—ཞིན་ཧེ་རྫོང་བོད་སྨན་ཁང་གི་སྨན་པ་དཀའ་བཅུ་པ་གཞོན་པ་འབྲུག་ལྷ་ཐར་གྱི་གནས་ཚུལ་བཀོད་པ།
མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དུ་གནས་པའི་ཞིན་ཧེ་རྫོང་ནི་ཕྱུགས་ལས་གཙོ་བོ་གཉེར་བའི་མཁར་གྲོང་ཞིག་ཡིན་པ་དང་། རྫོང་ཡོངས་སུ་མི་གྲངས་ཁྲི་བདུན་དང་སྟོང་ལྔ་བརྒྱད་བརྒྱ་སོ་གསུམ་ཡོད་ལ། དེའི་ཁྲོད་ཀྱི་མི་གྲངས་ཆེས་མང་པ་ནི་བོད་རིགས་ཡིན། ཞིན་ཧེ་རྫོང་བོད་སྨན་ཁང་གིས་བོད་རིགས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱེད་པའི་ཐད་ནུས་པ་ཆེན་པོ་འདོན་སྤེལ་བྱེད་ཀྱིན་ཡོད།
ཞིན་ཧེ་རྫོང་བོད་སྨན་ཁང་དུ་ལོ་ཉི་ཤུ་ལྷག་ཙམ་ལ་སྨན་བཅོས་ཀྱི་བྱ་བ་གཉེར་བའི་འབྲུག་ལྷ་ཐར་གྱིས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་བྱ་བ་སྒྲུབ་སྟངས་ནན་མོར་བརྟེན་ནས། གསོ་རིག་གི་རིགས་པའི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་བྱ་བ་ཟུང་འབྲེལ་བྱས་ཏེ། ལོ་མང་པོའི་རིང་ནད་ཚབས་ཆེན་ཕོག་ཡོད་པའི་ནད་པ་དྲག་སྐྱེད་བྱུང་དུ་བཅུག
ཆུང་དུས་ནས་ཨ་མྱེས་དང་མཉམ་དུ་འཚར་ལོངས་བྱུང་བ་དང་། ཨ་མྱེས་ཀྱི་ཤུགས་རྐྱེན་འོག འབྲུག་ལྷ་ཐར་དང་བོད་ལུགས་གསོ་རིག་དབར་བརྩེ་བ་ཟབ་མོ་ཆགས། ལོ་ཉེར་གཅིག་ལ་སླེབས་སྐབས། འབྲུག་ལྷ་ཐར་གྱིས་ཨ་མྱེས་ཀྱི་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དངོས་སུ་དང་ལེན་བྱས་ནས། “བདུད་རྩི་བསིལ་སྨན”བོད་སྨན་གྱི་སྙིང་བཅུད་ལག་རྩལ་གྱི་རྒྱུན་འཛིན་པ་གཅིག་པུར་གྱུར།
2004ལོར། ཞིན་ཧེ་རྫོང་བོད་སྨན་ཁང་དངོས་སུ་བཙུགས་པ་དང་། འབྲུག་ལྷ་ཐར་ནི་བོད་སྨན་ཁང་གི་སྨན་བཅོས་དཔུང་ཁག་གི་ཁོངས་མི་ཞིག་ཏུ་གྱུར། 2008ལོར། ཞིན་ཧེ་རྫོང་བོད་སྨན་ཁང་གི་འགོ་གཙོ་རུ་འདེམས་བསྐོ་བྱས།
སྨན་ཁང་ཁྱིམ་ཚང་ལྟར་བསྐྱང་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་རིགས་ཀྱི་མཛེས་སྡུག་མཚོན་པར་བྱས།
ཞིན་ཧེ་རྫོང་དུ་པགས་ནད་དང་མཚན་མའི་ནད་བྱུང་མཁན་ཧ་ཅང་མང་བ་དང་། ནད་ཐོག་ཚོད་ལྟའི་བདེན་དཔང་ལྟར་ན། “བདུད་རྩི་བསིལ་སྨན”ནི་ནད་དེ་དག་འཇོམས་པར་ཕན་པ་རེད།
དེ་སྔོན། ཞིན་ཧེ་རྫོང་བོད་སྨན་ཁང་དུ་པགས་ནད་དང་མཚན་མའི་ནད་ལ་ཆེད་དུ་སྨན་བཅོས་བྱེད་པའི་སྨན་མེད་ལ། སྨན་དེ་རིགས་ཞིབ་འཇུག་གསར་སྤེལ་བྱེད་པའི་ཆ་རྐྱེན་ཡང་མེད། ནད་པའི་ཚེ་སྲོག་སྐྱོབ་ཆེད། འབྲུག་ལྷ་ཐར་གྱིས་རྒྱུན་འཛིན་བྱས་པའི“བདུད་རྩི་བསིལ་སྨན”གྱི་གསང་བའི་མན་ངག་སྨན་ཁང་ལ་ཕུལ།
