“པར་རྒྱག་ཐུབ་སོང་། པར་རྒྱག་ཐུབ་སོང་། དེ་རིང་གཞི་ནས་བྱིའུ་ཆུང་ཁྱུ་དང་ཁྱུ་བྱས་ནས་འཕུར་བའི་པར་ཞིག་བརྒྱབ་བྱུང་། བསྡོམས་པས་བྱིའུ་ཆུང་བརྒྱ་དང་ཞེ་ལྔ་ཡོད།” ཚེ་དབང་རྣམ་རྒྱལ་གྱིས་དགའ་སྤྲོའི་ངང་ཁོའི་སྔ་དྲོ་གཅིག་ལ་པར་བླངས་པའི་གྲུབ་འབྲས་ངོམ་བཞིན་ཡོད་པ་དང་། ལྭ་བ་ཟིལ་པས་བརླན་པར་བྱས་ཡོད།
ཚེ་དབང་རྣམ་རྒྱལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་ཡིན་པ་དང་། ཁོ་ལ་ཀུན་གྱིས་ཤེས་པའི་ཐོབ་ཐང་ཞིག་ཡོད་པ་ནི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པ་ཞིག་རེད།
2012ལོའི་དཔྱིད་དབྱར་གྱི་མཚམས་སུ། ཚེ་དབང་རྣམ་རྒྱལ་གྱིས་མདོ་སུམ་ཡུལ་ཚོ་ཤཱ་ལ་ཐང་དུ་ཁྲུང་ཁྲུང་མགོ་ནག་པར་ལེན་སྐབས། མགོ་ནས“བྱ་ནག་པོ”ཞིག་ཕར་འཕུར་ཚུར་འཕུར་བྱས་པས་སྐབས་དེ་དུས་བྱ་དེ་ངོ་ཤེས་མཁན་གཅིག་ཀྱང་མེད། ཁོས་ཡང་དང་བསྐྱར་དུ་ཞིབ་བསྡུར་བྱས་པ་བརྒྱུད། དེ་ནི་ཀྲུང་གོའི་གཅེས་ནོར་ཁྲུང་ཁྲུང་སྐེ་ནག་ཡིན་པ་ཤེས།
ཚེ་དབང་རྣམ་རྒྱལ་མཚན་གང་ལ་གཉིད་མ་ཁུག ཕྱི་ཉིན་ཞོགས་པ་སྔ་མོ་ནས་ཁྲུང་ཁྲུང་སྐེ་ནག་ལ་རྗེས་འདེད་པར་ལེན་བྱས། སྐབས་དེ་ནས་བཟུང་། ཁོས་ལོ་དགུ་ཡི་རིང་ལ་པར་ལེན་བྱས་པ་དང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་དེ་དང་ཐོག་གི་གཉིས་ནས་ད་ལྟ་བརྒྱད་བར་ཇེ་མང་དུ་ཕྱིན་ཡོད། “དང་ཐོག་ལས་ཀའི་དགོས་མཁོ་ཡིན་པ་དང་། དེ་ནས་རིམ་བཞིན་རང་ཉིད་ཀྱི་དགའ་ཕྱོགས་སུ་གྱུར། ཁྲུང་ཁྲུང་སྐེ་ནག་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་དེས་ཧི་ནན་རྫོང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་པ་ར་སྤྲོད་བྱས་ཡོད”ཅེས་ཚེ་དབང་རྣམ་རྒྱལ་དགའ་སྤྲོའི་ངང་དེ་ལྟར་བཤད།
2011ལོར་ཧི་ནན་རྫོང་ནགས་ལས་ཅུའུ་རུ་བྱ་བ་སྒྲུབ་བཞིན་པའི་ཚེ་དབང་རྣམ་རྒྱལ་གྱིས་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་བྱེད་པའི་བྱ་བ་ཐེངས་དང་པོ་སྤེལ་བ་རེད། གྲོན་དངུལ་མི་འདང་བ་དང་ཆེད་ལས་ཀྱི་པར་ལེན་མཁན་ཡང་མེད་པས་རང་ཉིད་ཀྱིས་པར་ལེན་མགོ་བརྩམས་པ་དང་། ཧི་ནན་རྫོང་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་པར་མང་པོ་བླངས་པ་རེད། ལོ་བཅུ་ཡི་རིང་ལ། ཁོ་ཧི་ནན་རྫོང་གི་རི་ཆུ་དང་གྲོག་རོང་སོགས་ག་ས་གང་དུ་བསྐྱོད་ནས་པར་བླངས་པས། ཧི་ནན་རྩྭ་ཐང་གི་མིང་དོན་མཚུངས་པའི་རི་སྐྱེས་སྲོག་ཆགས་ཀྱི“དཔྱད་ཡིག་མཛོད”དུ་གྱུར་ཡོད།
ཁོ་རང་བྱ་བ་འདིར་དགའ་དོན་ནི་རི་དྭགས་གསའ་ཡི་ཆེད་རེད། 2012ལོའི་ཟླ་བཞི་པར་ཧི་ནན་རྫོང་ཁོངས་སུ་གསའ་རྙེད་པ་དང་། ཚེ་དབང་རྣམ་རྒྱལ་དང་བཅས་པས་བྱ་བའི་ཚན་ཆུང་བཙུགས་ནས་ཟླ་བ་གཉིས་རིང་རྗེས་འདེད་པར་ལེན་བྱས། འོན་ཀྱང་གསའ་ཡི་འགུལ་སྐྱོད་གཟབ་ནན་ཡིན་པས་ཉེ་སར་སླེབས་རྒྱུ་སླ་མོ་མིན་པ་མ་ཟད། འགུལ་སྐྱོད་བྱ་ཡུལ་གྱི་ས་བབ་རྙོག་འཛིང་ཆེ་བ་དང་ད་དུང་དྲེད་མོང་ཡང་ཡོད་པས། པར་རྒྱག་པར་ཉེན་ཁ་ཧ་ཅང་ཆེ་ལ། མཐོ་གྲང་གནམ་གཤིས་ཀྱིས་ཀྱང་ལས་བྱེད་མི་སྣར་དཀའ་སྡུག་ཚད་མེད་མྱོང་དུ་བཅུག
