ཚེ་འདིར་རི་ཆུ་འདི་ལ་སྲུང་སྐྱོབ་བྱེད་འདོད།
2022.05.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

—ཆེས་མཛེས་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་མི་སྣ། ཧུའུ་ཀྲུའུ་རྫོང་སུམ་མདོ་ནགས་རའི་ནགས་སྲུང་བ་བསམ་འགྲུབ་ཉི་མའི་གནས་ཚུལ་བཀོད་པ།

དབྱར་ཚུགས་པ་ནས་བཟུང་། ཙོང་ཆུ་དང་རྨ་ཆུའི་གཞོང་སར་དབྱར་གྱི་དཔལ་ཡོན་གང་སར་རྒྱས་འདུག མཚོ་འཕང་སྨི་སུམ་སྟོང་ཡན་གྱི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་ནགས་རར་མཚོན་ནས་བཤད་ན། ཆུ་ཕྲན་འགྲམ་དང་ཞིང་ས། རི་གསེབ་བཅས་སུ་རི་སྐྱེས་མེ་ཏོག་རྣམ་པར་བཀྲ་བ་དང་། མཐོ་དམན་མི་འདྲ་བའི་རི་ཚོགས་དང་ཀྱ་ཀྱུ་བཞུར་བའི་ཆུ་ཕྲན། དྭངས་གཙང་གི་མཁའ་དབུགས། བག་ཕེབས་ངང་རྩྭ་ཟ་བཞིན་པའི་ནོར་ལུག་བཅས་ཀྱིས་རི་སྔོ་ཆུ་དྭངས་ཀྱི་སྡེ་བ་དེར་མཛེས་ལྗོངས་ཤིག་བསྐྲུན་ཡོད།

སུམ་མདོ་ནགས་རའི་གཞུང་སྒྲུབ་བྱ་ཡུལ་དང་བར་ཐག་སྤྱི་ལེ་ཁ་ཤས་ཡོད་པ་དང་། རི་བོ་གཉིས་ཀྱི་བར་དུ2021ལོར་ཆེས་མཛེས་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་མི་སྣའི་མཚན་སྙན་ཐོབ་མཁན། ཧུའུ་ཀྲུའུ་རྫོང་སུམ་མདོ་ནགས་རའི་སྐྱེ་ཁམས་ནགས་སྲུང་བ་བསམ་འགྲུབ་ཉི་མའི་ཁྱིམ་རེད།

དྭངས་ཤིང་གཙང་བའི་ཆུ་ཕྲན་ཞིག་ཐག་རིང་གི་རི་ཁུག་ནས་ལང་ལོང་དུ་ལྡང་ཞིང་། ཁོ་ཚང་གི་ཁྱིམ་གྱི་འགྲམ་ནས་ཀྱ་ཀྱུ་འཁྱུག་ཏེ་ཐག་རིང་གི་ཕྱོགས་སུ་བཞུར་བཞིན་ཡོད། བརྩེ་སེམས་སུམ་མདོ་དང་ཕ་ཡུལ་ལ་བཅངས་ཡོད་པ་དང་། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་མཁན་དེའི་ཁྱིམ་གྱི་ཅོག་ཙེའི་མདུན་དུ་རི་སྐོར་ཉིན་ཐོ་གསལ་ཞིང་གྲལ་དག་པའི་སྒོ་ནས་བྲིས་ཡོད།

