ཧྲུའུ་ཅི་དང་པོས་འཕེལ་རྒྱས་ཀྱི་ཕྱོགས་ལ་སེམས་ཤུགས་བཏོན་ཏེ་སྡེ་བའི་དཔལ་འབྱོར་སྔར་ལས་ཡར་རྒྱས་གོང་འཕེལ་དུ་བཏང་།
2022.05.19 ཁུངས། ཀློག་གྲངས། 25

“ཉེ་ལམ་ཧྲུའུ་ཅི་དཔའ་རྩེའི་བྱ་བར་བྲེལ་འཚུབ་ཆེའམ།”

“ཧྲུའུ་ཅི་དཔའ་རྩེ་ཡང་ཡུལ་ལ་མ་ལོག་གམ།”

“ཧྲུའུ་ཅི་དཔའ་རྩེ། ང་ཚོའི་དམངས་ཕན་དངུལ་བུན་ནམ་ཞིག་ལ་ལག་ཏུ་འབྱོར་ནི་རེད།”

སྡེ་དམངས་རྣམས་ཀྱིས་དུས་རྒྱུན་གླེང་བཞིན་པའི་ཧྲུའུ་ཅི་དཔའ་རྩེ་ནི2021ལོའི་ཟླ9པར་འབྲོང་འཐུས་ཡུལ་ཚོ་ཁྲབ་ཆེན་སྡེ་བར་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་དུ་ཡོང་བ་ཡིན་ལ། སྡེ་བའི་རྐང་ལམ་ཕྲ་མོ་རེ་རེར་ཁོའི་རྐང་རྗེས་ཕབས་ཡོད་པ་དང་། སྡེ་བའི་ཁྱིམ་ཚང་སོ་སོ་རུ་ཁོའི་བྲེལ་འཚུབ་ཀྱི་རྒྱབ་གཟུགས་མཐོང་ཐུབ་ལ། སྡེ་བའི་འཕེལ་རྒྱས་ཀྱི་ལམ་ཁ་རེ་རེ་ན་ཁོའི་འབད་བརྩོན་གྱི་གྲུབ་འབྲས་ཡོད། ཁོ་དང་སྡེ་དམངས་ཚོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྲབ་ཆེན་སྡེ་བའི་གྲོང་གསེབ་དར་སྤེལ་བྱ་བ་ལེགས་པོར་བསྒྲུབས།

སྡེ་སྡོད་ཧྲུའུ་ཅི་འགན་ཁུར་བ་ནས་བཟུང་། ཧྲུའུ་ཅི་དཔའ་རྩེ་ཁྱིམ་ཚང་རེ་རེར་སོང་སྟེ་སྡེ་དམངས་རྣམས་དང་ཁ་བརྡ་བྱས་པ་དང་མ་འོངས་པའི་འཕེལ་རྒྱས་གླེང་ཞིང་། སྡེ་དམངས་རྣམས་ཀྱི་བསམ་ཚུལ་ལ་ནན་ཏན་གྱིས་ཉན་པ་དང་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་སྟེ། མང་ཚོགས་ལ་དོན་དངོས་བསྒྲུབ་པ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་བར་རྨང་གཞི་བརྟན་པོ་བཙུགས།

ཞིན་ཧེ་རྫོང་འབྲོང་འཐུས་ཡུལ་ཚོ་ཁྲབ་ཆེན་སྡེ་བ་ནི་ཕྱུགས་ལས་གཙོ་གཉེར་བྱེད་བཞིན་པའི་སྡེ་བ་ཞིག་ཡིན་ལ། གཙོ་བོ་ནོར་ལུག་འཚོ་བ་དང་ནས་དང་ཡུག་པོ་འདེབས་བཞིན་ཡོད། “རི་མཐོ་ཞིང་ལུང་ཁོག་ཟབ་པ་དང་ཞབས་ཞུའི་གཞི་ཁྱོན་ཆེ”ཞེས་པའི་སྡེ་བའི་ས་དབྱིབས་ཀྱི་ཁྱད་ཆོས་གསལ་བོར་མཚོན་ཐུབ།

