རྫོང་མཁར་ཆུང་ཆུང་ཞིག་གི་བཅའ་ཁྲིམས་ཞབས་ཞུ་སྒྲུབ་མཁན།
2022.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

 

ཁོ་མོ་ནི་ཀོས་ནན་རྫོང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རིན་སྟེ། མི་གྲངས་ཁྲི་དགུ་ལས་མེད་པའི་རྫོང་མཁར་ཆུང་ཆུང་འདིའི་མིང་དུ་གྲགས་པའི་ཁྲིམས་རྩོད་པ་གཅིག་པུའང་ཡིན། 1999ལོར་སློབ་ཆེན་མཐར་ཕྱིན་རྗེས། ཁོ་མོས་ཆེད་ལས་གཞིར་བཟུང་སྟེ། ཀོས་ནན་རྫོང་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ནས་སྔ་གཞུག་ཏུ་གཞུང་ཕྱོགས་དཔང་མི་དང་ཁྲིམས་རྩོད་པའི་བྱ་བ་སྒྲུབ་ནས། རོང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པར་རོགས་རམ་བྱས་ཤིང་། ད་ལྟའི་བར་གྱོད་གཞི་སྣ་ཚོགས600ལྷག་སྒྲུབ་པ་དང་།  བཅའ་ཁྲིམས་བློ་འདྲི་དང་བཅའ་ཁྲིམས་གཞུང་ཡིག་ཚབ་འབྲི་སོགས་ཀྱི་བྱ་བ་མང་པོ་ཞིག་སྒྲུབ་ཡོད།

2017ལོར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོ་མོར་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་མི་སྣ་དང་། 2019ལོར་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་སྔོན་ཐོན་མི་སྣ། 2020ལོར་ཞིང་ཆེན་བུད་མེད་དང་བྱིས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་མི་སྣ། 2021ལོར་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་བྱ་བའི་སྔོན་ཐོན་མི་སྣ་བཅས་སུ་བདམས་ཤིང་། ཁོ་མོ་ནི་ཀོས་ནན་རྫོང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཆོས་མཚོ་སྒྲོལ་མ་རེད།

བཅའ་ཁྲིམས་རོགས་སྐྱོར་གྱིས་མང་ཚོགས་ཀྱི་དཀའ་གནད་སེལ།

ཆོས་མཚོ་སྒྲོལ་མར་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པའི་དམིགས་གསལ་གྱི་ལེགས་ཆ་ཞིག་ཡོད་པའི་རྐྱེན་གྱིས་ཐེངས་མང་པོར་རྫོང་ཁག་གཞན་པ་དང་ས་ཁུལ་གཞན་པར་སོང་སྟེ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་མང་པོ་ཞིག་སྒྲུབ་པ་རེད།

ཀོས་ནན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཟུར་པའི་འགན་གཅིག་ལྕོགས་སུ་ཁུར་པའི་ཁོ་མོས་བུད་མེད་དང་བྱིས་པའི་ཁེ་དབང་ཐད་ཀྱི་བྱ་བ་མང་པོ་ཞིག་སྒྲུབ་མྱོང་། 2015ལོར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་བུ་མོ་ཞིག་གིས་ལས་ཡུལ་དུ་ལས་ཀ་བྱེད་སྐབས་སྟབས་མ་ལེགས་པར་ལས་སྒྲུབ་འཁོར་སྒྲོམ་སྟེང་ནས་ལྷུང་ཏེ་རྐང་བ་གཡས་པ་བཅག དོན་རྐྱེན་བྱུང་རྗེས་ལས་ཡུལ་གྱི་སྦྱིན་བདག་གིས་སྐྱིན་ཚབ་ཀྱི་འགན་འཁུར་རྒྱུར་ཁས་མ་བླངས་པས། ཁོ་ཚོས་སྤྱི་ལེ་བརྒྱ་ལྷག་གི་མཚམས་སུ་ཡོད་པའི་དཔའ་ལུང་རྫོང་ནས་ཀོས་ནན་རྫོང་དུ་བཅའ་ཁྲིམས་རོགས་སྐྱོར་གྱི་རེ་ཞུ་བྱེད་པར་ཡོང་བ་དང་།   ཆོས་མཚོ་སྒྲོལ་མས་ཐེ་ཚོམ་ཅི་ཡང་མེད་པར་གྱོད་གཞི་དེ་དང་ལེན་བྱས།  ཁོ་མོ་ཐེངས་མང་པོར་དཔའ་ལུང་རྫོང་དུ་སོང་ནས་མི་སྤྱོད་ལས་ཁུངས་དང་འབྲེལ་གཏུག་མང་པོ་བྱས་མཐར།   ད་བཟོད་དོ་བདག་ལ་སྐྱིན་ཚབ་སྒོར་ཁྲི་དགུ་རྩིས་སྤྲོད་བྱེད་དུ་བཅུག

