འབྲོག་པ་རྡོ་རྗེ་ནི“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་མཁན་ཞིག་ཡིན།
2022.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

རྒན་པོ་རྡོ་རྗེ། 

རྩེ་ཆུའི་འགྲམ་དུ་རྡོ་རྗེ་ཞེས་པའི་རྒན་པོ་ཞིག་ཡོད་པ་དང་། ལོ་ངོ་མང་པོའི་རིང་ལ། ཁོས་རང་གི་སྡོད་ས་དེ་མགོན་ཤུལ་བརླན་སའི་ཁང་བ་ཆུང་ཆུང་ཞིག་ཏུ་གནས་སྤར་ནས་སྤྱི་ཆིངས་བདུན་བརྒྱ་ལྷག་གི་རྩྭ་སར་སྲུང་སྐྱོབ་བྱས་ཏེ་ལོ་ངོ་ཉེར་གཉིས་འགོར་སོང་།

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བའི་ཆེས་ཐོག་མའི“འཐུས་མིའི་བགྲོད་ལམ”སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རང་འབབ་ཆུ་ཀུང་ཟིའི་ལས་བཟོ་བ་ཤ་བོ་སྒྲོལ་མས་ཕ་ཡུལ་གྱི་ཡིད་སེམས་འགུལ་བའི་གཏམ་རྒྱུད་ཅིག་བརྗོད་བྱུང་།

ཉིན་དེའི་སྔ་དྲོར། ང་ཚོ་གསར་འགོད་པ་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་རྒན་པོ་རྡོ་རྗེ་ཡིས་སྲུང་སྐྱོབ་བྱེད་སའི་བརླན་ས་དེའི་ཕྱོགས་སུ་བསྐྱོད། “གསེར་ཐང་བྱ་གླིང་”ནི་རྒན་པོ་རྡོ་རྗེ་ཡིས་བརླན་ས་དེ་ལ་བཏགས་པའི་མིང་སྙན་མོ་ཞིག་རེད། དེ་ནི་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ་ཕྱུག་རྐྱལ་སྡེ་བ་རུ་ཡོད། ལོ་ན་དོན་གཅིག་ལ་སོན་པའི་རྡོ་རྗེ་ཡིས་ཆུང་དུས་ནས་གནས་འདི་རུ་འཚོ་བ་རོལ་ཞིང་། རྩྭ་ཆུ་ཕུན་སུམ་ཚོགས་པ་དང་། ཡུལ་ལྗོངས་ལྟ་ན་སྡུག་པས། བྱ་རིགས་མང་པོས་འདིར་ཚང་བཅས་ནས་བསྡད་ཡོད་ལ། གནས་དེ་ནི་འབྲོག་པ་དང་བྱ་རིགས་ཐུན་མོང་ལ་དབང་བའི་ཁྱིམ་གཞི་ཞིག་ཏུ་གྱུར་ཡོད།

རྒན་པོ་རྡོ་རྗེ་ཡིས་བཤད་རྒྱུར། མིག་རྡེབ་དབང་ཙམ་གྱིས་ལོ་ངོ་ཉི་ཤུ་ལྷག་འགོར་བ་དང་། 1999ལོར། སྡེ་བའི་ནང་དུ་རྩྭ་ས་ཡང་བསྐྱར་བགོས། སྐབས་དེའི་ཕྱུགས་ར་བརླན་ས་ཡིན་པས། ནོར་ལུག་མང་པོ་གསོ་མི་ཐུབ་ཡང་། སུས་ཀྱང་འགན་གཙང་ལེན་བྱེད་མི་འདོད་པ་རེད་ཟེར།

དེ་བས། རྡོ་རྗེ་ཡིས་རང་འགུལ་གྱི་ངང་ནས་རྩྭ་ས་འདི་རང་ཉིད་ལ་བགོ་རྒྱུའི་རེ་བ་ཞུས་པར་བརྟེན་ས་དེའི་མིང་དོན་མཚུངས་པའི་བདག་པོར་གྱུར།

འབྲོག་པ་ཞིག་ཡིན་པའི་ཆ་ནས་རྡོ་རྗེ་ཡིས་ཨ་ཕའི་བཤད་པའི་སྐད་ཆ་ཞིག་དུས་ནམ་ཡང་ཁོའི་སེམས་ལ་དྲན་བཞིན་ཡོད་དེ། བྱ་རིགས་མང་ན་དེ་ནི་རྩྭ་ཐང་གི་རྒྱན་ཡིན་པ་དང་། བྱ་རིགས་མ་འཁོར་ན་རྩྭ་ཐང་ལ་གསོན་ཤུགས་མེད་པར་གྱུར་བ་རེད་ཅེས་པ་དེ་རེད།