བསམ་འགྲུབ་ཉི་མའི་ནགས་ཚལ་བདག་སྐྱོང་དང་རི་ལུང་ལ་སྐོར་ཞིབ་བྱས་པའི་ཉིན་ཐོར་བལྟ་སྐབས། ཚོན་མདངས་བཀྲ་ཞིང་གོ་བདེ་བའི་པར་རིས་རྣམ་པའི་ཉིན་ཐོ་རེ་རེ་བཞིན་མིག་ལམ་དུ་འཆར་བ་དང་། སྐོར་ཞིབ་བྱེད་སྐབས་རྒྱུན་ལྡན་མིན་པའི་གནས་ཚུལ་ལ་ཐུག་སྲིད་པའི་ནང་དོན་སྣ་ཚོགས་ཡོད། དེ་ནི་རིག་གནས་ཆུ་ཚད་ཅུང་དམའ་བའི་ནགས་སྲུང་པས་རི་ལུང་སྐོར་བསྐྱོད་ཀྱི་གནས་ཚུལ་ལ་དམིགས་ནས་བྲིས་པ་ཞིག་རེད། རི་མོ་དེའི་འོག་ཏུ་བསམ་འགྲུབ་ཉི་མའི་མཐོང་ཐོས་དང་བསམ་བློ་བྲིས་ཡོད། ཤོག་ལྷེ་རེར་སྐད་ཆ་ཚིག་རེ་གཉིས་ཙམ་ལས་བྲིས་མེད་མོད། འོན་ཀྱང་དེ་ལས་ཁོང་གི་འགན་འཁྲིའི་བསམ་པ་དང་སྙིང་སྟོབས་མཚོན་པར་བྱས་ཡོད། ཟིན་ཐོ་དེའི་སྟེང་དུ་སྙན་ངག་དང་རི་བོའི་མཛེས་ལྗོངས་ཁོ་ན་བཀོད་ཡོད་པ་ཞིག་གཏན་ནས་མིན་པར། དེ་ནི་ཁོའི་ལོ་འདི་དག་གི་རིང་དཀའ་ངལ་ཁྱད་བསད་བྱས་ཏེ་རང་གི་ལས་གནས་བརྟན་སྲུང་བྱས་པའི་བསྡུས་གཟིགས་ཤིག་རེད།

སུམ་མདོ་ནགས་ར་དེ་ཧུའུ་ཀྲུའུ་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། མདོ་ལ་རི་བོའི་ལྷོ་ངོས་ཧུའུ་ཀྲུའུ་ཁུལ་གྱི་ཤར་རྒྱུད་སྣུར་སྲིང་གནས་ཞིག་ཡིན་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་ཤར་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཆ་སྙོམས་མཚོ་འཕང་སྨི2500ནས4265བར་ཟིན། བསམ་འགྲུབ་ཉི་མས་འགན་འཁུར་བའི་ས་ཁོངས་ནི་ནགས་ཁུལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་མཚོ་འཕང་མཐོ་བ། བགྲོད་ལམ་ཀྱག་ཀྱོག་ཆེ་བ། ཆ་རྐྱེན་ཆེས་ཞན་པའི་སྲུང་སྐྱོབ་ཁུལ་ཞིག་རེད།

2015ལོར། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དུ་གཏན་འཁེལ་བྱས་རྗེས། སུམ་མདོ་ནགས་རའི་སྐྱེ་ཁམས་ནགས་སྲུང་བའི་ལས་འགན་འཁུར་མཁན་བསམ་འགྲུབ་ཉི་མས་རང་ཉིད་ཀྱི་ལས་གནས་ཁྱིམ་དང་ཁ་ཐག་རིང་བར་ཁ་ཡ་བྱེད་བཞིན་མེད། ཁོས་ནགས་སྲུང་བ་ཞིག་ཡིན་པའི་ཆ་ནས། འགན་འཁྲི་ནི་རི་ཆུ་ནགས་གསུམ་དང་། ཞིང་ས། མཚེའུ་དང་རྩྭ་ཐང་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་རེད། རི་བོ་འདི་ནི་ང་ཚོའི་སྲོག་རྩ་ལྟ་བུ་ཡིན་ལ། གལ་ཏེ་ཚང་མས་དང་ལེན་མ་བྱས་ན་ཁྱིམ་གཞིས་ཡག་པོ་སྲུང་ག་ལ་ཐུབ་ཅེས་བཤད། 

