བུད་མེད་ཀྱི་བྱམས་བརྩེ་རེབ་གོང་གསེར་མོ་ལྗོངས་སུ་ཁྱབ།
2022.04.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

རྒན་བཀུར་ཁང་གི་ལས་དོན་གྱི་ཆེད་དུ་གསོག་དངུལ་ཡོངས་སུ་བཀོལ་ཚར་བ་དང་རང་ནུས་ཅི་ཐུབ་བྱེད་ཀྱིན་ཡོད་ལ། དེ་ཡང་དབང་ཕྱུག་མཚོའི་སྔོན་ཆད་བརྒྱུད་མྱོང་བའི་འཁོར་བའི་སྡུག་བསྔལ་གྱི་རྐྱེན་ཡང་ཡིན་སྲིད། མོས་དབུལ་ཞིང་ཕོངས་པའི་དཀའ་ངལ་དང་སྐྱབས་མེད་ཁེར་རྐྱང་གི་བྲོ་བ་དེ་ནི་ཇི་ལྟ་བུ་ཞིག་ཡིན་པ་གསལ་བོར་ཤེས་འདུག

ཁྱིམ་མཚེས་གཡས་གཡོན་གྱིས་རྟོག་དཀའ་བའི་མིག་མདངས་དང་། ཡང་ན་གཉེན་ཉེ་དང་གྲོགས་པོས་སེམས་བཟང་བཅངས་ནས་ཁ་བརྡ་ཇི་ལྟར་བྱས་རུང་། དབང་ཕྱུག་མཚོ་ལ་མཚོན་ན་སེམས་ཐག་བཅད་དེ་སྒྲུབ་འདོད་པའི་བྱ་བ་དེ་མཐའ་འཁྱོངས་བྱས།

ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། དབང་ཕྱུག་མཚོས་བྱམས་བརྩེ་སྨན་བཅོས་ལུས་གསོ་ཟུང་འབྲེལ་རྒན་བཀུར་ཁང་གི་ཞབས་ཞུ་རུ་མི་ཁྲིད་དེ། མཁར་གྲོང་གི་ཕྱི་རུ་བགྲོད་པའི་ལམ་དེ་དེད་ནས་མགྱོགས་པོར་འགྲོ་བཞིན་ཡོད་ལ། ཁོ་ཚོའི་ཐེངས་འདིའི་དམིགས་ཡུལ་ནི་དམེ་ཤུལ་རི་འདབས་ཀྱི་བཙན་མོ་ཡུལ་ཚོ་ཀླུ་ཚང་སྡེ་བའི་རྒན་པོ་ཚེ་འབུམ་རྒྱལ་ཚང་ཡིན་ཞིང་། རྒན་པོའི་སྐྲ་ལོ་རིང་བོར་སྐྱེས་པས་གཙང་སྦྲ་ལེགས་པོ་ཞིག་བྱེད་དགོས་པ་རེད།

དེ་ནི་དབང་ཕྱུག་མཚོའི་ད་ལྟའི་ལས་ཀ་ཡིན་པ་དང་། དབྱར་གྱི་ཚ་གདུག་དང་དགུན་གྱི་གྲང་ངར་གང་ཡིན་རུང་། མོ་ནི་སྡེ་ཁུལ་དང་གྲོང་གསེབ། རྩྭ་ཐང་བཅས་སུ་སོང་སྟེ། གཅེས་སུ་འོས་པའི་རྒན་པ་རྣམས་དང་མཉམ་དུ་འཚོ་བའི་ཁ་བརྡ་བྱེད་རོགས་བྱེད་པར་མ་ཟད། ཁོ་ཚོར་མལ་སྟན་དང་སྐྲ་ལོ་བཀྲུ་རོགས་བྱས་པ་དང་། ཕྱིར་ལོག་སྐབས་རླངས་འཁོར་ནང་དུ་རུ་མི་ཚོ་དང་མཉམ་དུ་གླུ་དབྱངས་ལེན་པ་དང་དགོད་གཏམ་བཤད་དེ་དགའ་སྤྲོས་མྱོས་འདུག