ལོ་རེའི་ཟླ་ལྔ་བ་ནས་ཟླ་དགུ་བའི་བར་ནི་རི་སྐྱེས་བྱ་རིགས་ཀྱིས་རྒྱུད་སྤེལ་བའི་དུས་ཚིགས་ཡིན་པ་དང་། བྱ་ཕྲུག་ལ་སྲོག་ཆགས་གཞན་གྱིས་གནོད་པ་ཐེབས་པར་སྐྲག་བཞིན་ཡོད། བྱ་ཕྲུག་རྣམས་ལ་སྲུང་སྐྱོབ་བྱ་ཆེད། རྡོ་རྗེ་ཡིས་བརླན་ས་དེའི་སྟེང་ཕྱུགས་འཚོ་མཚམས་བཞག་པ་དང་། ད་དུང་རྩྭ་ས་གཞན་ཞིག་གླས་ནས་རང་ཁྱིམ་གྱི་ནོར་ལུག་འཚོ་བཞིན་ཡོད།

ཟླ་བ་ལྔའི་རིང་ལ། རྡོ་རྗེ་ཡིས་ནམ་རྒྱུན་རྐང་ལམ་གཅིག་བརྒྱུད་ནས་བསྐོར་སྐྱོད་བྱེད་བཞིན་ཡོད་པས། མིག་བཙུམ་རུང་རྐང་ལམ་དེ་ནོར་མི་སྲིད།

ཁོའི་ཆུང་མས་གསར་འགོད་པར་བཤད་རྒྱུར། “ཨུ་ཚུགས”ཆེ་བའི་ཁོ་རང་གིས་ལོ་རེའི་ལོ་ཕྱེད་ཙམ་གྱི་དུས་ཚོད་ནང་ཕལ་ཆེར་བྱ་རིགས་རྣམས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པ་དང་། སྔ་དྲོའི་དུས་ཚོད་དྲུག་པ་ནས་སྒོ་ཕྱིར་བུད་དེ། དགོང་མོའི་དུས་ཚོད་བདུན་གྱི་སྟེང་ད་གཟོད་ཕྱིར་ལོག་གིན་ཡོད་ཅིང་། ཆར་རླུང་གང་གིས་ཀྱང་འགོག་མི་ཐུབ་པ་རེད། ཁྲུང་ཁྲུང་ལྷོ་ལ་འཕུར་བའི་དུས་ཏེ་ཟླ་བཅུ་གཅིག་པ་ནས་ཕྱི་ལོའི་ཟླ་བཞི་བའི་བར་དུ་ཁོས་ད་གཟོད་ཁྱིམ་དུ་ལས་ཀ་ཙག་ཙིག་ལས་བཞིན་ཡོད།

ལོ་འགའི་སྔོན་ལ། བརླན་སར་བསྐོར་སྐྱོད་ལ་འགྲོ་དགོས་པ་ལས་གཞན། ད་དུང་མི་གཞན་གྱིས་བྱ་དང་ཉ་འཛིན་གྱིན་ཡོད་མེད་ལའང་སེམས་ཁུར་བྱེད་དགོས་ལ། ཞོར་དུ་གད་སྙིགས་ཁུག་མ་བཟུང་ནས་སྣོད་སྟོང་དང་། ལྭ་བ། འགྱིག་ཁུག་སོགས་འཐུ་བཞིན་ཡོད།

2020ལོའིཟླ12པའི་ཚེས25ཉིན། མཚོ་སྔོན་རྩེ་ཁོག་གི་རྩེ་ཆུ་རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང་དུ་ཞིབ་བཤེར་ཚད་ལེན་བྱས་པ་བརྒྱུད་དེ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི“རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་མིང་ཐོའི”ནང་དངོས་སུ་བདམས།

