འཇའ་ཐང་རྩྭ་ཐང་དུ་གད་སྙིགས་འཐུ་བའི་ཁོར་སྲུང་པ་ཆུང་ཆུང་ཞིག་ཡོད།
2022.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

 ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་གྱི་སྡེ་བ་གཉིས་པ་རུ་སྤྱིར་བཏང་མ་ཡིན་པའི་བུ་མོ་ཆུང་ཆུང་ཞིག་ཡོད།

ཁོ་མོ་ནི་ཆུང་དུས་ནས་ཁོར་སྲུང་བ་ཡིན་པའི་རང་གི་ཨ་ཕ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པས་དུས་དེ་ཙམ་ནས་བཟུང་སྟེ། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་གསལ་བོར་ཤེས་ཡོད་པ་རེད། མོ་རང་ཆུང་ངུའི་དུས་ནས་བཟུང་སྟེ། ནམ་རྒྱུན་ཁོམ་སྐབས་སུ་རང་གི་ཨ་ཕའི་རྗེས་དེད་ནས་རྩྭ་ཐང་དང་ཆུ་འགྲམ། རྒྱལ་ལམ་གྱི་འགྲམ་བཅས་སུ་སོང་ནས་གད་སྙིགས་སྣ་ཚོགས་འཐུ་བ་དང་གད་སྙིགས་སྣ་ཚོགས་ཕྲག་ཏུ་ཁུར་བ་བཅས་ཆེས་བབ་ཆགས་པའི་བྱེད་ཐབས་ལ་བརྟེན་ནས་རང་གི་དག་གཙང་གི་ཕ་ཡུལ་དེ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད། 

བུ་མོ་དེ་ནི་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭའི་ལོ་རིམ་ལྔ་པའི་སློབ་མ་དཀོན་མཆོག་ལྷ་མོ་ཡིན་པ་དང་། མོ་ནི་རྒྱལ་ཡོངས་ཀྱི2021ལོའི“དུས་རབས་གསར་པའི་ན་གཞོན་དཔེ་ལེགས་པའི་”མཚན་སྙན་ཐོབ་མཁན་ཡང་ཡིན།

དཀོན་མཆོག་ལྷ་མོར་མོའི་ཨ་ཕ་དང་གཅིག་མཐུན་གྱི་འདུན་མ་ཞིག་ཡོད།

ཡུས་ཧྲུའུ་ས་ཁུལ་དུ་མིང་དུ་གྲགས་པའི་རྩྭ་ཐང་ཆེན་པོ་གཉིས་ཡོད་པ་ནི་དཔལ་ཐང་དང་འཇའ་ཐང་ཡིན་ལ། འཇའ་ཐང་རྩྭ་ཐང་ནི་ཁྲ་བོ་ལའི་ལྷོ་ཕྱོགས་སུ་གནས་ཡོད། ཆ་སྙོམས་ཀྱི་མཚོ་འཕང་ལ་རྨིད4200ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་གཏོགས། དཀོན་མཆོག་ལྷ་མོ་ནི་འཇའ་ཐང་རྩྭ་ཐང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།

དོན་ངོ་མས་བཤད་ན་དཀོན་མཆོག་ལྷ་མོའི་ཨ་ཕའང་དེ་འདྲའི་དཀྱུས་མ་ཞིག་མིན་པར། ཁོ་ནི་འཇའ་ཐང་རྩྭ་ཐང་དུ་སྙན་གྲགས་ཅུང་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པ་ཞིག་ཡིན་ལ། ཁོའི་མིང་ལ་ཚེ་འཕེལ་ཟེར། དཀོན་མཆོག་ལྷ་མོས“ཁོར་ཡུག་སྲུང་སྐྱོབ”ཅེས་པའི་མིང་བརྡ་དེ་ཐོག་མར་མོ་རང་གི་ཨ་ཕའི་ངག་ནས་ཐོས་པ་རེད།

དཀོན་མཆོག་ལྷ་མོ་སྐྱེས་པའི་ལོ་དེར་ཚེ་འཕེལ་གྱིས་སྤྱང་ཁྱུས་བསད་པའི་ནོར་གནག་གི་ནང་ཁྲོལ་ཅུང་ཆ་ཚང་བར་ལུས་ཡོད་པ་ཞིག་མཐོང་ཞིང་། ཁོས་དེ་གཤགས་ནས་བལྟས་པ་ན་ཁོག་པའི་ནང་དུ་འགྱིག་ཤོག་མང་པོ་ཡོད་པ་མཐོང་།

