉིན་ཉིས་བརྒྱ་ལྷག་ཙམ་ལ་ཕྱི་རུ་བསྐྱོད་པ་དང་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་དྲུག་ལྷག་ཙམ་ཟིན། རྒྱལ་ཡོངས་ཀྱི་ཞིང་ཆེན་ཉེར་དགུ་དང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལ་འབྲེལ་བ་ཡོད་པའི་དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་ཚབས་ཆེན་དེ་རྩད་ཆོད་པ་རེད།

“མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་མང་ཚོགས་ཀྱི‘དངུལ་ཁུག’སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཞིག་རེད།” འདི་ནི་ཚེ་རྡོ་ཡིས་དུས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད། 2020ལོར། གུང་ཧོ་རྫོང་དུ་དྲ་རྒྱའི་གློག་འཕྲིན་མགོ་སྐོར་གྱི་གྱོད་གཞི་ཞིག་བྱུང་ནས། གནོད་འཚེ་ཕོག་མཁན་གྱིས་མི་གཞན་གྱི་ཁྲིད་སྟོན་འོག་རྒྱན་ཤོག་དྲ་ཚིགས་ཤིག་ཏུ་སྒོར་ས་ཡ་བརྒྱད་ལྷག་བཏང་ནས་མགོ་སྐོར་བཏང་བ་རེད། གྱོད་གཞི་དང་འབྲེལ་བའི་མ་དངུལ་འབོར་ཆེན་ཡིན་པས། ཚེ་རྡོ་ཡིས་རང་འགུལ་ངང་གྱོད་གཞི་མྱུལ་ཞིབ་བྱེད་པའི་ནང་ཞུགས་རྒྱུའི་རེ་བ་བཏོན། དུས་ཡུན་ཟླ་གཅིག་ལྷག་ཙམ་གྱི་རིང་ལ། ཞིང་ཆེན་གཉིས་དང་ས་ཆ་མང་པོར་བསྐྱོད་དེ་ཞིབ་ཚགས་ལ་གཏིང་ཟབ་པའི་བྱ་བ་འབོར་ཆེན་བསྒྲུབས་མཐར་གྱོད་གཞི་རྩད་ཆོད་དེ་མང་ཚོགས་ལ་གྱོང་གུན་མེད་པར་བཟོས།

དཀའ་ངལ་ཁྱད་བསད་ཐེངས་མང་བྱས་ནས་གྱོད་གཞི་ཆེན་པོ་ཐེངས་མང་རྩད་ཆོད་དེ་ཉེས་ཅན་པ་ཁྲིམས་ལ་སྦྱར། ཚེ་རྡོ་ཡིས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོ་ངེས་ཡོད། “རྗེས་ཕྱོགས་མུ་མཐུད་དུ་ཡན་ལག་རུ་ཁག་གི་ཉེན་རྟོག་པའི་སྣེ་ཁྲིད་དེ་གྱོད་གཞི་མང་ཙམ་རྩད་གཅོད་བྱས་ནས། བཅའ་ཁྲིམས་ཀྱི་དྲང་གཞག་དྲང་བདེན་དེ་ང་ཚོས་གཉེར་བའི་གྱོད་གཞི་རེ་རེའི་ཁྲོད་ནས་མཚོན་པར་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། སྤྱི་ཚོགས་བདེ་འཇགས་ཡོང་ཆེད་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན”ཞེས་ཚེ་རྡོ་ཡིས་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།