འོད་དུ་འཚེར་བའི་ཨ་ཆེན་གངས་རྒྱབ་ཀྱི་རྣམ་ཤེས།
2022.03.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 51

     

                           ཨ་ཆེན་གངས་རྒྱབ་ཀྱི་གང་སར་མཐོང་ཐུབ་པའི་རི་དྭགས་གཙོད།

འདི་ནི་དགའ་འོས་པའི་འཕྲིན་བཟང་ཞིག་ཡིན་ངེས། 2021ལོའི་ཟླ8པའི་ཟླ་དཀྱིལ་དུ། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་རང་རྒྱལ་གྱི་རི་དྭགས་གཙོད་ཀྱི་གྲངས་ཀ་དེ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ཁྲི7ཙམ་ལའང་མི་ལོངས་བ་ནས། ད་ལྟ་ཇེ་མང་དུ་སོང་སྟེ་འབུམ་གསུམ་ལ་སླེབས་ཡོད། རི་དྭགས་གཙོད་ཀྱི་སྲུང་སྐྱོབ་རིམ་པ་ཡང་སྟོངས་ལ་ཉེ་བའི་སྲོག་ཆགས་ནས་འཇིག་ཉེན་གྱི་སྲོག་ཆགས་སུ་ཕབ་ཡོད།

གལ་ཏེ་རྒྱས་བཟང་བསོད་ནམས་དར་རྒྱས་ལགས་སྐུ་འཚོ་བཞུགས་ཡོད་ཚེ། ཁོས་འཕྲིན་བཟང་འདི་ཐོས་ཚེ།   དགའ་བ་འབུམ་གྱིས་གཏམས་སྲིད་པ་ཁོ་ཐག་ཡིན།

རྒྱུ་མཚན་ནི་རི་དྭགས་གཙོད་གླེང་ཚེ། ཨ་ཆེན་གངས་རྒྱབ་དང་བསོད་ནམས་དར་རྒྱས་ནི་མི་གླེང་ཐབས་མེད་ཡིན་པས་སོ།

བསོད་ནམས་དར་རྒྱས་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོའི་མི་ཡིན་ཞིང་། སློབ་ཆེན་མཐར་ཕྱིན་རྗེས་ཕ་ཡུལ་ལ་བརྩེ་དུང་ཟབ་མོ་བཅངས་ནས་ཟོ་སྐྱ་ཡུལ་ཚོར་ལོག་པ་རེད། ཁོང་གིས་རང་ཉིད་ཀྱི་ཡོད་ཚད་འབྲི་སྟོད་རྩྭ་ཐང་དུ་འབུལ་རྒྱུའི་སེམས་ཐག་བཅད་པ་དང་དེ་སྔ་སློབ་གསོ་དང་རིག་གནས། འཕྲོད་བསྟེན། ཡིག་སྒྱུར་སོགས་ཀྱི་ལས་གནས་སྟེང་སྔ་རྗེས་སུ་འབད་འཐབ་བྱས་ཤིང་། སྔ་རྗེས་སུ་འབྲི་སྟོད་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་། ཟོ་སྐྱ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི། འབྲི་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཅིག་ལྕོགས་སོགས་ཀྱི་ལས་འགན་ཁུར་བ་རེད།

ཨ་ཆེན་གངས་རྒྱབ་ནི་རི་དྭགས་གཙོད་འཚོ་སྡོད་བྱེད་སའི་མི་མེད་ལུང་སྟོང་ཞིག་ཡིན།  ས་དེའི་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པ་དང་ཆ་སྙོམས་མཚོ་འཕང་སྨི5000ཡན་ཟིན་ཡོད་པས། མིའི་རིགས་འཚོ་གནས་བྱ་རྒྱུར་འཚམ་པོ་མེད། ལོ་ངོ་སྟོང་ཕྲག་རིང་། “ཚེ་སྲོག་གི་མྱ་ངམ་ཐང”ཞེས་བརྗོད་བཞིན་ཡོད།

