ན་གཞོན་བུད་མེད་ཀྲི་པུའུ་ཧྲུའུ་ཅི་ཀླུ་མོ་ཚེ་རིང་།
2022.04.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 116

ཟླ་གསུམ་པ་ནི་ཞིང་འདེབས་པའི་དུས་ཚིགས་ཡིན།

བསྟུད་མར་ཉིན་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་གསེར་གཞོང་བོད་རིགས་ཡུལ་ཚོ་བྲག་དམར་རྩ་སྡེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཁྱིམ་ཚང་དང་ཞིང་ཁར་སོང་ནས། “ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི”དགོངས་དོན་སྒྲོག་འགྲེལ་དང་། ཏང་གི་དམངས་ཕན་སྲིད་ཇུས་བརྒྱུད་སྒྲོག་བྱས་ཏེ། ཞིང་ལས་བརྟན་བརླིང་ངང་འཕེལ་རྒྱས་དང་ཞིང་པའི་ཡོང་སྒོ་རྒྱུན་མཐུད་ངང་འཕར་བ། གྲོང་གསེབ་དར་སྤེལ་ལ་ངར་ཤུགས་སློང་བར་སྐུལ་སྤེལ་བྱས།

དུས་ཚིགས་བཟང་བོ་སྐད་ཅིག་ཉིད་དུ་ཡལ། དཔྱིད་ཀྱི་དཔལ་ཡོན་རིན་ཆེན་གསེར་ལས་ལྷག ལོ་ན་གཞོན་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀླུ་མོ་ཚེ་རིང་ཡང་བྲེལ་འཚུབ་ཀྱིས་ཁེངས་ནས་ཁོམ་ལོང་མེད་པར་གྱུར་འདུག ཁོ་མོ་ཡར་རྒྱུག་མར་རྒྱུག་བྱས་ཏེ་སྡེ་མི་ཚོའི་དཔྱིད་ཀའི་ཞིང་འདེབས་བྱ་བའི་གོ་རིམ་ཁྲོད་འཕྲད་པའི་དཀའ་ཁག་ལ་རྒྱུས་ལོན་བྱས་ཤིང་། ཧུར་ཐག་གིས་སྡེ་མི་ཚོར་ཐབས་འདོན་ཇུས་འབུལ་དང་དཀའ་ཁག་སེལ་རོགས་བྱས། སྡེ་བ་ཡོངས་ཀྱི་ལས་བྱེད་པ་དང་ཏང་ཡོན་གྱིས་ཐུན་མོང་འབད་བརྩོན་བྱས་འོག བྲག་དམར་རྩ་སྡེ་བས་གྲོ་དང་ནས་གཉིས་བཏབ་ཚར་ལ། ཅང་མ་འགོར་བར་མ་རྨོས་ལོ་ཏོག་ཀྱང་བཏབ་ཚར།

ཀླུ་མོ་ཚེ་རིང་ནི་ཆིག་སྟོང་དགུ་བརྒྱ་དགུ་བཅུ་ལོའི་རྗེས་སུ་སྐྱེས་པའི་བུད་མེད་ཧྲུའུ་ཅི་ཞིག་ཡིན་ཞིང་། 2021ལོའི་ཟླ་དང་པོར་བྲག་དམར་རྩ་སྡེ་བའི་ཀྲི་པུའུ་སྐབས་བརྗེ་འདེམས་བསྐོ་ཁྲོད། བྲག་དམར་རྩ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས། 2013ལོར། ལོ་ན21ཡིན་པའི་ཀླུ་མོ་ཚེ་རིང་གཟི་བརྗིད་ལྡན་པའི་ངང་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར།

