རྟ་རྒྱབ་ཀྱི་ན་གཞོན་བུད་མེད་ཧྲུའུ་ཅི།
2022.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

“ཉིན་གཅིག་ལ་སྒྲོག་འགྲེལ་བྱས་མ་ཚར་ན་ང་ཚོས་ཉིན་གསུམ་ལ་སྒྲོག་འགྲེལ་བྱེད་པ་དང་། ཉིན་གསུམ་ལ་སྒྲོག་འགྲེལ་བྱས་མ་ཚར་ན་གཟའ་འཁོར་གཅིག་ལ་སྒྲོག་འགྲེལ་བྱེད་དགོས། མདོར་བསྡུས་ནས་བཤད་ན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་འབྲོག་པའི་ཁྱིམ་དུ་སོང་ནས་སྒྲོག་འགྲེལ་བྱས་ཚར་དགོས”ཞེས་བཤད་མཁན་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྫ་སྟོད་གྲོང་རྡལ་འབྲི་སྨད་སྡེ་བའི་ཧྲུའུ་ཅི་དང་པོ་བསོད་ནམས་གཡང་མཚོ་རེད།

འབྲི་སྨད་སྡེ་བ་ནི་རྫ་སྟོད་གྲོང་རྡལ་གྱི་ནུབ་བྱང་ཕྱོགས་སུ་ཡོད་པ་དང་། སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དེ་གྲོང་རྡལ་དང་བར་ཐག་སྤྱི་ལེ་བརྒྱ་དང་སུམ་ཅུ་ཙམ་ཡོད། སྡེ་བ་ཡོངས་སུ་ཁྱིམ་ཚང་ལྔ་བརྒྱ་སོ་བདུན་དང་མི་གྲངས་སྟོང་གཅིག་བརྒྱད་བརྒྱ་དོན་དྲུག་ཡོད། འབྲི་སྨད་སྡེ་བ་ནི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་ཞིག་ཡིན་ལ། ལོ་མང་པོའི་རིང་སྡེ་བ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྡེ་བ་དེ་གའི་ཕྱུགས་ལས་འཕེལ་རྒྱས་ལ་གཞོལ་ནས། ཕྱུགས་ལས་དེ་སྡེ་བ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

“ཧྲུའུ་ཅི་ལགས། སྐད་འཕྲིན་ཚོགས་པར་བརྟེན་ནས་སྒྲོག་འགྲེལ་བྱེད་ཐུབ་ཚེ་ལས་ཕྱོད་ཆེ་རུ་འགྲོ་ངེས་རེད།”

“མི་ཆོག” ལས་བྱེད་མི་སྣས་སྐད་ཆ་བཤད་མ་ཚར་སྔོན་བསོད་ནམས་གཡང་མཚོ་ཡིས་བློ་ཐག་ཆོད་པོས་དང་ལེན་མ་བྱས།“སྡེ་བའི་ནང་གི་གནས་ཚུལ་ཚང་མས་གསལ་པོ་ཤེས་ཀྱིན་ཡོད། མི་མི་ཉུང་བ་ཞིག་སྒང་ལ་ཕྱུགས་འཚོ་རུ་འགྲོ་སྐབས་བརྡ་རྟགས་མེད་པས་གནས་ཚུལ་ཐོས་མི་ཐུབ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཧ་ཅང་གལ་ཆེན་ཡིན་པས། ང་ངེས་པར་དུ་ཁྱིམ་ཚང་རེ་རེ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ན་ད་གཟོད་སེམས་བདེ་ལ་འབབ་ངེས་རེད”ཞེས་བཤད།