རོང་བོ་སྡེ་བ་རུ་དབང་ཕྱུག་མཚོ་ནི་བུད་མེད་འཇོན་ཐང་ཅན་ཞིག་ཏུ་བརྩི་ཆོག དཔལ་འབྱོར་གྱི་ཆ་རྐྱེན་ཕྱོགས་ནས་བཤད་ཚེ། སྤྱིར་ཡིན་ན་མོ་ཁྱིམ་བདག་མ་བྱས་ནས་བྱིས་པར་བདག་སྐྱོང་བྱེད་ཞོར་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་ཆོག་ཆོག་རེད། 2007ལོར། ལས་རྐང་ནས་བུད་པའི་བཟོ་བ་ཡིན་པའི་དབང་ཕྱུག་མཚོས་ལས་སྐྲུན་ལ་བརྟེན་ནས། ཟླ་རེར་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར་ཁྲི་གཉིས་རེ་བླངས་པ་དང་། ལོ་ངོ་མང་པོར་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། 2015ལོའི་སྐབས་སུ། མོར་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཡི་གསོག་དངུལ་ཡོད་པ་རེད།

“ང་ཚོའི་ཉེ་འགྲམ་དུ་མི་མང་པོ་ཞིག་གིས་ཡིད་སེམས་འགུལ་པའི་དོན་བཟང་སྒྲུབ་ཀྱིན་འདུག” 2014ལོར། གློ་བུར་བའི་གོ་སྐབས་ཤིག་གིས་དབང་ཕྱུག་མཚོ་རྨ་ལྷོ་ཁུལ་བདེ་ཐང་ཡར་སྐུལ་དང་སློབ་གསོ་མཐུན་ཚོགས་ནང་ཞུགས་པ་དང་། མཐུན་ཚོགས་ཀྱི་སྤྱི་ཕན་བྱ་འགུལ་རེ་རེའི་ཁྲོད། མོར་སེམས་གཏིང་ནས་བྱམས་སེམས་ཀྱིས་ཁེངས་པའི་ལས་དོན་ཞིག་བསྒྲུབ་པའི་འདུན་པ་འགོག་མེད་དུ་སྐྱེས། དེའི་རྗེས་སུ། རྨ་ལྷོ་ཁུལ་བརྩེ་སེམས་དབོར་འདྲེན་པའི་མཐུན་ཚོགས་ཀྱི་དང་བླངས་པར་གྱུར་རྗེས། འདུན་པ་དེས་མོའི་ལུས་སེམས་ཡོངས་ལ་ཁ་ལོ་བསྒྱུར་བ་རེད།

“ལས་ཀ་དེ་ནི‘འགྲོ་སོང་ཆེ་བའི’ལས་དོན་ཞིག་ཡིན་པས། ང་ཚོའི་ཕྲག་ཏུ་ཁུར་ཐུབ་པའི་ལས་ཤིག་ག་ལ་ཡིན།” 2017ལོར། རྨ་ལྷོ་ཁུལ་བྱམས་བརྩེ་རྒན་གསོ་ཞབས་ཞུ་ཚད་ཡོད་ཀུང་སི་ཐོ་འགོད་བྱེད་པའི་སྐབས་དེར། དབང་ཕྱུག་མཚོའི་ཁྱིམ་མིས་མོ་ལ་ཁ་ཏ་མང་དུ་བྱས་མོད། འོན་ཀྱང་མོས་རང་ནུས་ཅི་ཡོད་ཀྱིས་ལས་ཀ་དེ་ལག་ལེན་ལ་འདེབས་རྒྱུའི་སེམས་ཐག་བཅད།

དོན་དངོས་ཀྱིས་ར་སྤྲོད་བྱས་པ་ནི་མོའི་ཁྱིམ་མིས་བཤད་པ་བདེན་ཏེ། ད་རག་བར་དུ་ལས་དོན་དེ་ལེགས་པོར་བསྒྲུབས་པར་མོའི་གསོག་དངུལ་ཡོད་ཚད་བཀོལ་ཚར། ཡིན་ཡང་དགའ་འོས་པ་ཞིག་ལ2019ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ཡི་བདག་སྐྱོང་ཐོག་ཁང་དང་པོ་སུ་འཇོན་དེ་འགུག་བྱས་པ་དང་། དབང་ཕྱུག་མཚོའི་ཀུང་སི་ཐེངས་རེ་རེའི་བསྡུར་བ་བྱས་པའི་ཁྲོད་ནུས་རྩལ་ཀུན་གྱིས་རྩེར་བུད་དེ། སྤྱི་འཛུགས་དམངས་གཉེར་རྣམ་པས་ལས་གཞི་དེ་འགན་ལེན་ཐུབ་པ་བྱུང་།

