ལོ་ངོ་ཉི་ཤུའི་རིང་ལྷག་བསམ་རྣམ་དག་གིས་དགོ་བ་སྲུང་སྐྱོབ་ཀྱི་ལས་ལ་གཞོལ་མཁན།
2022.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

དགོ་བ་ནི་འཛམ་གླིང་སྟེང་འཇིགས་ལ་ཉེ་བའི་སྲོག་ཆགས་ཤིག་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པ་དང་། མིག་སྔར། མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ་ཁོ་ནར་ཁྱབ་ཡོད། ཆོས་རྗེ་རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་དགོ་བ་ནི་སྒེར་ཚུགས་ངང་འཚོ་གནས་བྱེད་ཐུབ་པའི་རིགས་རྒྱུད་ཁྱུ་ཚོགས་ཤིག་ཡིན་ཞིང་། སྲུང་སྐྱོབ་ས་ཁུལ་མིན་པའི་ཁོངས་སུ་གཏོགས། 2020ལོར། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡིས་འཇིགས་ལ་ཉེ་བའི་སྲོག་ཆགས་ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། མཚོ་སྐོར་མཐའ་འཁོར་དུ་གུང་ཧོ་རྫོང་ཆོས་རྗེ་ཡུལ་ཚོའི་ཁྱབ་ཁུལ་དྲུག་གི་ལྟ་ཞིབ་ཚད་ལེན་ས་ཁུལ་བཅོ་ལྔ་ཚུད་ཡོད་པ་དང་། བསྡོམས་པས་སྤྱི་ལེ་ངོས་སྙོམས་གྲུ་བཞི་བཞི་བརྒྱ་དགུ་བཅུ་ལྷག་གི་ཁྱབ་ཁོངས་ནང་དགོ་བའི་གྲངས་ཀ་ཇེ་མང་དུ་སོང་ཡོད་པ་ལྟ་ཞིབ་ཚད་ལེན་བྱས་ལ། ལོ་བཅུ་ཡི་ནང་ལྡབ་བཞི་ལྷག་ཙམ་འཕར་ནས། མིག་སྔར་སྟོང་གཉིས་དང་བདུན་བརྒྱ་བརྒྱད་ཅུ་ལྷག་ཙམ་ཟིན་ཡོད།

མཚོ་སྔོན་པོའི་ལྷོ་ནུབ་ཕྱོགས་སུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཞིག་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་དེ་ལ་ཆོས་རྗེ་རྩྭ་ཐང་ཞེས་འབོད་བཞིན་ཡོད། དོག་ཅིང་རིང་བའི་གྲོག་རོང་གཞོགས་གཉིས་སུ་མཐོ་ཚད་དམའ་བའི་རི་བོ་མང་པོ་ཞིག་མུ་འབྲེལ་ནས་མུ་མཐའ་མེད་པའི་ཚྭ་འདམ་གཞོང་སར་སྣུར་སྲིང་བྱས་ཡོད། ཐག་རིང་གི་ཕྱོགས་སུ་བལྟས་ཚེ། མུ་མཐའ་མེད་པའི་རྩྭ་ཐང་སྟེང་རླུང་ཤུགས་གློག་སྡོང་གིས་ཁེངས་ཡོད་པ་དང་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་འཁོར་གྱིན་ཡོད། དེང་རབས་ཅན་གྱི་ཉམས་འགྱུར་གྱིས་ཁེངས་པའི་རྩྭ་ཐང་དེའི་སྟེང་དགོ་བ་ཁྱུ་དང་ཁྱུ་བྱས་ནས་འཚོ་བཞིན་ཡོད་ལ། དགོ་བ་ཡོད་པས་ཆོས་རྗེ་རྩྭ་ཐང་དུ་དུས་ཚིགས་བཞི་ལ་གསོན་ཤུགས་ཀྱིས་ཁེངས་ཡོད།