རྒྱལ་ཁབ་ཀྱི་དབང་གྲགས་ལྡན་པའི་སྐྱེ་ཁམས་རྒྱུ་ཆ་ལས་མངོན་པ་ལྟར་ན། བརླན་སའི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་བཟང་བ་དང་། སྐྱེ་ཁམས་ཀྱི་རིགས་སྣ་མང་ཕུན་སུམ་ཚོགས་ཤིང་། ཁྲུང་ཁྲུང་སྐེ་ནག་དང་། རག་ལྡང་སོགས་རྩ་ཆེའི་བྱ་རིགས་ཡོད་པ་དང་། ས་ཁོངས་སྐྱེ་ཁམས་ཁོར་ཡུག་ཁྲོད་སྐྱེ་ཁམས་ཕན་འབྲས་དང་ནུས་པ་འོས་འཚམ་གྱིས་ཐོན་བཞིན་ཡོད་ལ། དེ་ནི་མདོ་དབུས་མཐོ་སྒང་གི་གྲང་ངར་ཆེ་བའི་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་ཡིན་པ་རེད།

རླངས་འཁོར་རི་གཤམ་དུ་བཞག་ནས་ང་ཚོ་མཚོ་འཕང་ལ་མུས་སྟོང་གསུམ་དང་བདུན་བརྒྱ་ལྷག་ཡོད་པའི་རྩྭ་ཐང་དང་རི་མགོའི་ལྗོངས་རྒྱུའི་ས་ཚིགས་སུ་སོང་བ་དང་། ས་ཚིགས་དེ་ནི་ཕྱོགས་བཞི་རུ་ཉི་འོད་རྒྱུ་ཡོང་ཐུབ་པའི་ཤེལ་སྒོའི་ལས་པའི་ཁང་བ་ཡིན་པ་རེད། དེ་ནི་རྒན་པོ་རྡོ་རྗེ་ཡིས་པར་ལེན་རྒྱུར་དགའ་བའི་མི་རྣམས་ལ་ཆེད་དུ་ལས་པའི་བཟོ་བཀོད་ཞིག་རེད། དེ་ལྟར་བྱས་ན་ཕྱོགས་གཅིག་ནས་རི་སྐྱེས་བྱ་རིགས་ཀྱིས་ངལ་གསོ་བར་བར་ཆད་མི་བཟོ་བ་དང་། ཕྱོགས་གཞན་ཞིག་ནས་པར་ལེན་རྒྱུར་དགའ་བའི་གྲོགས་པོ་རྣམས་ཀྱིས་ཟུར་མི་འདྲ་བ་ནས་བྱ་རིགས་ཀྱི་འཚོ་བའི་གོམས་གཤིས་པར་རྒྱག་ཐུབ་པས་རེད། རྒན་པོས་ཆེད་དུ་བཀོད་སྒྲིག་བྱས་པའི་ཤིང་གི་ཨོང་སྟེགས་དང་འབོལ་གདན་སྟེང་བསྡད་དེ། རྒྱང་རིང་གི་བྱ་རིགས་ཀྱིས་སྙན་པའི་གྲེ་འགྱུར་དང་འཕུར་ལྡིང་གར་ལ་རྩེན་པར་ལྟོས་ན་ཉམས་དགའ་བ་ཞིག་རེད།

རྒན་པོ་རྡོ་རྗེ་ཡིས་བཤད་པ་ལྟར་ན། ལོ་འདི་དག་གི་རིང་ལ། རང་ཉིད་ཀྱིས་སྔར་ལས་ཀྱང་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་བཏང་བ་དངོས་སུ་ཚོར་ཡོད། ད་ལྟ་གནས་འདིའི་བྱ་རིགས་སྔར་ལས་ཇེ་མང་ནས་ཇེ་མང་དུ་གྱུར་བ་དང་། ལྷག་པར་དུ་དབྱར་ཁར་ཤིན་ཏུ་མང་། བྱ་རིགས་སྣ་ཁ་བརྒྱ་ལྷག་ཡོད་དེ། ཁྲུང་ཁྲུང་མགོ་ཕྲ་དང་། ཁྲུང་ཁྲུང་། ངང་བ་དཀར་མོ། ཁྲུང་ཁྲུང་སྐེ་ནག རག་ལྡང་། ངང་བ་ཆུ་རིང་སོགས་རྒྱལ་ཁབ་ཀྱིས་གཙོ་བོར་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོགས་ཀྱང་མང་པོ་ཡོད་པ་རེད།