ཀླུ་མོ་ཚེ་རིང་ལོ་ན་གཞོན་ཡང་སྡེ་མི་ཚོས་ལྟ་སྟངས་ཡག་པོ་ཞིག་བཟུང་ཡོད་ཅིང་། དེ་ནི་མོས་སྡེ་བའི་ནང་དུ་ནན་ནན་ཏན་ཏན་གྱིས་དོན་བཟང་རེ་རེ་བསྒྲུབས་པ་ལས་བྱུང་བ་རེད། 2021ལོར། ཀླུ་མོ་ཚེ་རིང་གིས་མཚོ་སྔོན་སྒོ་འབྱེད་སློབ་ཆེན་དུ་སློབ་གཉེར་བྱེད་སྐབས། དགེ་རྒན་དམ་པ་དང་གྲོགས་བཟང་པོ་ཝུའུ་ཡུའེ་ལ་འཕྲད་པ་དང་། ཝུའུ་ཡུའེ་ནི་ཏ་ལིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་མཚོ་སྔོན་ལ་སློབ་སྐྱོར་བྱེད་དུ་འོང་བའི་དགེ་རྒན་ཞིག་རེད། སློབ་ཁྲིད་རོགས་སྐྱོར་གྱི་སྐབས་སུ། ཝུའུ་ཡུའེ་ལ་དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་པའི་འདུན་པ་སྐྱེས་པས། ཀླུ་མོ་ཚེ་རིང་གིས་དགེ་རྒན་ཝུའུ་ཡུའེ་ལ་ཕ་ཡུལ་གྱི་གནས་ཚུལ་ཧུར་ཐག་གིས་མཚམས་སྦྱོར་བྱས་ལ། དགེ་རྒན་ལ་རོགས་རམ་བྱས་ཏེ་དབུལ་ཕོངས་སློབ་མར་འབྲེལ་བ་བྱས་མཐར། 2013ལོ་ནས2019ལོའི་བར་དུ་བསྡོམས་པས་དབུལ་ཕོངས་སློབ་མ་བཅུ་ཕྲག་ལ་རོགས་སྐྱོར་བྱས། མོས་བསྒྲུབས་པའི་དོན་བཟང་ཡོད་ཚད་མང་ཚོགས་ཀྱིས་མིག་གིས་མཐོང་ཞིང་སེམས་ལ་བཟུང་ཡོད།

སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་རྗེས། ཀླུ་མོ་ཚེ་རིང་གིས་ལྷག་བསམ་རྣམ་དག་གིས་རང་ཉིད་ཀྱི་ལང་ཚོའི་ཕུགས་འདུན་ལག་བསྟར་བྱས་ཏེ། ཏང་རྩ་འཛུགས་ཀྱིས་རང་ཉིད་ལ་སྤྲད་པའི“ཞིང་ས”དེ་ལེགས་པོར་བཏབ།

བྲག་དམར་རྩ་སྡེ་བའི་རང་འབབ་ཆུའི་ཆུ་སྦུག་ནི་ལོ་ཉི་ཤུའི་སྔོན་དུ་བསྐྲུན་པ་དང་། ཆུ་འདོན་སྦུ་གུ་རྙིང་བར་གྱུར་པས། མང་ཚོགས་ཀྱི་འཐུང་ཆུར་འགན་སྲུང་བྱེད་ཆེད། ཧྭ་ལུང་རྫོང་སྲིད་གཞུང་གིས་ཆུ་འདོན་སྦུ་གུ་ཡོངས་སུ་བརྗེ་རྒྱུའི་ཐག་གཅོད་བྱས། 2021ལོའི་ཟླ7པར། བྲག་དམར་རྩ་སྡེ་བའི་རང་འབབ་ཆུའི་བཟོ་འགོད་ལས་གཞི་ལས་མགོ་བརྩམས་པ་དང་། དེ་མ་གཞི་དམངས་ལ་སྟབས་བདེ་དང་ཕན་བདེ་བསྐྲུན་པའི་དོན་བཟང་ཞིག་ཡིན་མོད། འོན་ཀྱང་སྡེ་མི་ཁྱིམ་ཚང་འགས་རང་འབབ་ཆུའི་ཆུ་སྦུག་རང་ཁྱིམ་གྱི་མདུན་ནས་དྲངས་ན་ཁང་པའི་རྩིག་རྟིང་ལ་གནོད་པར་སེམས་ཁུར་བྱེད་ཀྱིན་ཡོད་པས། རང་འབབ་ཆུའི་ཆུ་སྦུག་རང་ཁྱིམ་གྱི་མདུན་ནས་འདྲེན་པར་མ་འཐད།

དེ་བས་ཀླུ་མོ་ཚེ་རིང་ཉིན་བཞིན་སུན་སྣང་མེད་པར་སྡེ་མི་ཁྱིམ་ཚང་དེ་དག་ཏུ་སོང་ནས་ཁ་ཏ་སློབ་གསོ་གཏོང་བའི་བྱ་བ་བསྒྲུབས། མོས་ལྷག་བསམ་རྣམ་དག་གིས་ཚང་མའི་བསམ་འཆར་བསྡུ་ལེན་བྱེད་པའི་མོད་ལ་ཁོ་ཚོར“སྡེ་བའི་ནང་དུ་རང་འབབ་ཆུ་འཐེན་པ་ནི་སྡེ་མི་ཡོངས་ཀྱི་བདེ་སྐྱིད་ལ་འབྲེལ་བ་ཡོད་པ་དང་། ཚང་མས་བཏོན་པའི་གནད་དོན་དང་དོགས་གཞི་དེའི་སྐོར། ང་ཚོ་སྡེ་བའི་ལས་བྱེད་པས་དེར་བསྟུན་གྱི་ཐག་གཅོད་ཇུས་གཞི་ཞིག་འདོན་ངེས། ཚང་མས་སེམས་བདེ་མོ་བྱོས”ཞེས་དམ་བཅས་ལ། དུས་མཚུངས་སུ། ཀླུ་མོ་ཚེ་རིང་གིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་སྣེ་ཁྲིད་དེ་སྡེ་མི་ཚོས་བཏོན་པའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་མཐར། སྡེ་མི་དེ་དག་རང་འབབ་ཆུའི་ཆུ་སྦུག་རང་ཁྱིམ་གྱི་མདུན་ནས་འདྲེན་པར་འཐད་པ་བྱུང་བ་རེད།