ཨ་ཆེན་གངས་རྒྱབ་ཀྱི་བགེགས་དང་བར་ཆད་ནི་སྡིག་ཉེས་ཀྱིས་གྲུབ་པའི་ཧྲ་ཧྲེན་ཐུའུ་ནས་མགོ་བརྩམས་ཏེ་བཤད་དགོས། ཧྲ་ཧྲེན་ཐུའུ་ནི་མཛེས་སྡུག་ལྡན་པའི་སྟོད་དཀྲིས་ཞིག་ཡིན་པ་དང་།  དེ་ནི“ཁུ་ལུའི་རྒྱལ་པོ”ཞེས་འབོད་པའི་གཙོད་ཀྱི་ཁུ་ལུ་ལས་གྲུབ་པ་ཞིག་ཡིན་ཞིང་། དེ་སྡིག་ཉེས་ཀྱིས་གྲུབ་ཅེས་བརྗོད་དོན་ཡང་ཧྲ་ཧྲེ་ཐུའུ་རེ་རེ་གཙོད་ཀྱི་ཚེ་སྲོག་གསར་པ་གསུམ་ནས་བཞི་ཡིས་གྲུབ་ཡོད་པས་ཡིན།

1984ལོར་ཨ་ཆེན་གངས་རྒྱབ་ནས་གསེར་གཏེར་རྙེད་པ་དང་། ཡུན་རིང་མ་སོང་བར་གསེར་བརྐོ་པ་མང་པོ་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་དེ་བྱེ་རྡོའི་ནང་ནས་གསེར་བརྐོས་པ་རེད།

དུས་རབས20པའི་ལོ་རབས90པའི་དུས་མགོར། རྒྱལ་ཁབ་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་ལུགས་མཐུན་ངང་ཨ་ཆེན་གངས་རྒྱབ་ཏུ་གསར་སྤེལ་བྱ་ཆེད། ཁྲིམས་འགལ་ངང་གསེར་བརྐོ་བའི་བྱེད་སྒོར་བཀག་འགོག་བྱས། སྐབས་དེར་ཟོ་སྐྱ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་དར་རྒྱས་ཀྱིས་འབྲི་སྟོད་རྫོང་སྲིད་གཞུང་ལ《ཨ་ཆེན་གངས་རྒྱབ་ལ་བདག་སྐྱོང་དང་གསར་སྤེལ་བྱེད་པའི་སྐོར་གྱི་སྙན་ཞུ》ཕུལ་བ་རེད།  1992ལོའི་ཟླ7པར་འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་བསོད་ནམས་དར་རྒྱས་ཀྱིས་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་འཁུར་བ་རེད།

ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པའི་ཐོག་མའི་དམིགས་ཡུལ་གཙོ་བོ་ནི་གཏེར་ཁ་འཚོལ་རྒྱུ་དེ་ཡིན་པ་དང་། བསོད་ནམས་དར་རྒྱས་ཀྱི་འཆར་འགོད་ལྟར་ན་གསར་སྤེལ་བྱས་རྗེས་ཀྱི་ཨ་ཆེན་གངས་རྒྱབ་ནི་འབྲི་སྟོད་མི་དམངས་ཕྱུག་འགྱུར་གྱི་འབྱུང་རྩར་འགྱུར་རྒྱུ་དེ་རེད། འོན་ཀྱང་གསེར་གཏེར་ལ་སྐོར་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད། བསོད་ནམས་དར་རྒྱས་ཀྱིས་གཙོད་ལྐོག་རྔོན་བྱེད་པའི་གནད་དོན་ཧ་ཅང་ཚབས་ཆེན་ཡིན་པ་དང་གང་སར་གཙོད་ཀྱི་བེམ་པོ་མང་པོ་མཐོང་སྐབས་སེམས་ལ་སྡུག་བསྔལ་གྱིས་ཁེངས།

སྐབས་དེར་བསོད་ནམས་དར་རྒྱས་དང་མཉམ་དུ་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་མཁན་བཀྲ་ཤིས་རྡོ་རྗེས་ཕྱིར་དྲན་བྱས་པ་ལྟར་ན། དང་ཐོག་ཨ་ཆེན་གངས་རྒྱབ་ཏུ་སླེབས་སྐབས་བསོད་ནམས་དར་རྒྱས་ཀྱིས་ནམ་ཡང《བཟོ་ལས་གཏེར་ཁ་གསར་སྤེལ》ཞེས་པའི་དེབ་ཅིག་འཁྱེར་ཡོད་པ་དང་། རྗེས་སུ་ཁོང་གི་ཁུག་མའི་ནང་གི་དཔེ་དེབ་དེ《སྟོངས་ཉེའི་དངོས་རིགས་ཀྱི་མིང་གཞུང》དུ་བསྒྱུར་ཡོད།