ཆོས་རྗེ་རྩྭ་ཐང་གི་དགོ་བ།

གནམ་བྱམས་ཡག

ལུས་སྨན་ཁང་དུ་ཡོད་ཀྱང་སེམས་རྩྭ་ཐང་དུ་གནས་ཡོད།

མཚན་མོར། བྲེལ་འཚུབ་ཆེ་བའི་སྨན་ཁང་དེ་ལྷིང་འཇགས་སུ་གྱུར་པ་དང་ནད་ཁྲིའི་ཐོག་ཉལ་པའི་གནམ་བྱམས་ཡག་གཉིད་མ་ཁུག་པར་བསྡད་ཡོད། ཁོ་རང་རྫོང་མཁར་གྱི་སྨན་ཁང་དུ་བསྡད་ཡོད་ཀྱང་སེམས་སྔ་མོ་ནས་ཕ་ཡུལ་ཆོས་རྗེ་རྩྭ་ཐང་དུ་འཁོར་ཡོད།  ད་ལྟ་དགོ་བ་སྡེབ་སྦྱོར་བྱེད་པའི་དུས་ཚིགས་སུ་སླེབས་ཡོད་པས། ཁོས་དགོ་བར་ཁྱི་ལྡོམ་གྱི་འཇབ་རྒོལ་ཕོག་པར་སེམས་ཁྲལ་བྱེད་ཀྱིན་ཡོད།

གནམ་བྱམས་ཡག་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཡུལ་ཚོ་རྒྱ་སྐོར་སྡེ་བའི་དེ་སྔའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད།

ལོ་ཉི་ཤུའི་རིང་ལ། གནམ་བྱམས་ཡག་གིས་ཨ་ཕ་ཡི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དགོ་བ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར།

ཞོགས་པ་སྔ་མོ་ནས་བྱེས་བགྲོད་རླངས་འཁོར་ཆོས་རྗེ་རྩྭ་ཐང་གི་ཕྱོགས་སུ་བསྐྱོད་སྐབས་གནམ་བྱམས་ཡག་གི་སེམས་ཧ་ཅང་དགའ་པོ་བྱུང་། ཐེངས་རེར་གུང་ཧོ་རྫོང་ནས་ཆོས་རྗེ་རྩྭ་ཐང་དུ་ལོག་ཐེངས་རེར་ཁོའི་སེམས་པ་ཧ་ཅང་སྤྲོ། ཁོས་བཤད་རྒྱུར། ཁོ་རང་རྩྭ་ཐང་ལ་དགའ་བ་དང་རྩྭ་ཐང་སྟེང་བག་ཡངས་སུ་རྒྱུ་བའི་དགོ་བ་ལ་དེ་ལས་ཀྱང་དགའ་ཟེར།

ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས་ཆོས་རྗེ་རྩྭ་ཐང་མིག་ལམ་དུ་ཤར་འོང་། “ཁྱོད་ཀྱིས་ལྟོས་དང་། གཡས་ཕྱོགས་ཀྱི་རླུང་ཤུགས་གློག་སྡོང་འོག་ཏུ་དགོ་བ་ཁྱུ་ཞིག་འདུག”ཅེས་གནམ་བྱམས་ཡག་གིས་དེ་ལྟར་བཤད། རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་རྒྱང་ལྟ་བྱེད་སྐབས། མིག་ལམ་དུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་མངོན་པ་དང་། ཞིབ་ལྟ་ཞིག་བྱས་ཚེ་ཐག་མི་རིང་བའི་གཤོང་སར་དགོ་བ་བདུན་བརྒྱད་ཙམ་གྱིས་ཁོམ་ལོང་མེད་པར་ལྟོ་འཚོལ་གྱིན་ཡོད།

ལོ་མང་པོའི་རིང་དགོ་བར་སྲུང་སྐྱོབ་བྱས་སྟབས། གནམ་བྱམས་ཡག་གིས་ཆོས་རྗེ་རྩྭ་ཐང་སྟེང་གི་དགོ་བས་ས་ཆ་གང་དུ་ལྟོ་འཚོལ་བ་དང་ཆུ་ག་དུས་འཐུང་བ་ཁོས་གསལ་བོར་ཤེས་ཀྱིན་ཡོད་ལ། དགོ་བའི་འཚོ་བའི་གོམས་གཤིས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཡོད།