དེ་ནས་བཟུང་ཚེ་འཕེལ་གྱིས་འཇའ་ཐང་རྩྭ་ཐང་དུ་དཀའ་སྡུག་མ་ལུས་ཁྱད་དུ་བསད་དེ་ཁ་ཆར་བུ་ཡུག་ལ་འཛེམས་པ་མེད་པར་ཉིན་གྱི་ཁར་ཉིན་བརྩེགས་ཤིང་ལོའི་ཁར་ལོ་བརྩེགས་ཏེ་རྩྭ་ཐང་དུ་གང་དར་གཡུགས་པའི་སྐོམ་ཆུ་དམ་བེ་རེ་རེ་དང་འཁྱིག་ཤོག་ཁུག་མ་རེ་རེ་བཞིན་འཐུ་ཅི་ཐུབ་བྱས།

གད་སྙིགས་འཐུ་བའི་སྐབས་སུ་ཚེ་འཕེལ་གྱིས་ཆུང་དུས་ནས་དཀོན་མཆོག་ལྷ་མོ་རྗེས་སུ་ཁྲིད་པ་རེད། དེའི་རྐྱེན་གྱིས་དཀོན་མཆོག་ལྷ་མོའི་དྲན་པའི་ངོས་སུ་ཨ་ཕས་ནམ་ཡང་གད་སྙིགས་འཐུ་བཞིན་ཡོད་ལ། སྐབས་དེར་མོས་ཨ་ཕ་ལགས་ཀྱིས་དེ་ལྟར་སྒྲུབ་པའི་ནང་དོན་མ་རྟོགས་པ་རེད།

དཀོན་མཆོག་ལྷ་མོས། “ལོ་རེའི་རྟ་རྒྱུག་དུས་ཆེན་གྱི་སྐབས་སུ། འཇའ་ཐང་རྩྭ་ཐང་དུ་རས་གུར་སྐར་ཚོགས་བཀྲ་བ་ལྟར་ཕུབ་ཅིང་མི་ཚོགས་ལང་ལོང་དུ་འཁོར། སྐབས་དེ་ནི་ཁོ་ཚང་གི་བཟའ་མི་གང་བོར་མཚོན་ན་བྲེལ་བ་ཆེས་ཆེ་བའི་སྐབས་ཡིན། དེ་ནི་རྟ་རྒྱུག་ལ་བལྟ་བར་བྲེལ་བ་མིན་པར། གད་སྙིགས་འཐུ་བར་བྲེལ་བ་ཡིན། བྱིས་པ་གཞན་རྣམས་ཀྱིས་གཙང་ཞིང་མཛེས་པའི་ལྭ་བ་གྱོན་ཏེ་ཟ་མ་ཞིམ་པོ་ཟ་ཞིང་སྐོམ་ཆུ་ཞིམ་པོ་འཐུང་བཞིན་དགའ་སྤྲོས་རྩེད་འཇོར་རོལ་བའི་སྐབས་སུ། ང་དང་ཕུ་བོ་རྣམས་ཀྱིས་ལུས་ལ་ནག་ནོག་འགོས་པའི་ལྭ་བ་གྱོན་ནས་གནས་དེ་རུ་གད་སྙིགས་འཐུས་པ་ཡིན ”ཟེར།

2016ལོའི་ཉིན་ཞིག་ལ། ཚེ་འཕེལ་གྱིས་དུས་རྒྱུན་ལྟར་ལོ་ན་དྲུག་ཅན་གྱི་དཀོན་མཆོག་ལྷ་མོ་ཁྲིད་ནས་འཇའ་ཐང་རྩྭ་ཐང་དུ་གད་སྙིགས་འཐུ་བའི་སྐབས་སུ། མིང་མི་ཐོགས་པའི་རྫིང་བུ་ཞིག་གི་འགྲམ་དུ་བྱ་ཁྱུ་ཞིག་གིས་རླུང་གི་རྒྱུ་བར་བརྟེན་ནས་གཤོག་རྩལ་ངོམ་བཞིན་པ་དེས་དཀོན་མཆོག་ལྷ་མོའི་ཡིད་དབང་ཕྲོགས།  ཨ་ཕས་མོར“འདི་ནི་ཁྲུང་ཁྲུང་སྐེ་ནག་རེད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རེད། ང་ཚོའི་སྐྱེ་ཁམས་ཇེ་བཟང་དུ་སོང་ན་འདབ་ཆགས་ཀྱི་འཁོར་ཚད་ཇེ་མང་དུ་འགྲོ་ངེས་པས། ཡུལ་འདི་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་ཡིན”ཞེས་བཤད།