རྨ་ལྷོ་ཁུལ་སྨན་བཅོས་ལུས་གསོ་ཟུང་འབྲེལ་རྒན་བཀུར་ཁང་གི་བར་ཁྱམས་ཀྱི་གྱང་ངོས་ཡོངས་སུ། འདྲ་པར200ལྷག་གྲལ་དག་པོས་སྦྱར་འདུག དབང་ཕྱུག་མཚོས་བཤད་རྒྱུར། འདི་ནི་རྒན་བཀུར་ཁང་འཁོར་སྐྱོད་བྱས་པའི་ཚུན་གྱི་ཉིན་རྒྱུན་གྱི་བྱ་བའི་འདྲ་པར་ཁ་ཤས་ཡིན། ཞིབ་ལྟ་ཞིག་བྱས་པ་ན། གྱང་ངོས་ཀྱི་རྒན་རྒོན་ཚོའི་འདྲ་པར་རེ་རེར་དགའ་སྤྲོའི་འཛུམ་མདངས་མངོན་ཏེ། མི་ལ་དྲོད་སྣང་ཞིག་འགོག་མེད་དུ་སྦྱིན་ཡོང་།

2020ལོའི་ཟླ6པའི་ཉིན་ཞིག་ལ། གྲོགས་པོས་ཆ་འཕྲིན་མཁོ་འདོན་བྱས་པ་བརྒྱུད། དབང་ཕྱུག་མཚོས་ཐུན་རིན་གྲོང་ཁྱེར་གཉན་ཐོག་ཡུལ་ཚོའི་ལོ་ན95ལ་སོན་པའི་རྒན་མོ་མཁའ་མོ་བྱམས་མཐོང་བ་དང་། ཡར་སྔོན་མོས་རྒན་མོའི་གནས་ཚུལ་ལ་རྒྱུས་ལོན་བྱས་མྱོང་མོད། འོན་ཀྱང་མིག་མདུན་གྱི་རྣམ་པས་མོ་རང་ཧ་ལས་སུ་བཅུག རྒན་མོ་དེ་ཐབས་ཆག་གི་ས་ཐབ་སྟེང་ཉལ་ཞིང་། ཁང་པའི་གདུང་མའི་སྟེང་ལོ་མང་པོར་བཀོལ་སྤྱོད་བྱས་ནས་ཚིལ་དྲེགས་ཆགས་པའི་ཐག་པ་ཕྲ་མོ་ཞིག་བཏེགས་ནས་སྔས་མགོར་དཔྱངས་འདུག “ལིང་ཏོག་ནད་ཀྱིས་རྒན་མོ་ལོང་བར་གྱུར་ནས་ཧ་ལམ་ལོ་གསུམ་འགོར་ཡོད་ལ། སྤྱོད་ཁང་དང་སྒོ་ཕྱི་ལ་ཉི་མ་ལྡེ་རུ་འགྲོ་དུས། མོས་ཐོག་མར་ལག་པ་བསྲིངས་ནས་ཐག་པར་འཇུས་པ་དང་། དེ་ནས་གྱང་ལ་འཁེན་ཏེ་གོམ་པ་གཅིག་རེ་གཅིག་རེ་སྤོས་ནས་འགྲོ་བཞིན་ཡོད”ཅེས་དབང་ཕྱུག་མཚོས་དབུགས་རིང་ཞིག་འཐེན་ནས་དེ་ལྟར་བཤད།