བཟོ་འགོད་ཀྱི་སྤུས་ཀར་ཁག་ཐེག་བྱེད་ཆེད། ཨར་ལས་བྱེད་པའི་སྐབས་སུ་ཀླུ་མོ་ཚེ་རིང་གིས་ཏང་ཡོན་དང་མང་ཚོགས། ཐ་ན་རང་གི་ཁྱིམ་མི་ཡང་ཨར་ལས་ཀྱི་གོ་རིམ་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ། སྤུས་ཀའི་གནད་དོན་ལས་སྡེ་མིའི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱས། ཟླ་བརྒྱད་པར་ཨར་ལས་མཇུག་རྫོགས་རྗེས། སྡེ་མི་ལྷ་མོ་ཚེ་བརྟན་གྱིས་དགའ་སྤྲོའི་ངང་ནས་ད་ལྟ་ཁྱིམ་དུ་རང་འབབ་ཆུ་འཐེན་ཡོད་པས། འཐུང་ཆུ་ལ་འདང་རྒྱག་མེད་པར་མ་ཟད། དགུན་ཁ་ད་དུང་ཆུ་ཁོལ་མས་ལུས་པོ་བཀྲུ་ཆོག འདི་ལྟ་བུ་སྔོན་ཆད་ཡིད་ལ་ཡང་དྲན་མ་མྱོང་ཟེར།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐོར་ལ་ཡང་། ཀླུ་མོ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཉེན་ཟོན་སྲུང་འཛིན་བྱས་ཡོད། ན་ནིང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་གི་སྐབས་དེར། སྡེ་བ་ཡོངས་ཀྱི་སྣེ་ཁྲིད་དེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་བསྒྲུབ་ཆེད། མོས་ཉིན་མཚན་དབྱེར་མེད་དུ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་མཉམ་དུ་རིམས་ནད་སྔོན་འགོག་གི་བྱ་བ་བཀོད་སྒྲིག་བྱས་པ་དང་། སེམས་ཞིབ་མོས་ལས་རེས་ཀྱི་གནས་ཚུལ་ལ་ཞིབ་བཤེར་དང་། སྡེ་བ་ཡོངས་ཀྱི་ཏང་ཡོན་སྡེ་བའི་ནང་དུ་སོང་ནས“མི་སྣ་རིགས་བཞི”ཐོ་འགོད་བྱེད་པར་སྐུལ་འདེད་བྱས་ཏེ། འཕྲལ་བསྟུན་སྔོན་ཇུས་སྒྲིག་བཟོ་གཏན་འབེབས་དང་བྱ་བའི་འགན་འཁྲི་ཞིབ་ཕྲར་གཏོང་བ། བྱ་བའི་ལས་འགན་གསལ་བོ་བཅས་བྱས།