གནམ་བྱམས་ཡག་གིས་བཤད་རྒྱུར། “དགོ་བ་ནི་རྣམ་རིག་རྒོད་པའི་སྲོག་ཆགས་ཤིག་ཡིན་པས་ཁྱོད་ཀྱིས་དེར་ལྟ་རྟོག་ཡག་པོ་བྱས་ཚེ། དུས་རྒྱུན་ཁྱོད་ལ་བརྟེན་ངེས་རེད”ཟེར།

རླངས་འཁོར་ཆོས་རྗེ་རྩྭ་ཐང་དུ་སླེབས་རྗེས་དགོ་བའི་གཟུགས་བརྙན་ག་ས་གང་དུ་མཐོང་རྒྱུ་ཡོད། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་དགོ་བ་འཚོ་སྡོད་བྱེད་པའི་ཁྱིམ་གཞིས་ཤིག་ཡིན་ཞིང་། ཁོ་ཚོས་མགོ་བསྒུར་ནས་ལྟོ་འཚོལ་བ་དང་ཡང་ན་རྩེད་མོ་རྩེད་ནས་དགུན་དུས་ཀྱི་ཁུ་སིམ་པའི་འཚོ་བ་ལོངས་སྤྱོད་བྱེད་ཀྱིན་ཡོད།

དགོ་བའི་ཟས་འཚོལ་བཞིན་པ།


དགོ་བ་རྩྭ་ཐང་དུ་མཆོང་སྐྱོད་བྱེད་བཞིན་པ།

ལྟ་སྲུང་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་།

གནམ་བྱམས་ཡག་ཚང་གི་མཛོད་ཁང་ནང་དུ་སྔོ་རྩྭ་མང་པོ་ཉར་ཚགས་བྱས་ཡོད། བསྡམས་བུ་བརྒྱབ་པའི་སྔོ་རྩྭ་ནི་ཁོས་དགོ་བར་གྲ་སྒྲིག་བྱས་པའི་དགུན་སྒྲོལ་གྱི་གཟན་ཆས་རེད། དགུན་ཚུགས་པ་ནས་བཟུང་། རྩྭ་དང་རྩི་ཤིང་སོགས་སྐམ་ནས་དགོ་བའི་ཟས་འཚོལ་རྒྱུ་དེ་དཀའ་གནད་ཅིག་ཏུ་གྱུར་ཡོད་པས། གནམ་བྱམས་ཡག་གིས་སྡེ་མིའི་སྣེ་ཁྲིད་དེ་དགོ་བའི་ཟས་འཚོལ་བའི་གནས་སུ་གཟན་རྩྭ་སྟེར་དུ་སོང་།

ཆོས་རྗེ་རྩྭ་ཐང་གི་སྤྱི་ལེ་སུམ་ཅུ་ཟིན་པའི་ས་ཁོངས་སུ་གྲངས་ཀ་མི་འདྲ་བའི་དགོ་བ་ཐར་ཐོར་དུ་ཁྱབ་ཡོད། ནངས་སྔ་མོ་ནས་གནམ་བྱམས་ཡག་གིས་སྔོ་རྩྭ་བཞག་པའི་ཟོག་འདྲེན་རླངས་འཁོར་ཆུང་ཆུང་ཞིག་སྐོར་ཏེ། དགོ་བ་འཚོ་སྡོད་གནས་སུ་གཟན་རྩྭ་དྲུད་པ་དང་། ཐེངས་གཅིག་སོང་ཚེ་སྔ་དྲོའི་གཅིག་གི་དུས་ཚོད་འགོར་གྱིན་ཡོད། རླངས་འཁོར་སྐོར་བ་དང་བསྡམ་བུ་བཤིག་པ། གཟན་ཆས་སྟེར་བ་བཅས་ས་ཆ་གང་དུ་སླེབས་ཀྱང་གནམ་བྱམས་ཡག་གིས་ལས་ཀ་གཅིག་མཚུངས་སྒྲུབ་ཀྱིན་ཡོད་ལ། ཁོས་ངལ་དུབ་ཀྱིས་མནར་བ་ཡང་མི་ཤེས་པར་དགོ་བའི་གཟན་རྩྭ་ཟ་བ་མཐོང་སྐབས་ཁོའི་བློ་སེམས་བདེ་ལ་བབས་ཡོད།