ཁོས་བདག་སྐྱོང་ས་ཁོངས་ཀྱི་ནགས་རི་ཡོད་ཚད་རང་ཉིད་ཀྱི་སྙིང་གི་ནོར་བུ་ལྟ་བུར་བརྩིས་ནས། ཉིན་རེར་རི་ལ་སྐོར་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྐོར་ཞིབ་བྱེད་སྐབས་ཉུང་ན་ཉིན་གཅིག་འགོར་བ་དང་མང་ན་ཟླ་ཕྱེད་ཙམ་འགོར་གྱིན་ཡོད། གཡང་གཟར་བྲག་རོང་དང་ལྷིང་འཇགས་ནགས་ཚལ་སོགས་བརྒལ་རྒྱུ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་རེད། རྒྱུན་དུ་ཁོ་ལ་འགྲོགས་རོགས་ནི་ཆུ་དམ་གཅིག་དང་ལམ་གྲོ་ཅུང་ཙམ། ཟད་པར་གྱུར་བའི་རི་ཉུལ་བའི་ལྷམ་བཅས་རེད།

“སྐབས་རེ་རི་ལ་སྐོར་ཞིབ་བྱེད་སྐབས་ལམ་ཐག་རིང་བ་དང་། དགུན་དུས་ཀྱི་དུས་ཚོད་ཐུང་བས་ཉིན་གཅིག་གི་ནང་ཕྱིར་ལོག་ཐུབ་ཀྱིན་མེད། འབྲོག་པས་རི་ཁུལ་དུ་ལས་པའི་ནོར་ལུག་གི་སྤྱིལ་ཁང་དུ་ཞག་གཅིག་འདུག་བཞིན་ཡོད་ལ། ཉིན་གཉིས་གསུམ་འགོར་རྗེས་སླར་ཡང་ཁྱིམ་དུ་ལོག་པ་ཡིན། རི་ལ་སྐོར་ཞིབ་བྱེད་པའི་ལམ་ཐག་ཐུང་ན་སྤྱི་ལེ་བཅུ་ཕྲག་འགའ་ཡོད་པ་དང་མང་ན་སྤྱི་ལེ་བརྒྱ་ལྷག་ཙམ་ཡོད།” བསམ་འགྲུབ་ཉི་མའི་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། ཐེངས་ཤིག་ཁ་བ་བབས་རྗེས་རི་ལ་སྐོར་ཞིབ་བྱེད་སྐབས། རི་སྟེང་གི་ཁ་བ་ཕྱེད་ཙམ་ཞུ་ཡོད་པ་དང་། ང་དང་ནགས་སྲུང་བ་གཉིས་གོམ་པ་རེ་རེ་བཞིན་དེའི་ཐོག་ཏུ་བསྐྱོད་པ་ཡིན། རི་སྐེད་དུ་སླེབས་པ་ན་སེམས་ཆུང་མ་བྱས་པར་རྐང་འོག་ནས་འགྱེལ་ཏེ། ང་རིའི་སྟེང་ནས་མར་འགྲིལ་བ་དང་ངས་མྱུར་དུ་རྩི་ཐོ་ཞིག་ལ་འཇུས་པ་དང་། མཉམ་དུ་ཡོད་པའི་གྲོགས་པོས་ཀྱང་མྱུར་དུ་ངའི་གྱོན་པས་བཟུང་ཞིང་། སྐབས་དེ་དུས་གཡང་གཟར་དང་བར་ཐག་ལི་སྨི་ཁ་ཤས་ལས་མེད་མོད། ང་རང་འཆི་བདག་གི་མདུན་ནས་ཕྱིར་བསྐྱབ།

སུམ་མདོ་སྡེ་བར་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཕོ་གསར་ཞིག་ཡིན་པའི་ཆ་ནས། བྱིས་པའི་དུས་སུ་ནགས་ཚལ་དེའི་ནང་རྩེད་འཇོར་རོལ་བ་དང་། ད་ལྟ་རང་ཉིད་ཀྱིས་ཆུང་དུས་ཀྱི་རྩེད་རོགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། ཁོས་བརྩེ་སེམས་དང་དྲོད་འཁོལ་བརྟེན་ནས་གནས་འདིར་སྲུང་སྐྱོབ་བྱེད་བཞིན་མཆིས།