“འོན་ཀྱང་། ད་ལྟའི་དུས་ཚིགས་འདིར་ཡུས་ཧྲུའུ་མཐོ་སྒང་གི་ལམ་ངོས་སུ་ཁངས་ཞུ་མེད་ལ། ས་ཆ་ཁ་ཤས་སུ་རླངས་འཁོར་འགྲོ་མི་ཐུབ་པས་རྟར་ཞོན་ནས་འགྲོ་དགོས།” ཉི་མ་ཚེ་རིང་གི་སེམས་སུ་བསོད་ནམས་གཡང་མཚོ་དཀའ་ངལ་ལ་སྐྲག་ནས་ཕྱིར་བཤོལ་བྱེད་སྲིད་སྙམ་གྱིན་ཡོད་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་བསོད་ནམས་གཡང་མཚོ་ཡིས“ང་ཡང་འབྲོག་པའི་ཁྱིམ་གྱི་བྱིས་པ་ཡིན་པས་རྟ་ལ་ཞོན་རྒྱུ་ནི་དཀའ་མོ་ཞིག་མ་རེད”ཅེས་བཤད།

ཡུས་ཧྲུའུ་རུ་ས་སྐྱེས་རྡོ་སྐྱེས་ཀྱི་བསོད་ནམས་གཡང་མཚོའི་ལུས་སྟེང་དུ་ཧུར་བརྩོན་གྱི་སེམས་ཤུགས་བརྟན་པོ་ཞིག་ཡོད་ལ། “ལོ་རབས་དགུ་བཅུའི་ནང་སྐྱེས་པའི”བུད་མེད་ཧྲུའུ་ཅི་ཡིས་བརྩོན་སེམས་ལ་བརྟེན་ནས་སྡེ་བའི་ནང་གཞི་བརྟན་པོ་ཞིག་ཚུགས་ཡོད།

ལམ་རིང་ཐུང་དུ་ཡམ་ཡོམ་བྱས་ནས་བསྐྱོད་མཐར། འབྲི་སྨད་སྡེ་བའི་རུ་ཁག་བརྒྱད་པའི་རུ་གཙོ་བཀྲ་ཤིས་ཀྱི་ཁྱིམ་དུ་ཐོན།

“དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་སྲ་བརྟན་དང་ཇེ་ལེགས་སུ་གཏོང་བ་དང་། ཞིང་ལས་མཉམ་འབྲེལ་གྱིས་ཞིང་ལས་ལ་སྣེ་ཁྲིད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་ཐར་ཁྱིམ་ཚང་གི་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་བྱེད་དགོས།”ཁྱིམ་དུ་འཛུལ་མ་ཐག་བསོད་ནམས་གཡང་མཚོའི་བརྗོད་གཞི་གཙོ་བོ་གླེང་བ་དང་། “ང་ཚོའི་སྡེ་བའི་ནོར་ལུག་གསོ་སྤེལ་བྱ་རྒྱུར་བརྟེན་ཡོད་པས། ཁྱོད་ནི་རུ་གཙོ་ཡིན་པའི་ཆ་ནས་རང་ཁྱིམ་གྱི་ནོར་གསོ་སྤེལ་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་རུ་ཁག་གི་འབྲོག་པ་གཞན་དག་དང་མཉམ་དུ་གསོ་སྤེལ་གྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡིན་པས་སྡེ་བའི་ཨུ་ཡོན་ལྷན་ཁང་ནི་ཁྱོད་ཀྱི་རྒྱབ་རྟེན་ཡིན་ལ། བློ་ཁོག་ཆེན་པོས་བྱ་བ་ཡག་པོ་སྒྲུབ་དགོས”ཞེས་བཤད།

“ཧྲུའུ་ཅིའི་སེམས་བདེ་མོ་བྱོས། ད་ལོ་ངས་རུ་ཁག་གི་ཁྱིམ་ཚང་འགའི་སྣེ་ཁྲིད་དེ་ཁོ་ཚོའི་ཕྱུགས་ཟོག་གསོ་ཁ་ནས་ཕྱིར་འབུད་ཚད་ཇེ་མཐོར་གཏོང་རྒྱུའི་འཆར་གཞི་ཡོད”ཅེས་བཤད།