2013ལོའི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་དང་ཚེས་ཉེར་གཉིས་ཉིན། བྱ་བའི་ཚན་ཆུང་གིས་ཉིན་མཐའ་དོ་དམ་ས་ཚིགས་སུ་གསའ་ཡི་རྗེས་ཤུལ་པར་བླངས། ཚེ་དབང་རྣམ་རྒྱལ་གྱིས་སྤྲོ་སེམས་འཕེལ་བའི་སྒོ་ནས་བཤད་རྒྱུར། “འདི་ནི་རྨ་ལྷོ་ཁུལ་གྱིས་ཁུལ་བཙུགས་པའི་ཚུན་ལ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཀྱི་གསོན་གཟུགས་ཤེས་རྟོགས་བྱེད་ཐེངས་དང་པོ་དེ་ཡིན་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་རིགས་ཁག་ཐེག་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆེད་དོན་རྒྱབ་སྐྱོར་ཐོབ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།” ཐེངས་དེའི་དམིགས་བསལ་གྱི་ཉམས་མྱོང་ལས་ཚེ་དབང་རྣམ་རྒྱལ་གྱིས་རང་བྱུང་ཁམས་ཆེན་མོའི་ངོ་མཚར་མྱོང་རོལ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པའི་ལམ་བུའི་ཐོག་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བསྐྱོད་པ་རེད།
2011ལོ་ནས་བཟུང་། ཚེ་དབང་རྣམ་རྒྱལ་གྱིས་བྱ་བའི་བར་གསེང་དུ་དུས་ཚོད་མང་པོ་སྤྱད་ནས་རི་མགོ་དང་ནགས་ཚལ་དུ་བསྐྱོད་དེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་པར་ལེན་དང་། ལྟ་ཞིབ་ཚད་ལེན། ཟིན་ཐོར་འགོད་པ་བཅས་བྱས་ནས་ཁྲུང་ཁྲུང་མགོ་ནག་དང་ཁྲུང་ཁྲུང་སྐེ་ནག མཐོ་སྒང་གི་རྩི་ཤིང་སོགས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ད་ལྟའི་བར། རི་སྐྱེས་འདབ་ཆགས་རིགས་སྣ་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་དང་རི་སྐྱེས་སྲོག་ཆགས་རིགས་ལྔ་བཅུ་ལྷག་ཙམ་པར་ལེན་བྱས་པ་དང་། སོག་བོད་སྨན་རྫས་དང་དེ་མིན་མཐོ་སྒང་གི་རྩི་ཤིང་རིགས་བརྒྱད་བརྒྱ་ལྷག་ཙམ་པར་བླངས་ཡོད། གང་དུ་རྩི་ཤིང་ག་འདྲ་སྐྱེས་བཞིན་ཡོད་པ་དང་སྲོག་ཆགས་ཅི་ཞིག་འཚོ་སྡོད་བྱེད་ཀྱིན་པ་ཁོས་སེམས་སུ་གསལ་བོར་ཤེས་ཡོད། “ལོ་འདི་དག་གི་རིང་ལ། ཧི་ནན་རྫོང་ཁོངས་སུ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་སྔོན་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་ད་ལྟ་རྩྭ་ཐང་དང་རི་མགོ་རུ་མཐོང་ཐུབ་པ་དེ” ཁོས་མཚོ་སྔོན་གྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པའི་འབྲས་བུ་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད།
ཁོ་ལོ་ན་གཞོན་དུས་ག་ས་གང་དུ་རྒྱུགས་ཐུབ་པ་དང་། རི་གསེབ་ཏུ་སོང་ནས་སྲོག་ཆགས་པར་ལེན་གྱིན་ཡོད། ད་ལྟ་རྒས་སོང་བས་ཐག་རིང་པོར་འགྲོ་མི་ཐུབ་ལ། ཐག་ཉེ་ས་ནས་ཤ་མོའི་རིགས་དང་འབུ་སྲིན་གྱི་རིགས་པར་ལེན་གྱིན་ཡོད། ཁོས་བསམ་ན། སྐྱེ་ཁམས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་མི་ཚང་མས་ལྡོག་མེད་ཀྱི་འགན་འཁྲི་ཞིག་ཡིན་པ་མ་ཟད། ད་དུང་བྱ་བ་མང་པོ་ཞིག་བསྒྲུབ་ཆོག “ངའི་བསམ་འདུན་ནི་པར་ཆས་ལ་བརྟེན་ནས་ཧི་ནན་རྫོང་གི་འདབ་ཆགས་དང་ཉ་རིགས། རི་དྭགས་བཅས་ཟིན་ཐོར་བཀོད་དེ། ཞིབ་ཕྲའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དཔྱད་ཡིག་མཛོད་ལེགས་སྒྲིག་བྱས་ནས། མི་རྣམས་ལ་དྭངས་གཙང་གི་ཚེ་སྲོག་ཆ་འཕྲིན་ཚོར་དུ་འཇུག་པ་དང་། མི་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོར་དགའ་ཞེན་དང་རང་བྱུང་ཁམས་ཆེན་མོར་སྲུང་སྐྱོབ་བྱ་རྒྱུར་འབོད་སྐུལ་བྱེད་རྒྱུ་དེ་ཡིན”ཟེར།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།