ནད་ཐོག་ལག་ལེན་གྱི་ཁྲོད། སྤུས་ཚད་ལེགས་པ་དང་ལྷད་མེད་པ། སྨན་ནུས་མངོན་གསལ་ཡིན་པའི“བདུད་རྩི་བསིལ་སྨན”གྱིས་པགས་ནད་བཅོས་དཀའ་བའི་རང་བཞིན་དང་། མཚན་མའི་ནད་སོགས་ཀྱི་སྨན་བཅོས་ལ་ཕན་འབྲས་མངོན་གསལ་ཐོན་ནས། ས་ཁོངས་ནང་གི་སྦྱར་ནད་དང་པགས་ནད་སྣ་ཚོགས། དེ་མིན་བཅོས་དཀའ་བའི་ནད་བཅས་དྲག་སྐྱེད་བྱུང་བ་དང་། སྐྱོབ་བཅོས་ལ་རེ་བ་མེད་པའི་ནད་པ་ཚང་མ་དབང་པོ་སྐྱོན་ཅན་གྱི་གནས་ནས་ཕྱིར་འཐེན་ཏེ། ཞིན་ཧེ་རྫོང་སྨན་ཁང་གི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁ་བསྐངས་པ་རེད།
2016ལོར། “བདུད་རྩི་བསིལ་སྨན”གྱི་སྦྱོར་སྡེའི་ལག་རྩལ་ཞིང་ཆེན་རིག་གནས་ཐིན་ལ་གཟུགས་འདས་ཤུལ་བཞག་རིག་གནས་སུ་རེ་ཞུ་བྱས་པ་དང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལ་ཆོག་མཆན་བཀོད་པ་མ་ཟད་འབྲུག་ལྷ་ཐར་རྒྱུད་འཛིན་པ་གཅིག་པུར་གཏན་འཁེལ་བྱས། ཀྲུང་གོའི་མི་རིགས་གསོ་རིག་མཐུན་ཚོགས་ཀྱི2019ལོའི་ཚན་རྩལ་བྱ་དགའ་དང་རིག་གཞུང་ལོ་ཚོགས་སྟེང “བདུད་རྩི་བསིལ་སྨན”གྱི་སྦྱོར་སྡེའི་ལག་རྩལ་དེ་ཀྲུང་གོའི་མི་རིགས་གསོ་རིག་སྨན་རྫས་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པར་བདམས་པ་རེད།
མཚོ་ལྷོའི་འཕྲོད་བསྟེན་སློབ་གྲྭ་ནས་མཐར་ཕྱིན་རྗེས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་མ་ལག་ཏུ་བྱ་བ་སྒྲུབ་པ་དང་། ལྷག་པར་དུ་བོད་ལུགས་གསོ་རིག་སྨན་ཁང་དུ་བྱ་བ་སྒྲུབ་ནས་ད་ལྟའི་བར། འབྲུག་ལྷ་ཐར་གྱིས་དུས་དང་རྣམ་པ་ཀུན་ཏུ་ནད་པ་ལྟེ་བར་བཟུང་ནས། ཁ་བ་བུ་ཡུག་ཁྲོད་དང་ཉིན་མཚན་གང་ཡིན་རུང་ནད་པར་དགོས་མཁོ་ཡོད་ཚེ། འབྲུག་ལྷ་ཐར་ལ་འཁང་ར་སྤུ་ཙམ་ཡང་མེད་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་རིགས་ཀྱི་མཛེས་སྡུག་མཚོན་པར་བྱས་ཡོད།
ལོ་ངོ་ཉི་ཤུ་ལྷག་ཙམ་ལ། འབྲུག་ལྷ་ཐར་གྱིས་སྨན་ཁང་གི་ནད་ཐོག་སྨན་བཅོས་ཀྱི་ལས་ཡུལ་དང་པོའི་བྱ་བ་བསྒྲུབས་པ་མ་ཟད། བོད་ལུགས་གསོ་རིག་མུ་མཐད་དུ་རྒྱུན་འཛིན་བྱེད་བཞིན་ཡོད། ཁོས་ད་ལྟ་བྱང་ཆ་ལྡན་པའི་ཀྲུང་ལུགས་གསོ་རིག་གི་རིག་གཞུང་མ་ལག་ལ་བརྟེན་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཟུང་འབྲེལ་དང་ཁྱབ་གདལ་དུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བཞིན་ཡོད།
སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་དཀའ་ངལ་ཁྱད་བསད་བྱེད་པ།
ཐུན་མོང་མ་ཡིན་པའི་ལག་རྩལ་ལ་བརྟེན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནུས་པ་ཕྱིར་མངོན་པ།
བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་ལ་བདུད་རྩི་ལྔ་ལུམས་ཀྱང་ཟེར། ཆེས་སྔ་མོར་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས《རྒྱུད་བཞི》རུ་བཀོད་ཡོད་ཅིང་། ད་བར་དུ་ལོ་ངོ་སྟོང་གཅིག་དང་སུམ་བརྒྱ་ཡི་ལོ་རྒྱུས་ལྡན།
སྨན་བཅོས་བྱེད་སྐབས། འབྲུག་ལྷ་ཐར་གྱིས་སྲོལ་རྒྱུན་གྱི་སྨན་ལུམས་ལག་རྩལ་གྱི་ཕན་འབྲས་མངོན་གསལ་མིན་པ་དང་དུས་འཁོར་རིང་བ། འགྲོ་གྲོན་མཐོ་བ། དུས་རབས་ཀྱི་བླང་བྱ་དང་མི་མཐུན་པ་བཅས་ཤེས་རྟོགས་བྱུང་། ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། འབྲུག་ལྷ་ཐར་གྱིས་གནད་དོན་དེ་སྨན་ལུམས་ཀྱི་དྲོད་ཚད་མི་འདང་བའི་རྐྱེན་ཡིན་པ་ཤེས།
དེར་བརྟེན། འབྲུག་ལྷ་ཐར་གྱིས་ཚད་ལྡན་ཡིག་ཆ་དང་རྒྱུ་ཆ་མང་པོ་ལྟ་ཀློག་བྱས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཐང་བསྡུ་བའི་བཅོས་ཐབས་སྤྱོད་པ་དང་བཟོ་ལས་རླངས་སྒུལ་འཕྲུལ་འཁོར་གྱིས་རྡོ་སོལ་ཐབ་ཀྱི་ཚབ་བྱེད་པ། སྨན་ལུམས་ནད་ཁྲི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་དྲོད་སྐྱེད་པང་ལེབ་ཀྱིས་སྲོལ་རྒྱུན་གྱི་ཚ་ཐབ་ཀྱི་ཚབ་བྱེད་པ། སྨན་ལུམས་སུ་བཀོལ་བའི་རྨང་གཞིའི་ཆུ་ཡི་ཁྲོད་ཅོང་ཞི་བཏབ་ནས་ཆུའི་སྤུས་ཚད་ཇེ་སྙོམས་སུ་བཏང་། བྱེད་ཐབས་དེ་བོད་ལུགས་གསོ་རིག་གི་སྨན་ལུམས་ཁྲོད་གསར་གཏོད་ཅིག་ཏུ་གྱུར་ཡོད།
2020ལོའི་ཟླ7པར། འབྲུག་ལྷ་ཐར་གྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་སྨན་ལུམས་ལ་རྒྱལ་ཁབ་ཆེད་ཁེ་ཅུའུ་ཡིས་ཆེད་ཁེའི་དཔང་ཡིག་གནང་པ་རེད།
རུས་ནད་ནི་ཞིན་ཧེ་རྫོང་དུ་བྱུང་མཁན་ཆེས་མང་པོའི་ནད་ཞིག་ཡིན་ལ། གྲུམ་བུའི་ཚིགས་ཆེན་ནད་སོགས་ནི་མཚོན་བྱེད་རང་བཞིན་གྱི་ས་གནས་ནད་རིགས་ཤིག་ཡིན་པས། ནད་པར་སྡུག་བསྔལ་ཧ་ཅང་ཆེ། འབྲུག་ལྷ་ཐར་གྱིས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་འཚོལ་རྒྱུ་ཐག་བཅད།