གནམ་བྱམས་ཡག་གིས་བཤད་རྒྱུར། ལོ་རེའི་དགུན་ཁར་ཁོ་རང་རྩྭ་ཐང་དུ་སོང་ནས་དགོ་བར་གཟན་ཆས་སྟེར་གྱིན་ཡོད་ལ། ཐན་སྐྱོན་ཕོག་པའི་ལོ་དང་འཕྲལ་སྐབས་ཁོས་གཟན་རྩྭ་སྔར་ལས་མང་པོ་གྲ་སྒྲིག་བྱས་ཏེ་དགོ་བར་སྟེར་བཞིན་ཡོད།  སྐབས་རེར་རང་ཁྱིམ་དུ་ཉར་ཚགས་བྱས་པའི་སྔོ་རྩྭའི་མ་འདང་ཚེ། ཁོས་རླངས་འཁོར་སྐོར་ནས་རྩྭ་ཐང་དུ་སོང་སྟེ་སྔོ་རྩྭ་ཉོས་ནས་དགོ་བ་དཀའ་གནད་ལས་སྒྲོལ་རོགས་བྱས་ཟེར།

རང་འགུལ་གྱིས་སྲུང་སྐྱོབ་རུ་ཁག་བཙུགས་པ།

ལོ་ངོ་ཉི་ཤུའི་སྔོན་ལ། གནམ་བྱམས་ཡག་གིས་སེམས་སུ་དགོ་བར་སྲུང་སྐྱོབ་བྱེད་རྒྱུ་ཐག་བཅད། དུས་རབས20པའི་ལོ་རབས90པའི་དུས་མཇུག་ཏུ། དགོ་བ་ལྐོག་རྔོན་བྱེད་པའི་དོན་རྐྱེན་ཡང་ཡང་བྱུང་། ཐེངས་རེར་ངོ་མི་ཤེས་པའི་མིས་ཉེ་འགྲམ་དུ་དགོ་བ་ཡོད་མེད་འདྲི་སྐབས། ཁོ་དང་གྲོགས་པོ་རྣམས་ཀྱིས་ཆོས་རྗེ་རྩྭ་ཐང་གི་དགོ་བ་སྔ་མོ་ནས་མེད་པར་གྱུར་ཡོད་ཅེས་བཤད་སྲིད།

གནམ་བྱམས་ཡག་གིས་བཤད་རྒྱུར། དང་ཐོག་སྲུང་སྐྱོབ་བྱེད་སྐབས་ཆོས་རྗེ་རྩྭ་ཐང་གི་དགོ་བ་དངོས་གནས་མཐོང་དཀོན་ལ་ཧ་ལམ་རྒྱུན་ཆད་ཡོད། གྲངས་ཀ་ཉུང་བའི་དགོ་བ་སྲུང་སྐྱོབ་བྱ་ཆེད། ཁོ་ཚོས་སྡེ་བའི་ནང་ཡོང་བའི་མི་ཆ་མེད་གཙོ་གནད་དུ་བཟུང་ནས་དོགས་ཟོན་བྱེད་ཀྱིན་ཡོད་པ་དང་། ཁོ་ཚོ་དགོ་བ་དང་ཉེ་བཅར་བྱེད་དུ་འཇུག་གིན་མེད་ཟེར།

2002ལོར། གནམ་བྱམས་ཡག་གིས་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་བ་དང་། གོ་གནས་འཁུར་མ་ཐག་ཁོས་དགོ་བ་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་ཉིན་རེའི་གྲོས་རིམ་ནང་བཅུག དགོ་བར་བདེ་འཇགས་དང་རྒྱ་ཆེ་བའི་འཚོ་སྡོད་ཁོར་ཡུག་ཅིག་བསྐྲུན་ཆེད། གནམ་བྱམས་ཡག་མཐའ་འཁོར་གྱི་སྡེ་བར་བསྐྱོད་དེ་ས་གནས་ཀྱི་འབྲོག་པའི་བསམ་བློའི་བྱ་བ་སྒྲུབ་པ་དང་སྡེ་མི་མཉམ་དུ་བསྡུས་ནས་ཚོགས་འདུ་འཚོགས་པ་རེད། སྡེ་མིའི་ཚོགས་ཆེན་ཐོག ཁོ་དང་ཉེ་འགྲམ་གྱི་སྡེ་བའི་བར་དགོ་བ་སྲུང་སྐྱོབ་བྱེད་པའི་གྲོས་མཐུན་བཞག གནམ་བྱམས་ཡག་གིས་བཤད་རྒྱུར། དགོ་བ་སྲུང་སྐྱོབ་བྱེད་པའི་ཚོགས་ཆེན་ཐོག ཚང་མས་དམ་བཅའ་བཞག་ནས་མཉམ་དུ་དགོ་བ་སྲུང་སྐྱོབ་བྱ་རྒྱུ་ཁག་ཐེག་བྱས་ཡོད་ཟེར།