2020ལོའི་ཟླ7པའི་ཚེས10ཉིན། རྨ་ལྷོ་ཁུལ་སྨན་ཁང་གི་གཤགས་བཅོས་ཁང་གི་སྒོ་ཁར། བྲེལ་འཚུབ་ཀྱིས་ཁེངས་པའི་དབང་ཕྱུག་མཚོ་སྡོད་དབང་མེད་པར་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག ཉིན་དེར་རྒན་བཀུར་ཁང་དུ་སྡོད་པའི་རྒན་མོ་མཁའ་མོ་བྱམས་ཀྱི་མིག་གཤགས་བཅོས་བྱེད་ཀྱིན་ཡོད་པས། དབང་ཕྱུག་མཚོས་ལོ་ན95ལ་སོན་པའི་རྒན་མོ་ཞིག་གིས་གཤགས་བཅོས་ཀྱི“ན་ཟུག”ཐེག་མི་ཐུབ་པ་སེམས་ཁུར་བྱེད་ཀྱིན་ཡོད་མོད། འོན་ཀྱང་རྒན་མོས་ཡང་བསྐྱར་འོད་སྣང་མཐོང་ཐུབ་པར་དེ་ལས་ཀྱང་སེམས་གཏིང་ནས་རེ་སྒུག་བྱེད་ཀྱིན་འདུག སྨན་པས་མོར་གཤགས་བཅོས་ཧ་ཅང་ལེགས་འགྲུབ་བྱུང་སོང་ཞེས་བཤད་པ་ན། མོའི་སེམས་པ་ད་གཟོད་གཞི་ནས་བདེ་ལ་བབས། ཟླ་དེའི་ཟླ་མཇུག་ཏུ། ལོང་བར་གྱུར་ནས་ཧ་ལམ་ལོ་གསུམ་འགོར་བའི་རྒན་མོས་ཡང་བསྐྱར་འོད་སྣང་མཐོང་ཐུབ་བྱུང་།

ལོ་དེའི་དགུན་ཁར། རྒན་བཀུར་ཁང་གིས་དམིགས་བསལ་དཀའ་ངལ་ཅན་གྱི་མི་སྣ་མཁའ་འབུམ་རྒྱལ་དང་ལེན་བྱས་པ་དང་། མཁའ་འབུམ་རྒྱལ་ལ་སྨྱོ་ནད་བྱུང་ཡོད་པས། དུས་རྒྱུན་དུ་རོང་བོ་གྲོང་རྡལ་གྱི་སྲང་ལམ་དུ་འཁྱམ་ཡོད། ཐོག་དང་པོར་རྒན་བཀུར་ཁང་དུ་སྡོད་པའི་ཉིན་དེ་དག་ལ། ཁོའི་ཉིན་མཚན་གོ་ལྡོག་པའི་ངལ་གསོའི་དུས་ཚོད་བཅོས་བསྒྱུར་བྱེད་ཆེད། དགོང་མོ་དབང་ཕྱུག་མཚོ་དང་ལས་གྲོགས་ཚོས་རེས་སྐོར་ཏེ་མལ་ཁང་གི་སྒོ་བསྲུངས་ནས་ཕྱིར་འགྲོ་རུ་མ་བཅུག་པ་དང་། ཉིན་དཀར་ཁོ་དང་མཉམ་དུ་ཁ་བརྡ་བྱེད་པ་དང་ཡང་ན་རྩེད་མོ་རྩེ་བ་སོགས་བྱས་པས། རྣམ་རིག་མི་གསལ་བའི་མཁའ་འབུམ་རྒྱལ་ལ་མཚོན་ན་སྐབས་དེ་དག་ཏུ་ཁོ་ཚོས་ཁེར་བཤད་རྒྱག་པ་དང་མཚུངས་མོད། འོན་ཀྱང་ངོ་མཚར་བ་ཞིག་ལ། ཉིན་གསུམ་གྱི་རྗེས་སུ། ཁོའི་ངལ་གསོའི་གོམས་གཤིས་བསྒྱུར་ཐུབ་པ་བྱུང་ཞིང་། དབང་ཕྱུག་མཚོ་དང་ཞབས་ཞུ་རུ་ཁག་གིས་གཉེན་ཉེ་ཇི་བཞིན་འདུག་རོགས་དང་ལྟ་སྐྱོང་བྱས་འོག ཟླ་གཅིག་ལྷག་གི་རྗེས་སུ། མཁའ་འབུམ་རྒྱལ་གྱི་རྣམ་རིག་སྔོན་ཆད་ལས་ཇེ་གསལ་དུ་གྱུར།