དུས་དེ་ནས་བཟུང་། ཚེ་འཕེལ་གྱིས་དཀོན་མཆོག་ལྷ་མོར་ལག་འཇུ་བྱས་ཏེ། སྦྲ་གུར་འདི་ནས་ཕ་རོལ་བར་དང་ཉི་ཤར་ནས་ཉི་ནུབ་བར་དུ་གད་སྙིགས་འཐུས་ཤིང་། འགྱིག་ཤོག་ཁུག་མ་དང་སྐོམ་ཆུ་དམ་བེ་སོགས་ག་ཚོད་ཅིག་བཏུས་ཡོད་པ་དོན་ངོ་མས་དཀོན་མཆོག་ལྷ་མོས་ཀྱང་མི་ཤེས་མོད། ཡིན་ནའང་མོའི་སེམས་སུ་འཇའ་ཐང་གི་རྒྱང་རིང་བའི་རི་བོ་དང་ཉེ་འདབས་ཀྱི་ཆུ་བོ་སོགས་ཇེ་མཛེས་ཇེ་དྭངས་སུ་འགྲོ་བཞིན་ཡོད་ཅིང་།  ནམ་ཞིག་གི་དུས་ན་གནམ་སྔོན་པོ་དང་སྤྲིན་དཀར་པོ་ལྟར་དྭངས་ཤིང་གཙང་བ་ཞིག་ཏུ་གྱུར་ཏེ། མོ་དང་མོའི་ཨ་ཕ་གཉིས་ཀྱི་གཅིག་མཐུན་གྱི་འདུན་མ་མངོན་འགྱུར་འབྱུང་སྲིད།

རྩྭ་ཐང་སྲུང་པ་ནི་བདེ་སྐྱིད་ཅིག་རེད།

“རྗེས་ཕྱོགས་འཁྱིག་ཤོག་ཁུག་མ་མེ་ལ་སྒྲོན་མི་དགོས་པ་དང་། ས་འོག་ཏུའང་སྦ་མི་དགོས་པར། གཅིག་གྱུར་གྱིས་ཕྱིར་བསྡུ་བྱས་རྗེས་གད་སྙིགས་སྡུད་ཚིགས་སུ་བསྐྱལ་ཆོག”

གཟའ་འཁོར་རེའི་གཟའ་ཕུར་བུ་ཉིན་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭར་ཁོར་སྲུང་སློབ་ཐུན་ཞིག་ཡོད་ལ། དེ་ནི་དཀོན་མཆོག་ལྷ་མོ་ཆེས་ཉན་རྒྱུར་དགའ་བའི་སློབ་ཐུན་ཞིག་རེད།

དཀོན་མཆོག་ལྷ་མོས་དགེ་རྒན་གྱིས་ཁྲིད་པའི་ཁོར་སྲུང་རྒྱུན་ཤེས་རེ་རེ་ནན་ཏན་གྱིས་ཟིན་བྲིས་སུ་བཀོད་ཡོད། སློབ་ཐུན་གྱི་སྐབས་སུ་མོས་སྐྱེ་ཁམས་ཁོར་ཡུག་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཤེས་སོང་།

སྐྱེ་ཁམས་བསླབ་ཚན་གྱི་དགེ་རྒན་བསོད་འཕེལ་གྱིས།“དཀོན་མཆོག་ལྷ་མོ་ནི་ང་ཚོའི་འཛིན་གྲྭའི་སྐྱེ་ཁམས“ཁོར་སྲུང་པ་ཆུང་ཆུང”ཞིག་ཡིན་ལ། མོར་སྐྱེ་ཁམས་ཁོར་སྲུང་ཐད་དགའ་ཞེན་ཁྱད་པར་བ་ཞིག་ཡོད་པས། མོས་སློབ་ཁྲིད་ཀྱི་སྐབས་སུ་སྦྱངས་པའི་ཤེས་བྱ་ཚང་མ་ལག་ལེན་ཏུ་བསྟར་ཐུབ་ལ། མོ་ནི་རང་ཉིད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་རྐང་འོག་གི་ས་གཞིར་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན”ཞེས་བཤད།