གནམ་བྱམས་ཡག་གིས་རྒྱ་སྐོར་སྡེ་བའི་སྡེ་མི་རྩ་འཛུགས་བྱས་ཏེ་རང་འགུལ་ངང་དགོ་བ་སྲུང་སྐྱོབ་རུ་ཁག་བཙུགས། དུས་དེ་ནས་བཟུང་ཆོས་རྗེ་རྩྭ་ཐང་གི་དགོ་བ་སྲུང་སྐྱོབ་བྱེད་མཁན་ཡོད་པར་གྱུར་པ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡང་ཁོ་ཚོའི་སྤྲོ་སྐྱིད་གླིང་དུ་གྱུར་ཡོད།

གནམ་བྱམས་ཡག་གིས་དགོ་བར་བཅངས་པའི་བརྩེ་བ་ནི་ལྷད་མེད་པ་ཞིག་རེད། ལོ་གཉིས་ཀྱི་སྔོན་ལ། ཁོས་ཁྱིམ་མིས་ངོ་རྒོལ་ལ་མ་འཛེམས་པར་ཁྱིམ་གྱི་ནོར་ལུག་ཚང་མ་བཙོངས་ནས་རྩྭ་ཐང་དུ་དགོ་བ་འཚོ་སྡོད་བྱེད་དུ་བཅུག ཁོས་ཆོས་རྗེ་རྩྭ་ཐང་ནི་དགོ་བར་དབང་པས་ཁོ་ཚོ་ཡངས་ཤིང་རྒྱ་ཆེ་བའི་འཚོ་གནས་བྱ་ཡུལ་ཞིག་ཡོད་དུ་འཇུག་དགོས་ཞེས་བཤད།

དགོ་ཕྲུག་ཅིག་གསོན་དུ་བཅུག

གནམ་བྱམས་ཡག་གི་ཁྱིམ་དུ། སྐེ་ལ་དྲིལ་ཆུང་བཏགས་པའི་དགོ་ཕྲུག་ཞིག་གི་འདྲ་པར་ལྷང་ངེ་ཡོད། དགོ་ཕྲུག་དེ་ནི་གནམ་བྱམས་ཡག་གིས་སྐོར་གཡེང་བྱེད་པའི་ལམ་བར་དུ་རྙེད་པ་རེད། གནམ་བྱམས་ཡག་གིས་དགོ་ཕྲུག་ཏེ་མཐོང་སྐབས། དགོ་ཕྲུག་ཁེར་རྐྱང་གིས་རྩྭ་གསེབ་ཏུ་ལངས་ནས་ཨ་མ་འཚོལ་བཞིན་འདུག དགོ་ཕྲུག་ཁེར་རྐྱང་གི་རྣམ་པ་དེ་མཐོང་རྗེས། གནམ་བྱམས་ཡག་གིས་དགོ་ཕྲུག་པང་དུ་བཟུང་ནས་ཁྱིམ་དུ་གསོས་པ་རེད།

“དགོ་བ་ཁྱིམ་དུ་ཁྲིད་ཡོང་རྗེས། ངས་ཁོ་ལ་འོ་མ་བླུད་པ་དང་དྲོད་ཁང་ནང་འདུག་ཏུ་བཅུག ཟླ་བ་གཅིག་ལྷག་ཙམ་ལ་ལྟ་རྟོག་ཞིབ་མོ་བྱས་པས་ཁོའི་ལུས་པོ་རིམ་གྱིས་དྲག་སྐྱེད་བྱུང་།” གནམ་བྱམས་ཡག་གིས་བཤད་རྒྱུར། ཟླ་བ་གཅིག་ལྷག་ཙམ་ལ་བདག་སྐྱོང་བྱས་པས། དགོ་བ་དེ་ཁོའི་ཁྱིམ་གྱི་ཁོངས་མི་ཞིག་ཏུ་གྱུར་ཡོད། ཁོ་གང་དུ་སོང་ན་དགོ་བ་ནམ་ཡང་རྗེས་སུ་འདེད་ཀྱིན་ཡོད་ཟེར།