ས་གནས་ཀྱི་ཁྱད་ཆོས་དང་བསྟུན་ཏེ་བརྟན་བརླིང་གི་ཡོང་འབབ་ཇི་ལྟར་མངོན་འགྱུར་བྱ་རྒྱུ་ནི་ཧྲུའུ་ཅི་དཔའ་རྩེས་དུས་རྒྱུན་བསམ་བློ་གཏོང་བཞིན་པའི་གནད་དོན་ཞིག་ཡིན། སྡེ་བ་སྤྱི་ལ་ཁྱིམ་ཚང304དང་མི1110ཡོད་ལ། ས་ཞིང་མུའུ1500ཡོད། ཧྲུའུ་ཅི་དཔའ་རྩེ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཡུལ་དངོས་ལྟ་ཞིབ་བྱས་པར་བརྟེན་ནས་འཆར་འགོད་གང་ལེགས་བྱས་ཤིང་། སྡེ་བའི་ས་ཞིང་དང་རྩྭ་སའི་ལེགས་ཆ་བཀོལ་སྤྱོད་བྱས་ཏེ་མཉམ་ལས་ཁང་བཙུགས་ཤིང་བཤས་ནོར་གསོ་སྤེལ་བྱེད་པ་དང་སྡེ་བའི་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་བྱ་རྒྱུ་ཐག་བཅད། དེ་ལྟར་བྱས་ན་སྡེ་དམངས་རྣམས་ཀྱིས་རང་གི་ཐག་ཉེ་ནས་ངལ་རྩོལ་བྱས་ཏེ་ཡོང་འབབ་འཕར་བར་བྱ་ཐུབ་པ་མ་ཟད། ས་ཞིང་གི་ཡོང་སྒོ་བགོ་བཤའ་རྒྱག་རྒྱུའང་ཡོད་པས། ཕྱོགས་གཅིག་ནས་སྡེ་དམངས་ཀྱི་ཡོང་འབབ་ཐབས་ལམ་རྒྱ་བསྐྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཀྱང་འཕར་ཐུབ། མ་འོངས་པའི་མདུན་ལྗོངས་གླེང་དུས་ཧྲུའུ་ཅི་དཔའ་རྩེས་ཡིད་ཆེས་བརྟན་པོས་ངང“ང་ཚོའི་འཆར་གཞི་ལྟར་ན་གསོ་སྤེལ་མཉམ་ལས་ཁང་བཙུགས་ཏེ་སྡེ་བའི་ནང་གི་ནོར་ལུག་གྲོང་གསེབ་དར་སྤེལ་གྱི་ཁྱད་ལྡན་ཐོན་ལས་སུ་འགྱུར་བ་དང་། མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཐོན་ལས་བཟང་པོ་དང་ལས་གཞི་གལ་ཆེན་དུ་འགྱུར་བར་འབད་པ་བྱ་རྒྱུ་ཡིན ”ཞེས་བཤད།

གནད་དོན་དང་འཕྲད་ཚེ། ཧྲུའུ་ཅི་དཔའ་རྩེས་ཐོག་མར་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ་དང་དེ་ནས་ད་གཟོད་བྱ་བའི་ཁ་ཕྱོགས་གཏན་འཁེལ་བྱེད་རྒྱུ་དེ་ཡིན། སྡེ་བའི་ནང་དུ་ཐོན་མ་ཐག སྡེ་དམངས་རྣམས་ཀྱི་བསམ་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱ་ཆེད་ཁོ་རང་ཉིན་འགའ་ལ་ཚ་བ་ཆེན་པོའི་ཁྲོད་དུ་ཁྱིམ་ཚང་རེ་རེར་སོང་སྟེ། སྡེ་མི་རྣམས་ཀྱི་ངག་ནས་ཁོ་ཚོའི་བསམ་ཚུལ་ལ་ཉན་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་མི་སྣ་དང་ཁ་བརྡ་བྱས་ཏེ་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཆེད་ལས་མཉམ་ལས་ཁང་བཙལ་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ཁག་དང་གནད་དོན་གསལ་བོར་དྲིས། ཁོས་ཐབས་ལམ་དེ་དག་ལ་བརྟེན་ཏེ་དུས་ཡུན་ཐུང་ངུའི་ནང“དམིགས་འབེན”གཏན་འཁེལ་བྱས།