དགེ་རྒན་བསོད་འཕེལ་གྱིས་བཤད་པ་ནང་བཞིན། སློབ་གྲྭའི་ནང་དུའང་དཀོན་མཆོག་ལྷ་མོས་རྒྱུན་དུ་གད་སྙིགས་འཐུ་རྒྱུ་བརྗེད་མེད། སློབ་གྲྭའི་བར་ཁྱམས་དང་། རྩལ་སྦྱོང་ར་བ་སོགས་སུ་ནམ་ཡང་མོས་གད་སྙིགས་འཐུ་བཞིན་པའི་རྒྱབ་གཟུགས་མཐོང་ཐུབ།

མི་མང་པོ་ཞིག་གིས་དཀོན་མཆོག་ལྷ་མོར“མཐོ་སྒང་གི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བས་གད་སྙིགས་འཐུ་དགོས་དོན་ཡོད་དམ”ཞེས་འདྲི་སྐབས།

“རྩྭ་ཐང་འདི་རུ་འཚོ་བ་རོལ་བཞིན་པའི་འབྲོག་པ་ཞིག་ལ་མཚོན་ན། རྩྭ་ཐང་སྲུང་སྐྱོབ་དང་རྩྭ་ཐང་ལ་དགའ་ཞེན་བྱེད་རྒྱུ་ནི་ལྷན་སྐྱེས་ཀྱི་འགན་འཁྲི་ཡིན་ལ། རྩྭ་ཐང་གི་བུ་ཕྲུག་རྣམས་ཀྱིས་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ཀྱི་གཞིས་ཁྱིམ་ལ་སྲུང་སྐྱོབ་བྱེད་པ་ཡིན་པས། འདི་ནི་ང་ཚོས་བསྒྲུབ་འོས་པ་ཞིག་རེད”ཅེས་དཀོན་མཆོག་ལྷ་མོས་བབ་ཆགས་ཤིང་སེམས་འགུལ་ཐེབས་པའི་ལན་ཞིག་འདེབས་སྲིད་པ་དང་། དེ་ནི་མོའི་སེམས་སུ་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་དེ་ནི་བདེ་སྐྱིད་ཅིག་ཏུ་སྒོམ་བཞིན་པའི་ཕྱིར་རོ།།

སློབ་གྲྭ་ལས་གཞན། ཉིན་རེར་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་པའི་ལམ་བར་དུ། ལམ་འགྲམ་གྱི་གད་སྙིགས་རེ་རེ་བཏུས་ནས་སྙིགས་སྒམ་ནང་དུ་འཕེན་པ་ནི་མོའི་གོམས་གཤིས་ཤིག་ཏུ་གྱུར་ཡོད་ལ། གོམས་གཤིས་དེ་ནི་སློབ་ཆུང་ལོ་རིམ་དང་པོ་ནས་ད་རག་བར་རྒྱུན་འཁྱོངས་བྱས་པ་རེད།

སློབ་གྲྭའི་སློབ་སྦྱོང་དང་ཁྱིམ་མཚེས་ཀྱི་གཅེས་སྐྱོང་སོགས་ཀྱིས་དཀོན་མཆོག་ལྷ་མོ་སྔར་བས་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་ལམ་དུ་བསྐྱོད་དེ། རང་ཉིད་ཀྱི་ལུས་པོ་ཆུང་ཆུང་ལ་བརྟེན་ནས་དྲང་ནུས་ཆེན་པོ་ཞིག་བརྒྱུད་སྒྲོག་བྱེད་རྒྱུའི་སྤོབས་པ་བསྩལ།

“པར་འདི་ནི་ངའི་ཨ་ཕས་ན་ནིང་བླངས་པ་ཡིན་ལ། འདིའི་སྟེང་དུ་བསྡོམས་པས་ཁྲུང་ཁྲུང་སྐེ་ནག་བཅུ་གཅིག་ཡོད། ཁོ་ཚོ་ལོ་རེ་རེའི་དཔྱིད་ཀར་འདི་རུ་འཕུར་ཡོང་སྟེ་རྒྱུད་སྤེལ་བཞིན་ཡོད”ཅེས་དཀོན་མཆོག་ལྷ་མོའི་ཁྱིམ་དུ་མོས་ཨ་ཕས་བླངས་པའི་འདྲ་པར་སྟོན་བཞིན་སློབ་གྲོགས་རྣམས་ལ་འདྲ་པར་སྟེང་གི་གཏམ་རྒྱུད་བཤད་ཀྱིན་འདུག

