ཁོ་མོ་རང་འགུལ་ངང་བཀག་སྡོམ་ཁུལ་དུ་གནས་སྤོས།
2022.04.22 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། གུང་ཁྲན་ཏང་ཡོན་ཞིག་གིས་རང་འགུལ་ངང་བཀག་སྡོམ་ཚོད་འཛིན་ཁུལ་དུ“གནས་སྤོར”རྒྱུའི་རེ་བ་བཏོན། ཁོ་མོ་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཏ་ཀྲོང་སྲང་ལམ་གཞི་རིམ་ཏང་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལུའུ་ཧུང་ཡུན་རེད།

དེ་སྔོན་གུང་ཧོ་ལམ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་མྱོང་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀའ་འབྱོར་རྗེས། ལུའུ་ཧུང་ཡུན་གྱིས་རང་འགུལ་ངང་རིམས་ནད་འགོག་རྒོལ་ཁྲོད་ཞུགས་རྒྱུའི་རེ་ཞུ་བྱས་ནས་བཀག་སྡོམ་ཚོད་འཛིན་ཁུལ་དུ་གནས་སྤོས། “ང་ལ་སྡོད་ཁུལ་དང་སྡོད་དམངས། སྡོད་ཁུལ་གྱི་ལས་དོན་དོ་དམ་བཅས་ཚང་མར་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། བཀག་སྡོམ་ཚོད་འཛིན་ཁུལ་དུ་བྱ་བ་སྒྲུབ་པའི་ཉམས་མྱོང་ཡང་ཡོད་པས། ལས་འགན་ང་ལ་སྤྲོད་རོགས།” ཧོས་མིན་སྡོད་ཁུལ་གྱི་གནས་སྐབས་ཏང་ཀྲི་པུའུ་བཙུགས་རྗེས། ལུའུ་ཧུང་ཡུན་གྱིས་རྩ་འཛུགས་ཨུ་ཡོན་གྱི་འགན་ཁུར་ནས་སྡོད་དམངས་ཀྱི་གྲངས་ཀ་ཞིབ་བཤེར་བྱེད་པ་དང་། དངོས་ཟོག་སྐྱེལ་འདྲེན། ཉིང་སྐྱུར་བརྟག་དཔྱད། ཁ་པར་ལ་ཉན་ནས་སྡོད་དམངས་ཀྱི་དགོས་མཁོ་རྒྱུས་ལོན་བྱེད་པ། དམིགས་བསལ་གྱི་སྡོད་དམངས་ལ་བཀག་སྡོམ་བྱེད་སྐབས་དམིགས་བསལ་ལྟ་རྟོག་བྱེད་པ་སོགས་ཀྱི་བྱ་བའི་འགན་འཁུར་གྱིན་ཡོད། ཉིན་རེའི་བྱ་བ་ནམ་གུང་བར་བྲེལ་བཞིན་ཡོད་པ་དང་། མིག་མདུན་གྱི་བྱ་བ་མཐུན་སྦྱོར་ཡག་པོ་བྱས་རྗེས། ལུའུ་ཧུང་ཡུན་གྱིས་ལས་གྲོགས་ལ“ང་ཚོའི་སྡོད་དམངས་ཚང་མ་དོན་རྟོགས་བསམ་ཤེས་ཅན་ཡིན་ལ། རེ་འདུན་ཡོད་ཚེ་ཤེས་རྟོགས་བྱེད་དགོས་པ་དང་། གང་ནུས་ཅི་ཐུབ་ཀྱིས་འདོད་པ་སྐོང་དགོས་ལ། ཁས་བླངས་པའི་བྱ་བ་བསྒྲུབ་ཐུབ་པ་བཅས་བྱེད་དགོས”ཞེས་བཤད། “གནད་འགག་གི་དུས་སྐབས་སུ། གུང་ཁྲན་ཏང་ཡོན་གྱིས་སྣེ་ཡག་པོ་འཁྲིད་པ་དང་མདུན་དུ་བསྐྱོད་དེ། དཀའ་ངལ་གྱི་མདུན་དུ་ཕྱིར་བཤོལ་བྱེད་མི་རུང་།” དེ་ནི་ཁོ་མོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་གཞི་རིམ་གྱི་ན་གཞོན་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་གཏོང་སྐབས་བཤད་པ་ཞིག་ཡིན་ལ། ཁོ་མོས་ཚང་མར་ཁས་ལེན་དང་དམ་བཅའ་བྱས་པ་ཞིག་ཀྱང་རེད།

པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས། ལུའུ་ཧུང་ཡུན་རྒྱུན་དུ་བཀག་སྡོམ་ཁུལ་གྱི་སྡེ་ཚན་རེ་རེར་བསྐྱོད་པ་དང་། དུས་རྒྱུན་དུ་མི་སྣ་དང་དངོས་ཟོག་བཀོད་སྒྲིག་བྱེད་པའི་ལམ་བུའི་སྟེང་སྐྱོད་ཀྱིན་ཡོད་པས། ག་དུས་ཡིན་ཡང་གཡུལ་སའི་མདུན་དུ་གདོང་མཆོང་བྱེད་བཞིན་ཡོད། ཉིན་རེའི་ཞོགས་པར་སད་པ་ནས་ཉིན་དེའི་བྱ་བ་ནི“དམག་འཐབ”ཅིག་ཡིན་པས། ལུའུ་ཧུང་ཡུན་གྱིས“རིམས་ནད”འགོག་སྲུང་བྱེད་མཁན་ཚང་མས་ཁོངས་གཏོགས་ས་ཁུལ་གྱི་སྡོད་དམངས་ཀྱི“སྒོ་མོ”ཡག་པོ་སྲུང་དགོས་པ་བློ་ལ་བརྟན་པོར་ངེས་ཡོད་ལ། ཁོ་མོས་རང་ཉིད་ནི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་དང་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་སེམས་ལ་བརྟན་པོར་ངེས་ཡོད།

“ཕྱི་དྲོའི་ཆུ་ཚོད་གཉིས་པར་མི་ཞིག་གིས་ངེད་ཚང་གི་སྒོ་བརྡུངས་བ་དང་། སྒོ་ཕྱེ་ནས་ལྟོས་པ་ན། ‘འགོག་སྲུང་ལྭ་བ་གྱོན་པའི’མི་གཉིས་ཀྱིས་ལྗིད་ཏིག་ཏིག་གི་སྔོ་ཚལ་འགྱིག་ཤོག་གང་ཁྱེར་ནས་ངའི་ཁྱིམ་དུ་བསྐྱལ། ཤ་དང་སྔོ་ཚལ། སྒོ་ང་སོགས་ཡོད་པས་སེམས་འགུལ་ཆེན་པོ་ཐེབས་ནས་ངའི་མིག་མཐར་མཆི་མ་འཁོར་བྱུང”ཞེས་ཧོས་མིན་སྡོད་ཁུལ་གྱི་སྡོད་དམངས་ཀྱིས་དེ་ལྟར་བཤད་པ་དང་། བཀག་སྡོམ་བྱས་པའི་ཉིན་དང་པོར་ལས་བྱེད་མི་སྣས་གཅེས་སེམས་སྔོ་ཚལ་ཁུག་མ་རེ་ཁྱིམ་རེར་བསྐྱལ་གྱིན་ཡོད་ཟེར། ལུའུ་ཧུང་ཡུན་གྱིས་བཤད་རྒྱུར། ཧོས་མིན་སྡོད་ཁུལ་བཀག་སྡོམ་བྱས་རྗེས་ཐོག་ཁང་ཚང་མར་མགྱོགས་མྱུར་འབྲེལ་མཐུད་ལམ་སྲོལ་བཙུགས་ཡོད་པས། སྡོད་དམངས་ལ་དགོས་མཁོ་ཡོད་ཚེ་ཐོག་ཁང་གི་འགོ་གཙོ་བཙལ་ནས་རོགས་རམ་བྱེད་དུ་བཅུག་ཆོག་ཅེས་བཤད། ཉིན་རེར་སྒོ་རྩར་སོང་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་། དངོས་ཟོག་བགོ་བཤའ་བརྒྱབ་རྗེས་མྱུར་དུ་སྡོད་དམངས་ཀྱི་ཁྱིམ་དུ་སྐྱེལ་བཞིན་ཡོད། བཀག་སྡོམ་ཁུལ་གྱི་ཉིན་བཅུའི་རིང་། ལུའུ་ཧུང་ཡུན་གྱིས་གནོང་འགྱོད་སྤུ་ཙམ་ཡང་མེད་པར་ལས་བྱེད་མི་སྣ་དང་། དང་བླངས་པ་དང་མཉམ་དུ་སེམས་ཞིབ་མོས་མི་དམངས་མང་ཚོགས་ལ་ལྟ་སྐྱོང་བྱས་ཏེ། བཀག་སྡོམ་ཁུལ་དུ་སྲ་ཞིང་བརྟན་པའི་བཙན་རྫོང་ཞིག་བསྐྲུན་ཡོད།