2016ལོར་སུམ་མདོ་གྲོང་རྡལ་གྱི་ལོ་བདུན་ཅུར་སླེབས་པའི་ཨ་མ་རྒན་མོ་ཞིག་གི་བུ་རླངས་འཁོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་།   ཤུལ་དུ་ལོ་ན་ཆུང་བའི་ཚ་བོ་གཉིས་དང་རྣ་གཉིས་འོན་པའི་མནའ་མ་ལུས་ཡོད་པ་དེ་ཤེས་རྗེས།  ཆོས་མཚོ་སྒྲོལ་མས་རང་འགུལ་ངང་ཨ་མ་རྒན་མོ་དེར་འབྲེལ་གཏུག་བྱས་ནས་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱས་པ་དང་།  གཞུང་གཏུག་བྱས་རྗེས་ཁྲིམས་ཁང་གི་གཙོ་སྐྱོང་འོག་ཉེན་ཚབ་ཀུང་ཟི་དང་རླངས་འཁོར་དོན་རྐྱེན་བཟོ་མཁན་བར་ལ་གྲོས་སྡུར་ཐེངས་མང་བྱས་མཐར།   གནོད་འཚེ་ཐེབས་མཁན་གྱི་ཁྱིམ་མིར་སྐྱིན་ཚབ་སྒོར་འབུམ་གཅིག་ཐོབ་པ་རེད།

ཆོས་མཚོ་སྒྲོལ་མས་འདི་ལྟར་སེམས་པ་རྩེ་གཅིག་གིས་མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱས་པར་མ་ཟད།   བཅའ་ཁྲིམས་ལ་བརྟེན་ནས་མི་རྣམས་ཀྱི་ཕུགས་འདུན་དོན་གཉེར་བྱེད་པའི་དམ་བཅའ་དང་འགན་འཁྲི་གང་ལེགས་སྒོས་མཚོན་པ་རེད།

བཅའ་ཁྲིམས་ཞབས་ཞུས་དམངས་ཚིས་ལ་ཕན་ཁེ་བསྐྲུན།

ཀོས་ནན་རྫོང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཡིན་པའི་ཆ་ནས། ཆོས་མཚོ་སྒྲོལ་མས་རང་གི་འགན་འཁྲི་ལྕི་ནའང་ངལ་བ་དང་འཁང་ར་མེད་པར་འབད་བརྩོན་ལྷོད་མེད་སྒོས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་གཞིའི་ལས་སྟེགས་དང་ཀོས་ནན་རྫོང་གི་སྤྱི་པའི་བཅའ་ཁྲིམས་ལས་སྟེགས་བསྐྲུན་པའི་བརྒྱུད་རིམ་ཁྲོད།  ཚད་ལྡན་ཅན་གྱི་དོ་དམ་གོ་རིམ་ཆ་ཚང་ཞིག་འཚོལ་ཞིབ་བྱས་པ་རེད།

ཀོས་ནན་རྫོང་ནི་ས་ཐག་རིང་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་།   མི་རིགས་མང་པོ་འདུས་སྡོད་བྱེད་པ།  སྡོད་གནས་ཐར་ཐོར་ཡིན་པ་བཅས་ཀྱི་རྫོང་ཞིག་ཡིན།   ཆོས་མཚོ་སྒྲོལ་མ་རྫོང་མཁར་ཆུང་ཆུང་འདིའི་ཁྲིམས་རྩོད་པ་གཅིག་པུ་ཡིན་པའི་ཆ་ནས།  མང་ཚོགས་ལ་དུས་ལྟར་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་ཆེད་ཁོ་མོས་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཡོད་ལས་ཁུངས་དང་ཡུལ་ཚོ་གྲོང་རྡལ་སོགས་ལ་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ཏེ། བཅའ་ཁྲིམས་རོགས་སྐྱོར་གྱི་གཞི་རིམ་སྒྲིག་གཞི་བཙུགས་པར་མ་ཟད།  སྣེ་ཁྲིད་དེ་དྲ་རྒྱའི་རྩ་འཛུགས་འཐུས་ཚང་དུ་བཏང་བ་རེད།

འབད་བརྩོན་ལྷོད་མེད་དང་མཐུན་སྦྱོར་བྱས་པ་བརྒྱུད། ཀོས་ནན་རྫོང་གིས་རྫོང་ཡོངས་སུ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་གཅིག་དང་།  ཡུལ་ཚོ་དང་གྲོང་རྡལ་གྱི་ལས་དོན་ས་ཚིགས་དྲུག   སྡེ་བའི་ལས་དོན་ཁང་གྱ་བཞི་བཅས་བཙུགས་པར་མ་ཟད། བཅའ་ཁྲིམས་ཞབས་ཞུའི་འབྲེལ་གཏུག་པ་གྱ་བཞི་བཀོད་སྒྲིག་བྱས་ཏེ། རྫོང་གི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱིས་སྣེ་ཁྲིད་བྱེད་པ་དང་། ཁྲིམས་རྩོད་པའི་ལས་སྒྲུབ་ཁང་དང་གཞུང་དཔང་ཁང་གཙོ་བོ་བྱེད་པ།  སྡེ་ཁག་དང་ཞང་གྲོང་ཁྲིམས་འཛིན་སའོ་ཡིས་རྨང་གཞི་བྱེད་པ་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་གཞིའི་དྲ་རྒྱའི་མ་ལག་ཅིག་ཆགས་ཡོད་པ་རེད།