ཏང་ཡོན་གྱི་སྤུས་ཚད་ཇེ་མཐོར་གཏོང་ཆེད། ཀླུ་མོ་ཚེ་རིང་གིས་ཁོམ་སྐབས་བེད་སྤྱད་དེ་ཚང་མ་རྩ་འཛུགས་བྱས་ཤིང་ཏང་གི་སྒྲིག་ཡིག་དང་ཀྲི་པུའུ་བྱ་བའི་སྲོལ་ཡིག རྩ་འཛུགས་བྱ་བའི་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སློབ་སྦྱོང་བྱས། ཡུལ་གཞན་དུ་གླ་རྒྱག་པར་སོང་བའི་འཁོར་རྒྱུགས་ཏང་ཡོན་ལ་དམིགས་ཏེ། མོས་སློབ་སྦྱོང་གི་ནང་དོན་སྐད་འཕྲིན་ཚོགས་པའི་ནང་བརྒྱུད་བསྐུར་བྱེད་པ་དང་། དྲ་ཐོག་དང་དྲ་ཐོག་མ་ཡིན་པ་གཉིས་ཟུང་འབྲེལ་བྱེད་པར་བརྟེན་ནས། སྡེ་བའི་ནང་གི་ཏང་ཡོན་རེ་རེར་ཏང་གི་གསར་སྐྲུན་གཞུང་ལུགས་དང་སྣ་སོ་སོའི་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱེད་དུ་བཅུག མོ་རང་ཉིད་ཀྱིས་ཀྱང་ཁོམ་སྐབས་བཙལ་ནས་སློབ་སྦྱོང་བྱས་པ་དང་། རང་ཉིད་ཀྱི་ཕྱོགས་བསྡུས་ནུས་པའི་སྤུས་ཚད་ཇེ་མཐོར་བཏང་སྟེ། ཏང་གི་འཛུགས་སྐྲུན་བྱ་བའི་འཇོན་མི་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས། “བསམ་བློ་གཏོང་རྒྱུར་བརྩོན་པ་དང་སློབ་སྦྱོང་བྱེད་པར་དགའ་བ། ལག་ལེན་བྱེད་ཕོད་པ”བཅས་ནི་ཚང་མས་མོར་གདེང་འཇོག་བྱས་པའི་སྐད་ཆ་རེད།

མོ་ནི་སྡེ་བའི་མི་ཐམས་ཅད་ཀྱི་མིག་ནང་གི་ཀྲི་པུའུ་ཧྲུའུ་ཅི་བཟང་བོ་དེ་ཡིན་ལ། ཨ་མ་བཟང་བོ་ཞིག་ཀྱང་ཡིན། ཀླུ་མོ་ཚེ་རིང་ལ་བྱིས་པ་གསུམ་ཡོད་ལ། བྱ་བའི་དབང་གིས་བྱིས་པར་འགྲོགས་པའི་དུས་ཚོད་ཧ་ཅང་ཉུང་། མོའི་བུ་ཆེ་བ་ད་ལོ་ལོ་ལྔ་ཡིན་ཞིང་། བསམ་ཤེས་ཞིག་ཡིན། ལོ་ན་གཅིག་ལ་སོན་པའི་བུ་མོ་ཆུང་བ་རྒྱུན་དུ་ངུས་ནས་མོ་ལས་ཚོགས་ལ་འགྲོ་རུ་མི་འཇུག་པ་དང་། མོའི་བུ་ཆེ་བ་རིན་ཆེན་རྡོ་རྗེ་ཡིས་ཨ་མའི་ཚབ་ཏུ་སྲིང་མོར་བདག་སྐྱོང་བྱེད་ཞོར “ཨ་མར་ལས་ཀ་ལས་རྒྱུ་ཡོད་ནི་རེད། ད་ཁྱོད་མ་ངུ། ཨ་མས་ལས་ཀ་ལས་ཚར་རྗེས་ཕྱིར་འོང་ནས་འུ་གཉིས་ལ་འདུག་རོགས་བྱེད་ངེས”ཞེས་བཤད་བཞིན་ཡོད། སྐབས་འགར་ཀླུ་མོ་ཚེ་རིང་རྫོང་ཐོག་ཏུ་ཚོགས་འདུར་འགྲོ་དགོས་པས། རིན་ཆེན་རྡོ་རྗེ་ཡིས་མོ་ལ“ཨ་མ། ཁྱེད་ཀྱིས་གོ་རེ་ཞིམ་པོ་འགའ་ལས་ནས་ཨ་ཁུ་དང་ཨ་ནེ་ཚོར་ཟ་རུ་ཆུགས”ཟེར།

སྡེ་བ་ཡོངས་ཀྱི་ཁྱིམ་བདག་ཡིན་པའི་ཆ་ནས། ཀླུ་མོ་ཚེ་རིང་གིས་ནུས་ཤུགས་བཏོན་པ་དེ་མང་ཚོགས་ཀྱིས་མིག་གིས་མཐོང་ཞིང་ཡིད་ལ་བཟུང་ཡོད། ཀླུ་མོ་ཚེ་རིང་གླེང་ཚེ། མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཏེ་བཤད་རྒྱུར། “བུ་མོ་ཆུང་ཆུང་འདི་ངོ་མ་ངར་བ་རེད། གུང་ཁྲན་ཏང་གིས་གསོ་སྐྱོང་བྱས་པའི་ཀྲི་པུའུ་ཧྲུའུ་ཅི་བཟང་བོ་ཡིན་པར་ངོ་གནོངས་མི་དགོས”ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།