བསོད་ནམས་གཡང་མཚོར་ཇ་ལྡུག་ཁོམ་ཡང་མ་བྱུང་བར་བཀྲ་ཤིས་ཀྱིས་བྱ་བའི་གནས་ཚུལ་བརྗོད་པ་དང་། ཁོ་རང་ལོ་རབས་དགུ་བཅུ་པར་སྐྱེས་པའི་བུད་མེད་ཧྲུའུ་ཅིའི་བྱ་བ་སྒྲུབ་སྟངས་ལ་སྔ་མོ་ནས་གོམས་ཡོད་པ་འདྲ།

བཀྲ་ཤིས་ཀྱི་ཁྱིམ་ནས་ཕྱིར་བུད་རྗེས། བསོད་ནམས་གཡང་མཚོ་རྟ་ལ་ཞོན་པ་དང་། ཁོ་མོས་བཤད་རྒྱུར།“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ནི་ཚང་མའི་བློ་བདེ་ལ་འབབ་པའི་བྱ་བ་ཞིག་ཡིན་པས། ང་འབྲོག་པའི་ཁྱིམ་དུ་མང་ཙམ་རྒྱུགས་ནས་སྒྲོག་འགྲེལ་བྱེད་པའི་དཀའ་ཚེགས་དེ་ཅི་ཡང་མ་རེད། ཁོ་ཚོའི་མ་འོངས་པར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད་ལ། རང་ཉིད་ལ་ཡང་ལས་སྒྲུབ་ཀྱི་སེམས་ཤུགས་ཆེན་པོ་ཡོད”ཅེས་བཤད།

དུས་ཚོད་གཉིས་ཙམ་ལ་བསྐྱོད་རྗེས། མཁའ་དབྱིངས་སུ་རིམ་གྱིས་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བ་དང་ཐག་མི་རིང་བའི་སར་སྦྲ་གུར་ཞིག་ཡོད་པ་མཐོང་།

སྦྲ་གུར་གྱི་ཁྱིམ་བདག་ནི་བདེ་སྐྱིད་བཟའ་ཟླ་གཉིས་ཡིན་པ་དང་། ཁོ་གཉིས་ནི་འབྲི་སྨད་སྡེ་བའི་སྡེ་མི་ཡིན་ཞིང་། 2021ལོར་ཁོ་གཉིས་བཟའ་སྒྲིག་བྱས་པ་དང་། འོན་ཀྱང་། ཁྱིམ་ཚང་གཉིས་ཀྱི་ཆ་རྐྱེན་མི་བཟང་པས། གཉེན་སྒྲིག་བྱས་མ་ཐག་པའི་བཟའ་ཟླ་གཉིས་ཕྱུགས་ཟོག་མེད་པའི་ཁྱིམ་ཚང་དུ་གྱུར་ཡོད།

“དེ་རིང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་འཁྱེར་ཡོང་ཡོད་པ་མ་ཟད། ད་དུང་ཁྱོད་གཉིས་ལ་གཏམ་བཟང་ཞིག་འཁྱེར་ཡོང་ཡོད། ཁྱོད་གཉིས་མཉམ་ལས་ཁང་དུ་ཕྱུགས་འཚོ་རུ་སོང་ཆོག་ལ། ཟླ་བ་རེའི་འཚོ་བའི་འགན་སྲུང་ཚང་མ་མཉམ་ལས་ཁང་གིས་མཁོ་འདོན་བྱེད་སྲིད། ལོ་གསུམ་འགོར་རྗེས། ཁྱོད་གཉིས་ལ་ད་དུང་མཉམ་ལས་ཁང་ནས་ལུག་སུམ་ཅུ་དང་ནོར་ལྔ་བཅུ་བགོ་བཤའ་བརྒྱབ་ཆོག”ཅེས་བསོད་ནམས་གཡང་མཚོ་ཡིས་དེ་ལྟར་བཤད་རྗེས། བདེ་སྐྱིད་བཟའ་ཟླ་གཉིས་སེམས་འགུལ་ཐེབས་ནས་སྐད་ཆ་ཡང་བཤད་མི་ཐུབ་པར་གྱུར་ཡོད།