“ཟླ་གཅིག་གི་རིང་ལ་ཁོ་ནི‘སྐད་ཆ་བཤད་རྒྱུར་དགའ་བ’ཞིག་ཏུ་གྱུར་ཅིང་། ང་ཚོ་མཐོང་ཚེ་བཤད་མི་ཚར་བའི་སྐད་ཆ་ཡོད་པ་དང་། ཁོ་ལ་དེ་འདྲའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཐུབ་པ་ཡིད་ལའང་དྲན་མ་མྱོང་།”དབང་ཕྱུག་མཚོས་པར་བླངས་པའི་མཁའ་འབུམ་རྒྱལ་གྱི་འདྲ་པར་དེའི་སྟེང་། ཁོའི་ལུས་ལ་ལྗང་སྐྱའི་འོག་འཇུག་གསར་པ་ཞིག་གྱོན་པ་དང་། མགོ་ཡི་སྐྲ་ཐུང་ཞིང་ཁ་སྤུ་ཡང་གཙང་མར་གཞར་ཏེ། གདོང་ལ་འཛུམ་གྱིས་ཁེངས་འདུག

གྱང་ངོས་དེའི་འདྲ་པར200ལྷག་གི་རྒྱབ་ཏུ། མི་སེམས་ལ་ཟུག་པའི་གཏམ་རྒྱུད་ཚན་པ200ལྷག་ཡོད་ཅིང་། དབང་ཕྱུག་མཚོ་དང་རྒན་མོ་མཁའ་མོ་བྱམས། མཁའ་འབུམ་རྒྱལ་བཅས་བར་གྱི་གཏམ་རྒྱུད་ནི་དེའི་ཁྲོད་ཀྱི་བསྡུས་རིས་ཤིག་རེད།

མིག་སྔར། རྨ་ལྷོ་ཁུལ་བྱམས་བརྩེ་སྨན་བཅོས་ལུས་གསོ་ཟུང་འབྲེལ་རྒན་བཀུར་ཁང་དུ་ཞབས་ཞུ་རུ་མི་བཅུ་བཞི་ལས་མེད་ལ། ལོ་ལོན་བཞི་བརྒྱ་ལྷག་ལ་ལྟ་སྐྱོང་བྱེད་ཀྱིན་ཡོད། ཡིན་ཡང་ཟླ་རེར་ཐེངས་གཉིས་ལ་ཁྱིམ་དུ་སོང་ནས་ཞབས་ཞུ་སྒྲུབ་རྒྱུ་དེར་འགྱུར་བ་མེད་ཅིང་། དེའི་ཁྲོད་ཀྱི་དཀའ་ཚེགས་ཀྱང་སྨྲ་མི་དགོས་པ་ཞིག་རེད།

“ཁྱེད་རང་ཐང་ཆད་དམ།”

“ཧ་ཅང་ཐང་ཆད་གི ཡིན་ཡང་ངལ་མ་གསོས་པར་ད་དུང་སྔར་ལས་བཟང་པོ་བསྒྲུབ་དགོས།”

དབང་ཕྱུག་མཚོས་བཤད་རྒྱུར། ད་ལོའི་བྱ་བ་གཙོ་བོ་ནི་སྨན་བཅོས་ལུས་གསོའི་ལས་གཞི་འཐུས་ཚང་དུ་གཏོང་བ་དང་། བྱ་བ་འདི་ད་ལོའི་ཟླ་བཞི་པའི་ཟླ་མཇུག་བར་དུ་ཡོངས་འགྲུབ་བྱས་ཏེ། རྒན་བཀུར་ཁང་གི་སྨན་བཅོས་ལུས་གསོའི་སྙན་གྲགས་སྔར་ལས་མིང་དོན་མཚུངས་པར་འགྱུར་ཏུ་བཅུག་ནས། རྒན་པོ་ཚོ་བསྡད་ན་ལུས་བདེ་སེམས་སྐྱིད་ཡོང་དུ་འཇུག་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།