ལག་ལེན་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། འབྲུག་ལྷ་ཐར་གྱིས་ཕན་ནུས་ལྡན་པའི་སྨན་གྱི་རིགས་བཞི་དང་རུས་ཚིགས་སླར་གསོའི་ལག་ཐབས་བདུན། སྦྱར་ལེབ་ཆུང་བའི་རིགས13བཀོལ་ནས་རུས་པ་གཏན་འཁེལ་བྱེད་པ། རུས་ཆག་མཐུད་སྦྱོར་བྱེད་ཐབས་གསུམ་བཅས་གསར་གཏོད་བྱས། གཞན་དང་མི་འདྲ་བར་ཕྱི་ནང་དུ་སྨན་སྤྱོད་པ་དང་། རུས་ཚིགས་སླར་གསོའི་ལག་ཐབས། སྦྱར་ལེབ་ཆུང་བའི་རུས་པ་གཏན་འཁེལ་བྱེད་པ། དྲག་སྐྱེད་སྦྱོང་བརྡར་བྱེད་པ་བཅས་ཀྱི་སྨན་བཅོས་ཐབས་ལམ་བཞི་བཏོད་པ་རེད།
སྨན་གསར་པ་དང་ལག་ཐབས་གསར་པས་ནད་པའི་འགྲོ་གྲོན་ཇེ་དམའ་རུ་བཏང་བ་དང་། ན་ཟུག་ཇེ་ཡང་དུ་བཏང་ལ་སྨན་བཅོས་ཀྱི་དུས་འཁོར་ཡང་ཇེ་ཐུང་དུ་བཏང་། 2021ལོར། ཁོས་རྫོང་ཁོངས་ཕྱི་རོལ་གྱི་རུས་ནད་སྣ་ཚོགས་ཕོག་པའི་ནད་པ1000ལྷག་ཙམ་ལ་སྨན་བཅོས་བྱས།
2021ལོར། འབྲུག་ལྷ་ཐར་གྱིས་ཇུས་འགོད་བྱས་པའི་མཉེན་ཆས་ཀྱི་སྦྱར་ལེབ་དང་རུས་ཆག་གི་སྦྱར་གདན། བོད་སྨན་ཐུམ་སྒྲིལ་ཁུག་མ་སོགས་ལག་རྩལ་སྣ་གསུམ་ལ་དངོས་སྤྱོད་གསར་གཏོད་ཀྱི་ཁེ་དབང་ཐོབ་ཡོད།
ཕྱི་བཅོས་ཚན་ཁག་ལ་དཀའ་གནད་ཆེ་བའི་ནད་ཧ་ཅང་མང་། འབྲུག་ལྷ་ཐར་གྱིས་དངོས་ལུགས་གསོ་ཐབས་སྤྱད་ནས་རྐེད་ཚིགས་མཁར་མཚམས་འབུར་ཐོན་ནད་སོགས་ཚིགས་ནད་སྣ་ཚོགས་གསོ་བཅོས་བྱས་པ་དང་ཕན་འབྲས་མངོན་གསལ་བླངས། ཟི་ལིང་དང་མཚོ་ལྷོ། མཚོ་ནུབ་སོགས་གྲོང་ཁྱེར་དང་ཁུལ་གྱི་ནད་པ་མི་ཐེངས་ཁྲི་གཅིག་དང་སྟོང་གཉིས་ལྷག་ལ་བསླེབས་པ་དང་། ནད་པས་སྨན་ཁང་གི་ཞབས་ཞུར་བློ་ཡིད་ཚིམ་ཚད་བརྒྱ་ཆའི་གོ་བརྒྱད་ལ་བསླེབས་ཡོད།
2020ལོར། ཞིན་ཧེ་རྫོང་བོད་སྨན་ཁང་གི་རུས་ནད་ཚན་ཁག་ལ“མཚོ་སྔོན་ཞིང་ཆེན་རིམ་པའི་གཙོ་གནད་ཁྱད་ལྡན་ཆེད་ལས་ཚན་ཁག”གི་མཚན་སྙན་ཐོབ་པ་རེད། དེའི་རྨང་གཞིའི་སྟེང་། འབྲུག་ལྷ་ཐར་གྱིས་བོད་ལུགས་གསོ་རིག་སྨན་བཅོས་ཀྱི་ནོར་མཛོད་སྔོག་འདོན་བྱས་ནས། རིན་ཆེན་བཙོ་ཐལ་དང་རྡོ་ཐལ། རྭ་ཚྭ་སོགས་སྨན་རྩྭ་རིགས123ཞིབ་བཟོ་བྱས་པ་དང་། རོང་འབྲོག་ཁུལ་དུ་བདུད་རྩི་བསིལ་སྨན་སོགས་བོད་ལུགས་གསོ་རིག་སྨན་བཅོས་ལག་རྩལ་གསར་པ་ཁག་བཅུ་ཁྱབ་གདལ་དུ་བཏང་།