རྒན་པོ་རྡོ་རྗེ་སློབ་གྲྭར་སོང་མྱོང་མེད་པས་ཡིག་ངོ་མི་ཆོད། ཡིན་ནའང་། བྱ་རིགས་དང་འབྲེལ་འདྲིས་མང་པོ་བྱས་མྱོང་བའི་རྐྱེན་གྱིས་རང་ཉིད་ཀྱི་ལྟ་སྟངས་ལྟར་བྱ་རིགས་ལ་མིང་བཏགས་ཡོད་པ་རེད། མིང་དེ་དག་གོ་བདེ་མོ་ཡིན་ནའང་གསོན་ཉམས་ལྡན་པ་ཞིག་ཡིན་པ་རེད། ཁོས་ད་དུང་བྱ་རིགས་ཀྱི་མིང་ཐོ་ཞིག་ཀྱང་བསྒྲིགས་ཡོད།

ལོ་ངོ་ཉེར་གཉིས་ཀྱི་རིང་ལ། རྒན་པོ་རྡོ་རྗེ་ལ“ལས་རིགས་གོམས་གཤིས”ཤིག་ཆགས་ཡོད་པ་དང་། ཉིན་རེ་རེའི་ནམ་གསལ་བ་ན་ནངས་ཇ་སྟབས་བདེ་ཤིག་འཐུང་་བ་དང་། ཇ་ཚ་དམ་གང་བླུགས་རྗེས་མར་དང་རྩམ་པ་གྲ་སྒྲིག་བྱས་ནས་བརླན་སའི་འགྲམ་རྒྱུད་དུ་བསྐོར་སྐྱོད་བྱེད་དུ་འགྲོ་སྲིད། སྔ་མོ་དང་། དྲོས་ཇ། དགོང་མོ་བཅས་ལ་ཐེངས་རེར་བསྐོར་སྐྱོད་བྱེད་བཞིན་ཡོད། དུས་ཡུན་རིང་བོ་འགོར་བ་ན། གནས་འདིའི་བྱ་རིགས་རྣམས་རིམ་བཞིན་རྒན་པོ་རྡོ་རྗེ་ལ་ལོབས་པར་གྱུར་ཏེ་གྲོགས་པོ་ལྟ་བུར་གྱུར། བྱ་རིགས་དང་ཆེས་ཐག་ཉེ་སར་བཅར་བ་མིན་ཚེ་བྱ་རྣམས་ཀྱིས་ཁོ་ལ་ཁ་ཡ་བྱེད་བཞིན་མེད།

ལོ་སྔོན་མའི་དཔྱིད་ཀ་ཞིག་ལ། “གསེར་ཐང་བྱ་གླིང་”དུ། མཚེའུ་ཡི་རགས་ཁ་ཕྱེས་ནས་མཚོ་ཆུ་ཕྱིར་བཞུར། རྒན་པོ་རྡོ་རྗེ་ཡིས་སེམས་ཁུར་བྱས་ནས་བཤད་རྒྱུར། བྱ་རྣམས་ཀྱིས་སྒོ་ང་འཇོག་ལ་ཉེ་བ་དང་། གལ་ཏེ་རྩྭ་ཆུ་མ་འཛོམས་ཚེ། ངས་བྱ་རིགས་རྣམས་ས་གང་དུ་འཕུར་འགྲོ་བ་མི་ཤེས། དེ་བས། ཉིན་མང་པོ་ཞིག་ལ་ང་རང་གཉིད་ཡག་པོ་ཞིག་མ་ཁུགས་ཟེར།

འདང་ཞིབ་མོ་ཞིག་བརྒྱབ་རྗེས། ཁོས་རྩྭ་སྒྱེ་འགའ་ཉོས་ནས་དེའི་ནང་ས་བཅུས་རྗེས་རུས་རྐང་ལ་ཟུག་པའི་ཆུར་ནང་བརྒལ་ནས་ཆུ་རགས་ཤིག་བརྒྱབ་ཡང་། ཆུ་རྒྱུན་དྲགས་པའི་རྐྱེན་གྱིས་དཀའ་བ་སྤྱད་དེ་བརྩིགས་པའི་ཆུ་རགས་དེ་མཇུག་མཐར་ཆུས་འཁུར། དེ་བས། ཁོས་སྡེ་མི་དང་སྡེ་བའི་ལས་བྱེད་པ་རྣམས་ཁྲིད་ཡོང་སྟེ་ཆུ་རགས་གི་ཁ་བཅད་ཡང་། ཆུ་ཁ་གཅོད་མ་ཐུབ། སྟབས་ལེགས་པ་ཞིག་ལ། ལོ་དེའི་བྱ་རིགས་ཀྱི་རྒྱུད་སྤེལ་བའི་དུས་ཚིགས་སུ། ཁྲུང་ཁྲུང་མང་པོ་ཞིག་ད་དུང་བརླན་ས་དེ་དང་ཁ་འབྲལ་མ་འདོད་པར་བསྡད།