ཡངས་ཤིང་རྒྱ་ཆེ་བའི་ཆོས་རྗེ་རྩྭ་ཐང་དུ། དགོ་བ་དང་གནའ། སྤྱང་ཀི དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ཀྱིན་ཡོད། དགོ་བ་སྐྱེ་འཕེལ་དུས་ཚིགས་སུ་རྒྱུན་དུ་དགོ་མས་ཕྲུ་གུར་སྲུང་སྐྱོབ་བྱེད་ཆེད་ཚེ་སྲོག་ཤོར་བའི་གནས་ཚུལ་འབྱུང་བཞིན་ཡོད། སྐོར་གཡེང་བྱེད་སྐབས། ཁེར་རྐྱང་གི་དགོ་ཕྲུག་དང་འཕྲལ་སྐབས། གནམ་བྱམས་ཡག་དང་སྲུང་སྐྱོབ་རུ་ཁག་གི་ཁོངས་མིས་ཁོ་ཚོ་ཁྱིམ་དུ་ཁྲིད་ཡོང་བ་དང་། དེ་ཚོ་ནར་སོན་རྗེས་ཕྱིར་རྩྭ་ཐང་དུ་གཏོང་བཞིན་ཡོད།

གནམ་བྱམས་ཡག་གིས“ཆོས་རྗེ་རྩྭ་ཐང་གི་དགོ་བ་ནི་ངའི་ངོ་ཤེས་རྙིང་པ་ཡིན། སྐོར་གཡེང་བྱེད་ཐེངས་རེར་ངའི་གཟུགས་བརྙན་མཐོང་སྐབས་དེ་གར་བསྡད་ནས་རྒྱང་ལྟ་བྱེད་ཀྱིན་ཡོད”ཟེར།

གནམ་བྱམས་ཡག་གི་ཕུགས་འདུན།

གནམ་གཤིས་ལོ་གཅིག་ནང་གྲང་ངར་ཆེས་ཆེ་བའི་དུས་སུ་སླེབས་ཡོད་པ་དང་། ཆོས་རྗེ་རྩྭ་ཐང་དུ་དགོ་བ་སྡེབ་སྦྱོར་བྱེད་པའི་དུས་ཚིགས་སུ་འཁེལ་ཡོད། ཉིན་འདི་གཉིས་རིང་། གནམ་བྱམས་ཡག་གིས་སྐོར་གཡེང་ཐེངས་མང་བྱས་ནས་དགོ་བ་དག་བདེ་འཇགས་ཀྱི་ཁོར་ཡུག་ནང་སྡེབ་སྦྱོར་ཐུབ་པ་བྱས་ཡོད།

ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་གསར་འགོད་པ་ཆོས་རྗེ་རྩྭ་ཐང་གི་དབེན་གནས་སུ་སླེབས་ཡོད། ལམ་དེར་གནམ་བྱམས་ཡག་ཐེངས་ག་ཚོད་བསྐྱོད་མིན་མི་ཤེས་མོད། འོན་ཀྱང་། ཁོས་འཕྲུལ་རྟ་གཉིས་དང་ཟོག་འགྲུལ་རླངས་འཁོར་ཆུང་བ་གཅིག བྱེས་བགྲོད་རླངས་འཁོར་གཅིག་བཅས་བེད་མེད་དུ་བཏང་བ་རེད།