བསོད་ནམས་གཡང་མཚོ་ཡིས་བཤད་པའི་མཉམ་ལས་ཁང་གི་མིང་ལ་རྫ་སྟོད་གྲོང་རྡལ་འབྲི་སྨད་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཟེར། 2016ལོར་བཙུགས་པ་དང་། 2019ལོར་སྡེ་བ་ཡོངས་མ་རྐང་ནང་ཞུགས། མཉམ་ལས་ཁང་གིས་ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་ཕྱུགས་འཚོ་བའི་འགན་འཁུར་བ་དང་། ལོ་མཇུག་ཏུ་ཡོང་སྒོ་གཅིག་གྱུར་གྱིས་བགོ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། བདེ་ཐང་གཟན་ཆས་འདང་ངེས་ཤིག་བཀོད་སྒྲིག་བྱས་ནས་རང་བྱུང་གནོད་འཚེ་སྣ་ཚོགས་ལ་ཁ་གཏད་འཇལ་བ་མ་ཟད། ལུགས་མཐུན་གྱི་སྒོ་ནས་དུས་བཞིའི་རྩྭ་ཐང་རིགས་དགར་འཆར་འགོད་བྱས་ཤིང་། ཆེད་བསྐོས་མི་སྣས་དུས་ཐོག་དང་དུས་བཅད་ལྟར་ཕྱུགས་ལ་རིམས་ནད་སྔོན་འགོག་དང་ལྟ་ཞིབ། ཚོད་འཛིན། སྨན་བཅོས་བཅས་བྱས་པས། ཕྱུགས་ཀྱི་སྤུས་ཚད་དང་གྲངས་ཀ་མཐོ་རུ་ཕྱིན་པ་དང་། འབྲོག་པའི་ཡོང་འབབ་ཀྱང་ཇེ་མང་དུ་ཕྱིན་ཡོད་ལ། འཚོ་བའི་ཆུ་ཚད་ཀྱང་ཇེ་ལེགས་སུ་ཕྱིན་ཡོད།

འབྲི་སྨད་སྡེ་བའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་བཤད་རྒྱུར། “2021ལོར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ས་ཡ་གཅིག་བགོས་པ་དང་། ཆ་སྙོམས་མི་རེར་སྒོར་ལྔ་བརྒྱ་ཡོད། ད་ལོ་ང་ཚོས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་མཛུབ་སྟོན་ལྟར་གསོ་སྤེལ་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་བཏང་ནས། འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་རྩིས་ཡོད”ཟེར།

དེ་ལས་གཞན། བསོད་ནམས་གཡང་མཚོར་ད་དུང་འཆར་གཞི་དེ་ལས་ཆེ་བ་ཡོད། ཁོ་མོས་བཤད་རྒྱུར། “ང་ཚོས་ད་ལོ་སྒོར་ས་ཡ་གཅིག་གི་གྲོང་གསེབ་དར་སྤེལ་གཏོང་བའི་རྣམ་གྲངས་ཀྱི་མ་དངུལ་རེ་ཞུ་བྱས་ནས་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་རྩིས་ཡོད། མིག་སྔར། ང་ཚོས་ཐོན་རྫས་ཀྱི་ཐུམ་སྒྲིལ་འཆར་འགོད་ཡག་པོ་བྱས་ཡོད་པ་མ་ཟད་ཐོན་སྐྱེད་འཁོར་ཁང་ཡང་ལས་ཡོད། མ་དངུལ་དམིགས་སར་འབྱོར་མ་ཐག་སྒྲིག་ཆས་ཉོས་ཚེ་བཟོ་གྲྭ་འཁོར་སྐྱོད་བྱེད་ཆོག”ཟེར

བདེ་སྐྱིད་ཀྱི་ཁྱིམ་ནས་ཕྱིར་བུད་རྗེས་ནམ་མཁའ་སྔོ་ཞིང་དྭངས་པར་གྱུར་ཡོད་ལ། བསོད་ནམས་གཡང་མཚོ་སླར་ཡང་ཁྱིམ་ཚང་གཞན་ཞིག་གི་ཕྱོགས་སུ་བསྐྱོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།