བྱ་ཕྲུག་རྣམས་སྒོ་ང་ཀད་ནས་ཐོན་སྐབས། རྒན་པོས་ངུ་སྐད་ཤོར་བྱུང་། ཁོས་བཤད་རྒྱུར། བྱ་ཕྲུག་དེ་རྣམས་ལ་བརྩེ་བ་ཡོད་པས། དེ་རྣམས་ཀྱིས་ཁོའི་དཀའ་ངལ་རྟོགས་པ་འདྲ་ཟེར།

ཕྱི་ལོའི་དཔྱིད་ཀ་སླེབས་བྱུང་། རྒན་པོ་རྡོ་རྗེ་ཡིས་སྒོར་མོ་སྟོང་དྲུག་བཀོལ་ནས་ས་བརྐོ་འཕྲུལ་ཆས་ཞིག་གླས་ཡོང་སྟེ། གཞི་ནས་མཚོ་རགས་ཞིག་གསོ་བྱས་པས། ཁོའི་སེམས་ཀྱི་སེམས་ནད་དེ་གཞི་ནས་མེད་པར་གྱུར། དེ་ལས་གཞན། ཁོས་ད་དུང་ཆུ་རགས་ལས་སར་རྩྭ་བཏབ། ལོ་དེའི་ཟླ་དྲུག་པར། རྩྭ་འབུས་བྱུང་། རྒན་པོས་བཤད་རྒྱུར། བྱ་རྣམས་ཀྱིས་རྩྭ་ནེམ་ཟ་བཞིན་པ་མཐོང་ཚེ། ཁོའི་སེམས་པ་དྲོད་ལམ་ལམ་དུ་གྱུར་ཟེར།

བརླན་སར་སྲུང་སྐྱོབ་བྱས་ནས་ལོ་ངོ་ཉི་ཤུ་འགོར་བ་དང་། རྒན་པོ་རྡོ་རྗེ་ཡི་དམིགས་འབེན་ཆུང་བ་འགའ་མངོན་འགྱུར་བྱུང་བ་སྟེ། བརླན་སར་ར་བསྐོར་བ་དང་། བྱ་རིགས་ལ་ལྟ་འདོད་མཁན་རྣམས་ལ་ཡུལ་སྐོར་ལྗོངས་རྒྱུ་ས་ཚིགས་གསུམ་འཛུགས་སྐྲུན་བྱས། ཁོའི་སེམས་ལ་ད་ལྟ་ནས་བཟུང་། པར་ལེན་འཕྲུལ་ཆས་ཀྱིས་ལོ་རེའི་བརླན་སའི་འགྱུར་ལྡོག་པར་ལེན་ཆོག་པ་དང་། ཁ་ནས་བཤད་པ་བརྒྱུད་དེ་རང་ཉིད་ཀྱིས་ཉིན་རེ་རེར་ལྟ་རྟོག་བྱས་པའི་ཞིབ་ཆ་ཟིན་ཐོར་འགོད་ཆོག་ཅིང་། ད་དུང་ལྗོངས་རྒྱུ་བྱེད་སའི་ཤིང་གི་ལམ་ཞིག་ཀྱང་ལས་དགོས་པར་འདོད་བཞིན་ཡོད།

ང་ཚོས་ཤེས་གསལ་ལྟར། ལོ་ངོ་ཉེར་གཉིས་ཀྱི་རིང་ལ་བརླན་ས་སྲུང་སྐྱོབ་བྱེད་པའི་ལམ་དུ། རྒན་པོ་རྡོ་རྗེ་ཡི་གཏམ་རྒྱུད་ད་དུང་མང་པོ་མང་པོ་ཞིག་ཡོད་དེ། ཁོས་བརླན་ས་འདི་ལ་སྒྲུབ་དགོས་པའི་བྱ་བ་ཡང་ད་དུང་མང་པོ་མང་པོ་ཞིག་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།