གནམ་བྱམས་ཡག་དང་མཉམ་དུ་སྐོར་གཡེང་བྱེད་སྐབས། ལམ་བར་ནས་གཙང་འགྲམ་དུ་ཆུ་འཐུང་དུ་བསྐྱོད་པའི་དགོ་བ་འགའ་མཐོང་། གནམ་བྱམས་ཡག་གིས་བཤད་རྒྱུར། དགུན་དུས་སུ་ཆར་ཆུ་ཉུང་བས་དགོ་བ་མི་ཉུང་བ་ཞིག་བར་ཐག་སྤྱི་ལེ་ཉི་ཤུ་ནས་སུམ་ཅུ་ཙམ་ལ་སོང་ན་ད་གཟོད་ཆུ་འཐུང་ཐུབ་། ཆུ་འཐུང་དུ་འགྲོ་བའི་ལམ་བར་དུ་དགོ་བ་རྒྱལ་ལམ109བརྒྱུད་དགོས་པ་དང་། ལམ་བར་དུ་སྤྱང་ཀི་དང་ཁྱི་ལྡོམ་གྱི་འཇབ་རྒོལ་ཐེབས་སྲིད།

ཆོས་རྗེ་རྩྭ་ཐང་གི་དགོ་བའི་ཁྱུ་ཚོགས་ནི་སྲུང་སྐྱོང་ཁུལ་མིན་པར་གནས་པ་དང་། དུས་རྒྱུན་གྱི་དོ་དམ་དང་སྲུང་སྐྱོབ་གཙོ་བོ་དམངས་ཁྲོད་ཀྱི་སྟོབས་ཤུགས་ལ་བརྟེན་དགོས། གནམ་བྱམས་ཡག་གིས་བཤད་རྒྱུར། ཁོའི་རེ་བ་ནི་དགོ་བ་འཚོ་སྡོད་བྱེད་སའི་གནས་སུ་ཁྲོན་པ་ཁ་ཤས་བརྐོས་ནས་དགོ་བའི་ཆུ་འཐུང་སྐབས་ཐག་རིང་བོར་རྒྱུགས་མི་དགོས་པ་བྱེད་རྒྱུ་དེ་ཡིན་ཟེར།

གནམ་བྱམས་ཡག་གིས་ས་ཁྲ་ཞིག་ཉར་ཚགས་བྱས་ཡོད་པ་དང་། དེའི་སྟེང་དུ་ཐིག་སྔོན་པོ་བརྒྱབ་ནས་ཆོས་རྗེ་རྩྭ་ཐང་གི་དགོ་བའི་ཁྱབ་ཁུལ་མཚོན་པར་བྱས་ཡོད། ལོ་ངོ་ཉི་ཤུའི་རིང་ལ། གནམ་བྱམས་ཡག་དགོ་བའི་ཁྱབ་ཁུལ་སོ་སོར་བསྐྱོད་མྱོང་བ་དང་། ཁྱབ་ཁུལ་སོ་སོའི་དགོ་བ་བློ་ལ་བརྟན་པོར་ངེས་ཡོད། གནམ་བྱམས་ཡག་དང་སྡེ་མི་ཚོས་སེམས་ཞིབ་མོས་སྲུང་སྐྱོབ་འོག ཆོས་རྗེ་རྩྭ་ཐང་སྟེང་གི་དགོ་བའི་ཁྱུ་ཚོགས་རིམ་བཞིན་སླར་གསོ་བྱུང་ཡོད།

གནམ་བྱམས་ཡག་གིས་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་ནས་ལོ་ཉི་ཤུ་ཙམ་སོང་བ་དང་། 2021ལོར་ལས་གནས་ནས་ཕྱིར་བུད་རྗེས། ཁོས་སེམས་ནུས་སྔར་ལས་མང་པོ་དགོ་བ་སྲུང་སྐྱོབ་ཀྱི་སྟེང་བཞག་ཡོད། ཁོས་མི་རབས་རེ་རེའི་ལྟ་སྲུང་འོག་ཆོས་རྗེ་རྩྭ་ཐང་སྟེང་གི་དགོ་བར་སྔར་ལས་རྒྱ་ཆེ་ལ་བདེ་འཇགས་ལྡན་པའི་འཚོ་གནས་ཁོར་ཡུག་ཅིག་བསྐྲུན་ནས། ཁོ་ཚོ་ཆོས་རྗེ་རྩྭ་ཐང་གི“བདག་པོ”ཞིག་ཏུ་དངོས་གནས་འགྱུར་རྒྱུའི་རེ་བ་བྱེད་ཀྱིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།