ཧྲུའུ་ཅི་དཔའ་རྩེ་ཡིས་བཤད་རྒྱུར། སྡེ་བའི་ནང་དུ་གནད་དོན་མི་ཉུང་བ་ཞིག་ཡོད་དེ། དཔེར་ན་སྔོན་ཆད་བཟོས་པའི་སྡེ་ཁྲིམས་སྲོལ་ཡིག་ནི་ད་ལྟའི་འཕེལ་རྒྱས་ཀྱི་གནས་བབས་དང་མི་འཚམས་ལ། ཁ་གཏད་རང་བཞིན་དང་ལག་ལེན་རང་བཞིན་གྱི་ཐད་ནས་ཅུང་ཞན་པས། ཁོས་འཕྲལ་མར་སྡེ་བའི་འགོ་ཁྲིད་དང་གྲོས་བསྡུར་བྱས་ཏེ་སྡེ་བའི་སྡེ་ཁྲིམས་སྲོལ་ཡིག་གསར་བཟོ་དང་འཐུས་ཚང་དུ་བཏང་། སྡེ་ཁྲིམས་སྲོལ་ཡིག་བཟོ་བའི་གོ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་ཏང་གི་སྣེ་ཁྲིད་རྒྱུན་འཁྱོངས་དང་། གནད་དོན་ལ་ཁ་གཏད་དེ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཤིང་། ཁྲིམས་མཐུན་ལུགས་མཐུན་དང་སྡེ་བའི་འཕེལ་རྒྱས་ཁྲོད་ནུས་པ་འདོན་ཐུབ་པའི་སྡེ་ཁྲིམས་སྲོལ་ཡིག་ཅིག་བཟོས། གསར་དུ་བཟོས་པའི་སྡེ་ཁྲིམས་སྲོལ་ཡིག་ཏུ་མི་རིགས་མཐུན་སྒྲིལ་དང་སྒྲིག་ཁྲིམས་བརྩི་སྲུང་། བྱོལ་འགོག་སློབ་སྐྱོང་སོགས་ཀྱི་ནང་དོན་ཡོད་པས་སྔར་ལས་འཐུས་ཚང་བའི་གྲོང་གསེབ་བཅོས་སྐྱོང་གི་སྒྲིག་གཞི་ཞིག་ཆགས།

རྡོག་སྣེར་ས་རྡུལ་ཅི་ཙམ་འགོས་ཡོད་ན་སྡེ་བར་བརྩེ་བ་དེ་ལྟར་ཟབ། སྡེ་དམངས་དང་འབྲེལ་འདྲིས་མང་པོ་བྱས་རྗེས་ཧྲུའུ་ཅི་དཔའ་རྩེ་དང་སྡེ་དམངས་བར་གྲོགས་པོའི་བརྩེ་བ་ཆགས་ཤིང་། ཁོ་ཚོའི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་ཕྱིན། ཧྲུའུ་ཅི་དཔའ་རྩེའི་སྣེ་ཁྲིད་འོག ཞིན་ཧེ་རྫོང་འབྲོང་འཐུས་ཡུལ་ཚོ་ཁྲབ་ཆེན་སྡེ་བའི་ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། སྡེ་དམངས་རྣམས་ལ་བརྟན་བརླིང་གི་ཡོང་འབབ་ཐོབ་པས་སྡེ་བའི་བདེ་སྐྱིད་མཚོན་གྲངས་སྔར་ལས་ཇེ་མཐོར་སོང་། ཧྲུའུ་ཅི་དཔའ་རྩེའི་དུས་རྒྱུན་དུ་རང་ཉིད་ཏང་ཡོན་ཞིག་ཡིན་པའི་ཐོབ་ཐང་ཡིད་ལ་དམ་པོར་བཟུང་སྟེ་དོན་དངོས་སྟེང་དུ་སྡེ་སྡོད་ཧྲུའུ་ཅིའི་འོས་འགན་ལག་བསྟར་ནན་མོ་བྱས་དང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།