 བསམ་འགྲུབ་ཉི་མས། དེ་སྔོན་ཤུག་སྡོང་རྐུ་བ་དང་བེད་སྤྱོད་གཏོང་དྲགས་པ། ཤིང་གང་བྱུང་དུ་གཅོད་པ་བཅས་ཀྱི་སྣང་ཚུལ་ཚབས་ཆེ་བའི་དབང་གིས་ནགས་ཚལ་གྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་དུ་གྱུར། ཆུ་ལོག་དང་འདམ་རྡོ། བྱེ་རླུང་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་བྱུང་མྱོང་བས། སྡེ་བའི་ནང་གི་ཡུལ་མི་ཁག་གཅིག་གི་ཁང་པ་ཐད་ཀར་ཆུ་ལོག་གིས་གཏོར་སྐྱོན་ཐེབས་པ་དང་། རང་བྱུང་ནགས་ཚལ་དུ་ཤིང་གཅོད་པ་གཏན་འགོག་བྱེད་པའི་གཏན་འབེབས་དོན་འཁྱོལ་བྱས་པ་དང་བསྟུན་ནས། ཉམས་ཞན་གྱི་ནགས་ཚལ་གཞི་ནས་སླར་གསོ་བྱུང་། ད་ལྟ་སྡོང་ཕྲན་དང་ལོ་མ་ཆེ་བའི་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་། སྔོན་ཆད་རང་བྱུང་གནོད་འཚེ་མང་པོ་བྱུང་བའི་སྣང་ཚུལ་མེད་པར་གྱུར་བ་དང་། སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་རྗེས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རི་ལ་སྐོར་ཞིབ་བྱེད་དུ་སྐྱོད་སྐབས་གོང་མོ་དང་ཝ་མོ། གནའ་བ། ཤྭ་བ་ཁྲ་རིས་བཅས་རྒྱུན་དུ་མཐོང་ཐུབ་ཟེར།

སྐྱེ་ཁམས་ནགས་སྲུང་བྱ་བའི་དམིགས་བསལ་རང་བཞིན་དང་། བདག་སྐྱོང་བྱ་ཡུལ་ཐག་རིང་བའི་རྐྱེན་གྱིས་བསྟུད་མར་ལོ་འགའི་རིང་ལ། ཁོ་ཁྱིམ་མི་དང་ལྷན་འཛོམས་བྱེད་པའི་དུས་ཡུན་ཐུང་པ་དང་། ལྷག་པར་དུ་ཁྱིམ་ཚང་མཉམ་འཛོམས་བྱེད་སྐབས་ཀྱང་ཁོའི་གཟུགས་བརྙན་མཐོང་མི་ཐུབ་ལ། དུས་ཆེན་དང་ངལ་གསོའི་ཉིན་མོ་ལོངས་སྤྱོད་བྱ་རྒྱུ་ནི་གླེང་ཐབས་བྲལ་བ་ཞིག་རེད། ཆུང་མ་དང་བྱིས་པ་གཉིས་ཀྱིས་རྒྱུན་དུ་ཁོས་ཁྱིམ་ལ་ལྟ་རྟོག་མི་བྱེད་པའི་ལེ་བདའ་བྱེད་བཞིན་ཡོད་ལ། འོན་ཀྱང་སྐྱེས་པའི་རང་ཉིད་ཀྱི་ས་གཞི་འདིའི་ཆེད་དུ་བྱ་བ་སྒྲུབ་པ་དང་། ཁོའི་བློ་རྩ་བརྟན་པའི་མིག་མདངས་མཐོང་སྐབས་ཁོ་ལ་ཁ་རོག་གེར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

ལོ་ལྔ་ལྷག་གི་རིང་ལ། ཁོ་ཁོངས་གཏོགས་ཁུལ་གྱི་རི་བོ་དང་གྲོག་རོང་། ནགས་ཚལ་བཅས་སུ་བསྐྱོད་མྱོང་ལ། ནགས་ས་དང་གནས་ཡུལ། རྒྱ་ཁྱོན་བཅས་ལ་རྒྱུས་མངའ་ཆེན་པོ་ཡོད།