“ངེད་ཚང་དུ་ལོ་དོན་བརྒྱད་ལ་སོན་པའི་ལོ་ལོན་གཅིག་པུ་བསྡད་ཡོད། ཁྱེད་ཀྱིས་ཁོ་ལ་ཟ་མ་སྐྱེལ་རོགས་བྱེད་ཐུབ་བམ།” “ང་ཉིན་འདི་གཉིས་ལ་སྨན་ཁང་དུ་སིམ་དབྱེ་བྱེད་དུ་འགྲོ་དགོས་པས་གང་འདྲ་བྱེད་དགོས་སམ།” མང་ཚོགས་ཀྱིས་བཏོན་པའི་དཀའ་ངལ་དང་དགོས་མཁོ་སྣ་ཚོགས་ལ་དམིགས་ཏེ། ལུའུ་ཧུང་ཡུན་གྱིས་གཙོ་གནད་མི་སྣའི་རྩིས་ཐོ་ཞིབ་ཚགས་བཟོས་ནས་དམངས་ཕན་ཞབས་ཞུའི་བྱང་བུ་བཟོ་རྒྱུའི་གྲོས་འགོ་བཏོན་པ་རེད། ཁོ་མོས་ལས་བྱེད་མི་སྣ་དང་མཉམ་དུ་བཀག་སྡོམ་ཁུལ་གྱི་ནད་གཞི་ལྕི་བའི་ནད་པ་དང་སྦྲུམ་མ། དབང་པོ་སྐྱོན་ཅན། རྒན་རྒོན་བཅས་ཀྱི་གནས་ཚུལ་མགྱོགས་མྱུར་ཞིབ་བཤེར་བྱས་ནས། མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སོགས་ཀྱི་དགོས་མཁོར་བརྟག་དཔྱད་དང་གསེད་བཀྲོལ་བྱས་ཏེ། “མི་གཅིག་གིས་མི་གཅིག་ལ་ཞབས་ཞུ་སྒྲུབ་པ”སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པ་མ་ཟད། ནད་གཞི་ལྕི་བའི་ནད་པ་སྐྱེལ་བསུ་བྱས་ཏེ་སྨན་བཅོས་འགན་སྲུང་གི་བྱ་བ་ཡག་པོ་བསྒྲུབས་པ་རེད། བཀག་སྡོམ་ཁུལ་གྱི་མི་སྣར་དམིགས་བསལ་གྱི་དགོས་མཁོ་ཡོད་ཚེ། དམངས་ཕན་བྱང་བུ་སྤྱད་དེ་ལས་བྱེད་མི་སྣ་དང་འབྲེལ་གཏུག་བྱེད་ཆོག ལུའུ་ཧུང་ཡུན་གྱིས་དཀའ་ངལ་ལ་མ་འཛེམ་པར་ཞབས་ཞུ་སྒྲུབ་པའི་སྙིང་སྟོབས་ལ་བཀག་སྡོམ་ཁུལ་གྱི་སྡོད་དམངས་ཚོར་སེམས་འགུལ་ཆེན་པོ་ཐེབས་ཀྱིན་ཡོད་ལ། བཀའ་དྲིན་ཞུ་ཡིག་རེ་རེ་སྐད་འཕྲིན་བརྒྱུད་ནས་ཁོ་མོའི་ཁ་པར་དུ་བསྐུར། “ཀྲུའུ་རིན་ལུའུ་ལགས། ཁྱེད་རང་སྐུ་ཁམས་བཟང་། ཁྱེད་ཀྱིས་བཀག་སྡོམ་བྱས་པའི་རིང་ང་ལ་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྡོད་ཁུལ་བཀག་སྡོམ་བྱས་རྗེས་ང་ལ་སེམས་ཁྲལ་ཆེན་པོ་བྱུང་། རྒྱུ་མཚན་ང་ནི་མཁལ་མའི་ནད་ཕོག་པའི་ནད་པ་ཞིག་ཡིན་པ་དང་གཟའ་འཁོར་རེར་སིམ་དབྱེ་བྱེད་དགོས། ཁྱེད་ཀྱིས་ངའི་དམིགས་བསལ་གནས་ཚུལ་ཤེས་རྗེས་ཆེད་སྤྱོད་རླངས་འཁོར་དང་འབྲེལ་བ་བྱས་ནས། ང་ལ་གཅེས་སེམས་ཟ་མ་སྐྱེལ་བ་དང་སེམས་ཞིབ་མོས་ལྟ་རྟོག་བྱས་པས། ང་ལ་ཏང་དང་སྲིད་གཞུང་གི་གཅེས་སྐྱོང་ཚོར་དུ་བཅུག ཁྱེད་ཀྱི་ལུས་སེམས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་པའི་བཀའ་དྲིན་ཞུ་ཡིག་འབྱོར།

བཀའ་དྲིན་ཞུ་བའི་ཡི་གེ་རེ་རེར་ལྟ་བཞིན་ལུའུ་ཧུང་ཡུན་གྱིས་བཤད་རྒྱུར། “འདི་ནི་ང་ཚོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཏིང་ཤུགས་ཡིན་ལ། ང་ཚོའི་དུས་རྒྱུན་སེམས་ལ་བཟུང་པའི་རེ་བ་ཞིག་ཀྱང་ཡིན”ཟེར། ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོ་ངེས་ནས། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་ཡུལ་དང་པོ་རུ། ཁོ་མོ་ནི་ཆར་རླུང་ཁྲོད་བཞད་པའི“རྒྱ་སེ་མེ་ཏོག”དང་འདྲ་བར་རིམས་ནད་འགོག་བཅོས་བྱེད་མཁན“འཐབ་འཛིང་པ”མང་པོ་དང་མཉམ་དུ་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་ཀྱིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།