དང་ཐོག་བཀྲ་ཤིས་རྡོ་རྗེས་དེ་དག་ཐམས་ཅད་ཀྱི་རྒྱུ་མཚན་ཅི་ཡིན་ཤེས་མེད་མོད། བསོད་ནམས་དར་རྒྱས་ཀྱི་ངོས་ནས་བརྗོད་ན། ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་འགན་ལ་འགྱུར་ལྡོག་བྱུང་ཡོད་དེ། ཁོ་ཚོས་ད་ནས་བཟུང་གཏེར་ཁ་སྔོག་འཚོལ་མི་བྱེད་པར་ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བཟུང་ཡོད། བཀྲ་ཤིས་རྡོ་རྗེ་ཡིས“འགྱུར་ལྡོག་དེ་རིགས་ལ་སྐབས་དེར་ཚང་མས་ཁས་ལེན་བྱེད་ཀྱིན་མེད། འོན་ཀྱང་བསོད་ནམས་དར་རྒྱས་ཀྱིས་ཁོང་གི་དད་སེམས་བརྟན་པོར་བཅངས་ནས་རྒྱུན་འཁྱོངས་བྱས་ཡོད”ཟེར།

ཐེངས་མང་པོར་རྟོག་ཞིབ་བྱས་པ་བརྒྱུད། བསོད་ནམས་དར་རྒྱས་ཀྱིས་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོང་བྱ་རྒྱུའི་གྲོས་གཞི་བཏོན་པ་དང་། ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་ཨ་ཆེན་གངས་རྒྱབ་ནགས་ལས་མངགས་གཏོང་ཁང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཞུང་ལས་ཁང་འཛུགས་རྒྱུའི་ཆོག་མཆན་གནང་བ་དང་། རྗེས་སུ“རི་མཐོའི་རྩྭ་ར་སྲུང་སྐྱོབ་གཞུང་ལས་ཁང”བཙུགས་ཤིང་། ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་ལ་བརྟེན་ནས། བསོད་ནམས་དར་རྒྱས་ཀྱིས་རང་རྒྱལ་གྱི་དྲག་ཆས་ལྐོག་རྔོན་ལ་ངོ་རྒོལ་བྱེད་པའི་དཔུང་ཁག་དང་པོ་དེ་བཙུགས་པ་རེད།

ཐོག་དང་པོར་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་དུས། བསོད་ནམས་དར་རྒྱས་ཀྱིས་སྤོབས་པ་ཆེན་པོས"ང་ཚོར་བསུ་བ་ཞུ་མཁན་ནི‘ཚེ་སྲོག་གི་མྱ་ངམ་ཐང’ཞེས་འབོད་པའི་ཨ་ཆེན་གངས་རྒྱབ་དང་ས་གཞི་དེའི་སྟེང་གི་ཁྲིམས་མེད་ལུགས་མེད་དང་གདུག་རྩུབ་ཀྱི་སྟོབས་ཤུགས་སྣ་ཚོགས་ཡིན་ཞིང་། ང་ཚོས་རྫོང་ཡོངས་མངའ་ཁོངས་ཀྱི60%ཡི་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུའི་འགན་འཁྲི་འཁུར་ཡོད་པས། ང་ཚོར་དཀའ་སྤྱད་སྙིང་རུས་དང་གསར་འབྱེད་གསར་གཏོད། ལེགས་སྐྱེས་འབུལ་ཕོད་པ་བཅས་ཀྱི་སྙིང་སྟོབས་ལྡན་དགོས་པ་མ་ཟད། སྐབས་རེར་ང་ཚོས་གཅེས་སུ་འོས་པའི་ཚེ་སྲོག་དབུལ་དགོས་པའང་ཡོད་སྲིད"ཅེས་བཤད།

དུས་དེ་ནས་བཟུང་བསོད་ནམས་དར་རྒྱས་ཀྱིས་རླབས་ཆེའི་དམ་བཅའ་བཞག་པ་དང་ཁོང་གིས་ཀྱང་བྱ་སྤྱོད་དངོས་ཀྱིས་རང་ཉིད་ཀྱི་དམ་བཅའ་ལག་ལེན་བསྟར་བ་རེད།

ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར་བའི་ཉིན540ལྷག་འདས་པའི་རིང་། བསོད་ནམས་དར་རྒྱས་སྔ་རྗེས་སུ་ཨ་ཆེན་གངས་རྒྱབ་ཀྱི་དཀྱིལ་དབུས་སུ་ཐེངས12ལ་བསྐྱོད་དེ་ལམ་ཐག་སྤྱི་ལེ་ཁྲི6ལྷག་བརྒལ་བ་དང་། ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཐོན་ཁུངས་ལ་ཁྱོན་ཡོངས་ནས་རྟོག་ཞིབ་ཞིབ་མོ་གནང་བར་མ་ཟད། ཡི་གེ་དང་པར་རིས་ཀྱི་དཔྱད་གཞི་འབོར་ཆེན་མང་པོ་ཐོག་དང་པོར་འཚོལ་བསྡུ་བྱས་པ་རེད།

བསོད་ནམས་དར་རྒྱས་ཀྱིས་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་སྣའི་སྣེ་ཁྲིད་དེ་སྔ་རྗེས་སུ་ཁྲིམས་འགལ་ངང་མེ་མདའ་བཟུང་ནས་ལྐོག་རྔོན་རྒྱག་མཁན་ཚོགས་པ8རྩད་ཆོད་པ་དང་། མེ་མདའ25དང་མདེའུ་ཁྲི་ལྷག་གཞུང་བཞེས་བཏང་ལ། རླངས་འཁོར་སྣ་ཚོགས12དང་གཙོད་པགས1416།  ཝ་ལྤགས200ལྷག་གཞུང་བཞེས་བཏང་བ་རེད།

1994ལོའི་ཟླ1པོའི་ཚེས18ཉིན། བསོད་ནམས་དར་རྒྱས་ཀྱིས་རུ་མི3གྱི་སྣེ་ཁྲིད་དེ་སྐོར་ཞིབ་བྱེད་པའི་རིང་། མི18ཡོད་པའི་གཙོད་ལྐོག་རྔོན་རྒྱག་པའི་ཚོགས་པ་ཞིག་མཐོང་བ་མ་ཟད་དེ་དག་འཛིན་བཟུང་བྱས་པ་རེད། ཕྱིར་ལོག་པའི་ལམ་བར་དུ། ཉི་མའི་མཚོ་འགྲམ་བརྒྱུད་སྐབས་ལྐོག་རྔོན་རྒྱག་མཁན་གྱིས་གློ་བུར་དུ་ངོ་རྒོལ་བྱས་ནས་འཐབ་འཛིང་དྲག་པོ་བྱུང་། དེའི་ཁྲོད་བསོད་ནམས་དར་རྒྱས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར།

ལོ40ལས་མ་སོན་པའི་བསོད་ནམས་དར་རྒྱས་ཀྱི་ཚེ་སྲོག་ཨ་ཆེན་གངས་རྒྱབ་ལ་ལེགས་སྐྱེས་སུ་ཕུལ་ཡོད།  ཁོས“དབུགས་ཐག་མ་ཆད་བར་དུ་མི་དམངས་བྱ་གཞག་གི་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་དམ་བཅའ”ལག་བསྟར་བྱས་ཡོད།

འདི་ནི1994ལོའི་ཟླ1པོའི་ཚེས18ཉིན་གྱི་མཚན་མོ་ཞིག་ཡིན།

འགྲིམ་འགྲུལ་སྟབས་མི་བདེ་བ་དང་འཕྲིན་གཏོང་ཆ་རྐྱེན་ཞན་པ། གསང་འཕྲིན་བརྒྱུད་སྤྲོད་འགོར་བ་སོགས་ཀྱི་རྐྱེན་གྱིས་ཚེས22ཉིན་གཞི་ནས་གྱོད་དོན་སྙན་ཞུ་འབྱོར་ཞིང་། ཉིན་བཅུ་ལྷག་འགོར་བའི་རྗེས་ཀྱི་ཚེས29ཉིན་བེམ་པོ་ཆུ་དམར་ལེབ་རྫོང་མཁར་དུ་བསྐྱལ་བ་རེད།

བསོད་ནམས་དར་རྒྱས་དེ་ལྟར་གཟི་བརྗིད་ངང་མི་ཡུལ་དང་ཁ་བྲལ་སོང་། ཁོང་གིས་མི་རྣམས་ལ་འོད་ཟེར་འཕྲོ་བའི་བྱས་རྗེས་ཤིག་བཞག་པར་མ་ཟད། བརྩེ་སེམས་ཟབ་མོ་ཞིག་དང་ཉམས་མེད་ཀྱི་རྡོ་རིང་ཞིག་ཀྱང་བཞག་ནས་བུད་སོང་།