ཁྲིམས་རྩོད་པ་ཞིག་གི་ངོས་ནས་ཆོས་མཚོ་སྒྲོལ་མས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཕན་གྱི་སེམས་པ་བཅངས་ནས་རང་འགུལ་ངང་བཅའ་ཁྲིམས་ཁྱབ་གདལ་གྱི་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་ཏེ།  བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དང་ཁྲིམས་སྐྱོང་གི་འདུ་ཤེས་བརྒྱུད་སྤེལ་བྱེད་པ།  ངང་རྒྱུད་རིང་པོས་དོགས་གཞིར་ལན་འདེབས་པ། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་དོན་ནན་ཏན་སྒོས་ལེགས་པོར་སྒྲུབ་པ་རེད།

རང་འཁྲིའི་ལས་ཀ་ལེགས་པོར་སྒྲུབ་པ་དང་ཆབས་ཅིག ཆོས་མཚོ་སྒྲོལ་མས་ད་དུང་སློབ་གྲྭ་མང་པོའི་བཅའ་ཁྲིམས་ཟུར་ཁྲིད་པའི་འགན་འཁུར་བ་དང་།   ཡུལ་ཚོ་དང་གྲོང་རྡལ་དྲུག་གི་བཅའ་ཁྲིམས་བློ་འདྲི་བའི་འགན་ཡང་འཁུར་བཞིན་ཡོད།  རྫོང་དམངས་འཐུས་ཚོགས་ཆེན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་གིས་གདན་ཞུ་བྱས་པ་ལྟར། ལོ་རེར་རིན་མེད་ངང་རིགས་ཁག་གི་བཅའ་ཁྲིམས་གསོ་སྦྱོང་སྤེལ་བར་མ་ཟད།  ཀོས་ནན་རྫོང་གི་བཅའ་ཁྲིམས་འཆད་ཁྲིད་ཚོགས་པའི་ཁོངས་མིར་བདམས་ཡོད། ཁོ་མོས་བཅའ་ཁྲིམས་ཁྱབ་གདལ་གྱི་འཆད་ཁྲིད་དེ་སློབ་གྲྭ་དང་། ཕན་བདེ་ཁང་། ལྟ་སྲུང་ཁང་བཅས་སུ་གཉེར་བ་དང་། དུས་ཆེན་དང་ངལ་གསོའི་སྐབས་སུ་ད་དུང་ལྟེ་གནས་ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ཁྲོམ་གཞུང་དང་རོང་འབྲོག་ཁུལ་དུ་སོང་ནས་སྐོར་སྐྱོད་དྲིལ་བསྒྲགས་བྱས་པ་དང་། ཡུལ་དངོས་ནས་བཅའ་ཁྲིམས་བློ་འདྲི་དང་བཅའ་ཁྲིམས་རོགས་སྐྱོར། བཅའ་ཁྲིམས་ཤེས་བྱ་དྲིལ་སྒྲོག་སོགས་བྱས་པས།   མི་རྣམས་ཀྱིས་བཅའ་ཁྲིམས་ཤེས་རྟོགས་བྱུང་ཚད་ཆེ་རུ་ཕྱིན་པ་དང་ཁེ་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན་ཡོད།

ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད།  ཀོས་ནན་རྫོང་གི་མང་ཚོགས་ཁྲོད་བཅའ་ཁྲིམས་རོགས་སྐྱོར་ཤེས་རྟོགས་བྱུང་ཚད་དང་ཁྱབ་གདལ་བྱེད་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་སྟེ། མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་བ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་བློ་འདྲི་བྱེད་དུ་ཡོང་བའི་མང་ཚོགས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད།  ཆོས་མཚོ་སྒྲོལ་མ་དང་ལྟེ་གནས་ཀྱི་ལས་བྱེད་མི་སྣས་བཅའ་ཁྲིམས་བློ་འདྲི་བྱེད་དུ་ཡོང་བའི་མང་ཚོགས་ཀྱི་དཀའ་ཁག་སེམས་ལ་བཟུང་ནས་གྱོད་གཞི་རེ་རེའི་ཁྲོད་ནས་ཁོ་ཚོར་འདྲ་མཉམ་དང་དྲང་བདེན་ཚོར་ཐུབ་པར་བྱེད་ཀྱིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།