དོན་འགྲུབ་མཚོ་མོ་ནི་དཀོན་མཆོག་ལྷ་མོའི་འཛིན་གྲྭའི་འཛིན་གཙོ་ཡིན་ལ། མོས“ང་ཚོ་ཚང་མ་དཀོན་མཆོག་ལྷ་མོས་བཤད་པའི་སྐྱེ་ཁམས་གཏམ་རྒྱུད་ལ་ཉན་རྒྱུར་ཧ་ཅང་དགའ”ཞེས་བཤད།

དཀོན་མཆོག་ལྷ་མོའི་གད་སྙིགས་འཐུ་བའི་བྱ་སྤྱོད་དེ་ཐོག་མར་སློབ་གྲོགས་རྣམས་ཀྱིས་གོ་བ་མི་ལོན་པ་དང་ཁས་ལེན་མ་ཐོབ་པར། དཀོན་མཆོག་ལྷ་མོ་དང་མཉམ་དུ་རྩེད་མཁན་མེད་པར་གྱུར།

ཡིན་ནའང་དཀོན་མཆོག་ལྷ་མོའི་འཛིན་བདག་དགེ་རྒན་རིན་ཆེན་གྱིས་ནམ་ཡང་མོར་སྐུལ་ལྕག་བཏང་བ་དང་། མོ་འཛིན་གྲྭའི་ངལ་རྩོལ་འཛིན་གཙོ་ལ་བསྐོ་བཞག་བྱས་པས་སློབ་གྲོགས་རྣམས་ཀྱིས་ཀྱང་དཀོན་མཆོག་ལྷ་མོར་ངོས་འཛིན་གསར་པ་ཐོབ།

འཕྲིན་ལས་སྒྲོལ་དཀར་ནི་འཛིན་གྲྭའི་སློབ་སྦྱོང་ཨུ་ཡོན་ཡིན་ལ། མོས“ང་ཚོས་རྒྱུན་དུ་དཀོན་མཆོག་ལྷ་མོ་དང་མོའི་ཨ་ཕ་གཉིས་ཀྱི་གཏམ་རྒྱུད་ཐོས་ཤིང་། སེམས་འགུལ་ཐེབས་པས་ང་ཚོས་ཁོ་མོར་སློབ་སྦྱོང་བྱས་ཏེ་ང་ཚོའི་ཁྱིམ་གཞིས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས”ཟེར།

སློབ་གྲོགས་རྣམས་ཀྱི་ཁས་ལེན་ཐོབ་པས། དཀོན་མཆོག་ལྷ་མོས་རང་འགུལ་གྱིས་ངོ་མཚར་བའི་སྐྱེ་ཁམས་ཀྱི་གཏམ་རྒྱུད་རེ་རེ་ཚང་མར་བཤད་པ་དང་། ཁོ་ཚོར་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་བཤད་དེ་ཚང་མར་རང་ཉིད་ཀྱིས་ཅི་ཞིག་ལས་བཞིན་པ་ཤེས་སུ་བཅུག

དཀོན་མཆོག་ལྷ་མོས“ངས་རང་ཉིད་ཀྱི་ལག་ལེན་བརྒྱུད་ནས། ཚང་མར་གད་སྙིགས་གང་སར་འཕེན་དུ་མ་བཅུག་ན། ད་གཟོད་ང་ཚོའི་རྩྭ་ཐང་སྔར་བས་སྔོ་ལྗང་དང་ནམ་མཁའ་སྔར་བས་སྔོ་བསངས། ཆུ་བོ་སྔར་བས་དྭངས་གཙང་དུ་འགྱུར་ཐུབ”ཟེར།