2020ལོའི་ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་བོད་སྨན་གྱི་སྨན་རྫས་རིགས123ལ་ཞིབ་མཆན་ཐོ་འགོད་བྱས་ནས་ནད་ཐོག་ལག་ལེན་དུ་སྤྱོད་རྒྱུ་བྱས། རང་གིས་བཟོས་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་ནུས་པ་གནད་ལ་འཁེལ་བ་དང་བེད་སྤྱོད་སྟབས་བདེ་བ། འགྲོ་གྲོན་ཉུང་བ་བཅས་ནད་པས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད་པས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་རྫས་མི་འདང་བའི་ཞན་ཆ་གསབ་པ་དང་ཁྱད་སྟོབས་འདོན་སྤེལ་བྱས་ཡོད།
འབྲུག་ལྷ་ཐར་གྱི་ཤུགས་རྐྱེན་འོག ཞིན་ཧེ་རྫོང་བོད་སྨན་ཁང་གི་སྨན་བཅོས་མི་སྣའི་སྙིང་སྟོབས་ཀྱི་རྣམ་པ་འགྱུར་ལྟོག་གསར་བ་བྱུང་།2020ལོར། ཞིན་ཧེ་རྫོང་བོད་སྨན་ཁང་ལ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུའུ་ཡིས“སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཞབས་ཞུ་གཙོ་བོར་བྱས་ནས་འཆམ་མཐུན་གྱི་སྨན་ཁང་དང་ནད་པའི་འབྲེལ་བ་འཛུགས་དགོས”ཞེས་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཁོངས་གཏོགས2018-2020ལོའི་བར་གྱི་སྨན་བཅོས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་དང་། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཞབས་ཞུའི་སྔོན་ཐོན་དཔེ་བཟང་གི་མཚན་སྙན་གནང་པ་རེད།
སྨན་བཅོས་ཐབས་ལམ་བཅོས་སྒྱུར་བྱེད་པ།
སྨན་བཅོས་གཅིག་མཐུན་ཚོགས་པའི་ནུས་ཤུགས་དང་སྤུས་ཚད་གཉིས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།
2019ལོའི་ཟླ11པར། ཞིན་ཧེ་རྫོང་བོད་སྨན་ཁང་གི་སྨན་བཅོས་གཅིག་མཐུན་ཚོགས་པ་དངོས་སུ་བཙུགས་པ་དང་། ཞིན་ཧེ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བཞི་སྨན་བཅོས་མཉམ་སྤྱོད་ཀྱི་ཁོངས་སུ་གཏོགས་པ་དང་། རྫོང་བོད་སྨན་ཁང་དེ་སྨན་བཅོས་གཅིག་མཐུན་ཚོགས་པའི་སྤྱི་ཁྱབ་སྨན་ཁང་དུ་གཏན་འཁེལ་བྱས།
འབྲུག་ལྷ་ཐར་གྱིས་གོ་སྐབས་དམ་འཛིན་དང་གཅིག་གྱུར་འཆར་འགོད་བྱེད་པ། སྲིད་ཇུས་ཁྲིད་སྟོན་དུ་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བཞི་དང་། སྡེ་བའི་འཕྲོད་བསྟེན་ཁང་སོ་གཉིས་བསྡུ་སྒྲིལ་བྱས་ཏེ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་སུ“སྨན་བཅོས་ཞབས་ཞུ་གཞི་གཅིག་ཅན”གྱི་དོ་དམ་སྒྲིག་སྲོལ་བསྐྲུན་པས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་སུ་རིམ་གསུམ་མཉམ་འབྲེལ་ཞབས་ཞུའི་མ་ལག་ཅིག་ཆགས་པར་བྱས།