བསོད་ནམས་དར་རྒྱས་སྐུ་གཤེགས་པ་དེས་ལས་རིགས་ཁག་དང་གླེང་ཕྱོགས་ཁག་ཧ་ལས་པར་བྱས་ལ། རང་རྒྱལ་གྱིས་རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་བསླངས་ཡོད། 1995ལོའི་ཟླ10པར་ཞིང་ཆེན་སྲིད་གཞུང་གིས“ཨ་ཆེན་གངས་རྒྱབ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ”འཛུགས་རྒྱུའི་ཆོག་མཆན་གནང་བ་དང་། 1996ལོའི་ཟླ5པར་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཚིགས་དང་པོ་སྟེ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་འཛུགས་སྐྲུན་གྱི་རྨང་གཞི་བཏིང་བ་དང་འབྲེལ་ཕྱི་ལོའི་ཟླ9པར་སྤྱོད་མགོ་ཚུགས་པ་རེད། 1996ལོའི་ཟླ11པར་བསོད་ནམས་དར་རྒྱས་ལ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཅུའུ་དང་ནགས་ལས་པུའུ་ཡིས“ཁོར་ཡུག་སྲུང་སྐྱོབ་དཔའ་བོའི”མཚན་སྙན་སྤྲད་པ་རེད། 1997ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཨ་ཆེན་གངས་རྒྱབ་དེ་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རིམ་སྤོར་བྱས་པ་དང་། དེ་ནི་ཀྲུང་གོའི་རྩ་ཆེའི་འཇིག་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་སྟེ་རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་ཆེད་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཐོག་མར་གྱུར་པ་རེད།

སྔོན་གཤེགས་དཔའ་བོ་བདེ་བར་བཞུད་ཆོག་སྟེ། མཐའ་མཚམས་སྲུང་མཁན་གྱི་དཔའ་བོ་སྔར་བཞིན་མང་པོ་འཁྲུངས་ཡོད། སྔོན་གཤེགས་དཔའ་བོ་བདེ་བར་གཟིམ་ཅིག བྱ་གཞག་རྒྱུད་འཛིན་བྱེད་མཁན་བསྟུད་མར་བྱོན་ཡོད། བསོད་ནམས་དར་རྒྱས་ཀྱི་དཔའ་མཛངས་རྟུལ་ཕོད་ཀྱི་བྱས་རྗེས་རྒྱུན་མཐུད་ངང་དྲིལ་སྒྲོག་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱང་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་ཡོད། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱིས་ཆེད་དུ་རི་དྭགས་གཙོད་གནས་སྤོར་བའི་བགྲོད་ལམ་སྐྲུན་པ་དང་།  རི་དྭགས་གཙོད་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་སུ་གྱུར་ལ། 2017ལོར་ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས་སུ་རེ་ཞུ་ལེགས་འགྲུབ་བྱུང་ནས་ཀྲུང་གོའི་འཛམ་གླིང་རང་བྱུང་ཤུལ་བཞག་ཨང51པར་གྱུར་ཡོད།

2018ལོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བློ་མཐུན100ལ་བཅོས་སྒྱུར་གདོང་ལེན་པའི་མཚན་སྙན་དང་བཅོས་སྒྱུར་གདོང་ལེན་པའི་གཟེངས་རྟགས་སྤྲོད་རྒྱུ་ཐག་བཅད་པ་དང་། བསོད་ནམས་དར་རྒྱས་ལ“བཅོས་སྒྱུར་གདོང་ལེན་པ”ཞེས་པའི་མཚན་སྙན་ཐོབ་ཡོད།

ད་ལྟ། ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་ཀྱི་གྲངས་ཀ་དེ་ཁྲི2ཙམ་ནས་ཁྲི7ལྷག་ལ་སླར་གསོ་བྱུང་བ་མ་ཟད། ཨ་ཆེན་གངས་རྒྱབ་ཏུ་མེ་མདའི་སྒྲ་ཅི་ཡང་གྲགས་རྒྱུ་མེད་པར། རི་དྭགས་གཙོད་ལ་འཚོ་གནས་ཀྱི་དག་ཞིང་ཞིག་བསྐྲུན་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།