རིམ་བཞིན་དཀོན་མཆོག་ལྷ་མོའི་བྱ་སྤྱོད་དེ་འཇའ་ཐང་རྩྭ་ཐང་གི་དཔེ་སྟོན་ལེགས་པོ་ཞིག་ཏུ་གྱུར་པ་དང་། ཚང་མས་ཀྱང་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་ཤེས་པར་གྱུར་ལ། མཐོ་སྒང་གི་སྐྱེ་ཁམས་ཧ་ཅང་ཉམ་ཆུང་བས་རྩྭ་ཐང་བརྒྱུད་སྐབས་རླངས་འཁོར་གྱི་སྒེའུ་ཁུང་ནས་གད་སྙིགས་འཕེན་མི་རུང་བ་དང་། རྩྭ་ཐང་ནས་ངལ་གསོ་སྐབས་རང་གི་གད་སྙིགས་རང་གིས་ངེས་པར་འཐུ་དགོས་པ་ཤེས་པར་གྱུར།

དུས་ཚོད་བར་མེད་དུ་འདས་ཏེ། ད་ལྟ་དཀོན་མཆོག་ལྷ་མོ་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་། རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་དང་གྲོག་མ་ཚོགས་སྒྲིལ་གྱིས་མཉམ་དུ་སྤེལ་བའི“མི་རེ་རེས་ས་ལག་མཐིལ་ཙམ་ནས་མགོ་བརྩམས་ཏེ། མཉམ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས”ཞེས་པའི་བྱེད་སྒོར་ཞུགས་ཏེ། མིང་དོན་དང་མཚུངས་པའི་ཁོར་སྲུང་པ་ཆུང་ཆུང་ཞིག་ཏུ་གྱུར་ཡོད།

དྲིན་ཆེན་གྲོང་རྡལ་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭའི་སློབ་གཙོ་པ་སངས་ཀྱིས“དཀོན་མཆོག་ལྷ་མོའི་གཟུགས་གཞི་ཆུང་ནའང་།བརྒྱུད་སྒྲོག་བྱེད་ཀྱིན་པ་ནི་དྲང་ནུས་རྐྱང་རྐྱང་ཡིན། བྱ་འགུལ་འདིར་ཞུགས་པའི་སྐབས་སུ། མོ་ནམ་ཡང་ཆེས་མདུན་གྲལ་དུ་མཆོངས་ནས་ལས་ཀ་གང་ཞིག་བཙོག་པའམ་གང་ཞིག་ལྗིད་ན་དེར་འཇུ་བ་དང་། སྡུག་ལ་མི་སྐྲག་ཅིང་དཀའ་ངལ་ལ་མི་འཛེམས་པའི་སྙིང་སྟོབས་འདིའི་རིགས་ལ་ང་ཚོ་ཚང་མས་སློབ་སྦྱོང་བྱས་ན་འགྲིག”ཟེར།

ད་ལྟ། དཀོན་མཆོག་ལྷ་མོས་འཚོ་བ་རོལ་སའི་རྩྭ་ཐང་དེ་གཙང་མར་གྱུར་ཡོད། མཐའ་འཁོར་གྱི་རི་དྭགས་དང་རྩྭ་རྩི་ཤིང་སྣ་མང་ཅན་དུ་གྱུར་ཏེ། རི་དྭགས་མང་པོ་ཞིག་གིས་གནས་དེ་རུ་རྒྱུད་སྤེལ་བྱེད་མགོ་བརྩམས། མོའི་བྱས་རྗེས་ལ་ཡི་རང་བྱེད་མཁན་ཇེ་མང་ནས་ཇེ་མང་རེད། གཙང་གསུམ་འབྱུང་ཡུལ་དང་འཇའ་ཐང་རྩྭ་ཐང་དུ་དཀོན་མཆོག་ལྷ་མོ་དང་འདྲ་བའི་ཁོར་སྲུང་པ་ཆུང་ཆུང་མང་པོ་བྱུང་། དུས་ཆེན་དང་གུང་གསེང་གི་སྐབས་སུ་རྩྭ་ཐང་དུ་སོང་ནས་གད་སྙིགས་འཐུ་བ་དང་རྩྭ་ཐང་སྲུང་སྐྱོབ་བྱས་ཏེ། ཁོ་ཚོའི་སེམས་ཁོང་གི་དག་ཞིང་དེར་སྲུང་སྐྱོབ་བྱེད་ཅི་ཐུབ་བྱེད་ཀྱིན་ཡོད། 

                                                                       ཡིག་སྒྱུར་བ། གཡང་འབུམ་རྒྱལ།