གླེང་རིན་ཡོད་པ་ཞིག་ནི། འབྲུག་ལྷ་ཐར་གྱིས་སྨན་བཅོས་གཅིག་མཐུན་ཚོགས་པའི་ཆ་འཕྲིན་ལྟེ་གནས་ཧུར་ཐག་གིས་བཙུགས་ནས། སྙིང་རིས་གཟུགས་བརྙན་དང་ཞིབ་བཤེར་བརྟག་དཔྱད། གློག་རྡུལ་ནད་ཐོ། བདེ་ཐང་ཡིག་ཚགས་སོགས་ཕན་ཚུན་སྦྲེལ་མཐུད་ཐུབ་པར་བྱས། ནད་པའི་སྨན་ཁང་ངམ་ཡང་ན་སྒོ་འགྲམ་གྱི་སྨན་ཁང་དུ་པར་གཞི་ལེན་དགོས་ཚེ། ཆ་འཕྲིན་དུས་ཐོག་ཏུ་སྤྱི་ཁྱབ་སྨན་ཁང་གི་བརྙན་ཕབ་ལྟེ་གནས་སུ་བརྒྱུད་སྤྲོད་བྱེད་པ་དང་། སྨན་བཅོས་འགྲོ་གྲོན་བརྒྱ་ཆའི་བཅོ་ལྔའི་ཡན་ཇེ་དམའ་རུ་གཏོང་བཞིན་ཡོད། བྱེད་ཐབས་དེས་རྒྱ་ཆེའི་མང་ཚོགས་ཚོར“བརྒྱུད་རིམ་ཧྲིལ་པོ་དང་རྒྱུན་མཐུད་ཐུབ་པ། སྤུས་ཚད་ལེགས་ལ་སྟབས་བདེ་བ། ཕན་འབྲས་ཐོན་པ”བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དངོས་གནས་ལོངས་སྤྱོད་ཐུབ་ནས། སྨན་བཅོས་གཅིག་མཐུན་ཚོགས་པའི་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་གཉིས་ཀ་མཐོ་རུ་ཕྱིན་ཡོད།
ལོ་མང་པོའི་རིང་གི་བྱ་བར་ཕྱིར་མིག་ལྟ་སྐབས། འབྲུག་ལྷ་ཐར་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་འཕེལ་རྒྱས་ཀྱི་ཐད་རང་ཉིད་ཀྱིས་འབད་བརྩོན་ཆེན་པོ་བྱས་ཡོད་པ་དང་། ཏང་དང་སྲིད་གཞུང་གིས་ཀྱང་འབྲུག་ལྷ་ཐར་ལ་མཚན་སྙན་མང་པོ་གནང་ཡོད། 2018ལོར། འབྲུག་ལྷ་ཐར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཐིན་གྱིས“ཤེས་ལྡན་མི་སྣ་སྟོང་གི་འཆར་གཞིའི”རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་གི་འོས་མིར་བདམས་པ་དང་། 2018ལོར། ཀྲུང་གོ་མི་རིགས་གསོ་རིག་མཐུན་ཚོགས་ཀྱིས་ཇུས་འདོན་ཚོགས་པའི་ཆེད་མཁས་པར་བདམས། 2019ལོར། འཛམ་གླིང་ཀྲུང་ལེན་བོད་ལུགས་གསོ་རིག་དང་བོད་སྨན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པར་བདམས། 2020ལོར“མཚོ་ལྷོའི་ལག་ཤེས་པའི”གཟི་བརྗིད་མཚན་སྙན་ཐོབ། 2021ལོའི་ཟླ12པའི་ཚེས30ཉིན། 《ཀྲུང་གོའི་འཕྲོད་བསྟེན》དུས་དེབ་ཀྱིས2021ལོའི་རྒྱལ་ཡོངས་ཀྱི“སྨན་བཅོས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི”གསར་འགྱུར་མི་སྣ་ཆེ་གྲས་བཅུའི་ནང་བདམས་པ་རེད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།