ལོ་ལྔ་ལྷག་གི་རིང་ལ། ཁོའི་གཟུགས་བརྙན་ཐེངས་མང་པོ་ཞིག་ལ་རྒྱ་ཁྱོན་ཆེས་ཆེ་བ་དང་། འགྲིམ་འགྲུལ་ཆེས་སྟབས་མི་བདེ་བ། ས་དབྱིབས་རྙོག་འཛིང་ཆེ་བ་བཅས་ཀྱི་ནགས་ཁུལ་དུ་བསྐྱོད་དེ། སྤྱི་ཆིང་བདུན་སྟོང་གི་ནགས་རིའི་བདེ་འཇགས་སྲུང་སྐྱོབ་བྱས་པ་རེད།

ལོ་ལྔ་ལྷག་གི་རིང་ལ། ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་བྱེད་སྐབས། ཁོས་འགན་ཁུར་ས་ཁུལ་གྱི་ས་ཁོངས་གལ་ཆེན་དུ་སྐོར་སྐྱོད་བྱེད་ཀྱིན་ཡོད་ལ། མེ་འགོག་གི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ནས་རེས་སྐོར་རེ་རེ་བཞིན་མེ་འགོག་གི་བདེ་འཇགས་ཐབས་ལམ་དྲིལ་བསྒྲགས་བྱེད་ཀྱིན་ཡོད།

ལོ་ལྔ་ལྷག་གི་རིང་ལ། ཁོ་དང་ལས་རོགས་ཚོས་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད། སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་ཞེས་འབོད་པའི་ནགས་ཁུལ་དུ་ཤིང་སྡོང་རྐུ་བ་དང་གང་བྱུང་དུ་གཅོད་པའི་གྱོད་གཞི་གཅིག་ཀྱང་བྱུང་མྱོང་མེད། ཁོ་ལ་ནགས་རར་རང་འགན་གཙང་སྒྲུབ་ཀྱི་དཔྱད་ཞིབ་བྱེད་སྐབས་ཕུལ་བྱུང་གི་བྱ་དགའ་ཐེངས་མང་ཐོབ་མྱོང་།

སུམ་མདོ་ནགས་རའི་འགོ་གཙོ་བུའུ་ཡུག་ཧྲིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ནགས་སྲུང་བར་མ་གྱུར་བའི་སྔོན་ལ། བསམ་འགྲུབ་ཉི་མས“འོས་འགན་ནགས་སྲུང་བའི”ཐོབ་ཐང་ལ་བརྟེན་ནས་ས་གནས་འདིའི་མི་སྣ་གྲགས་ཅན་དུ་གྱུར་ཡོད། ཁོ་རང་ཆུང་དུས་ནགས་ཁུལ་དུ་འཚར་ལོངས་བྱུང་བ་དང་། གནས་འདིའི་རྩྭ་རྩི་ཤིང་ལ་བརྩེ་བ་ཟབ་མོ་ཡོད། “ནགས་སྲུང་མེ་འགོག་བྱེད་པར་མི་ཚང་མར་འགན་འཁྲི་ཡོད”ཅེས་པ་དེ་ནི་ཁོས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད། ཕྱུགས་འཚོ་བའི་ལམ་དུ་ཤུག་སྡོང་ཆག་པ་དང་ནགས་ཁུལ་དུ་ཐ་མག་འཐེན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དང་འཕྲད་ཚེ། ཁོས་མྱུར་དུ་སེམས་ཞིབ་མོས་ཁ་ཏ་སློབ་གསོ་གཏོང་བཞིན་ཡོད། མང་ཚོགས་ཀྱིས་རི་བོ་འདི་ཡང་ཁྱོད་ཀྱི་མིན་པས་ནན་ཏན་བྱེད་དགོས་དོན་ཅི་ཡོད་ཅེས་འདྲི་སྐབས། ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས“ང་ཚོ་ཚང་མ་མི་རབས་ནས་མི་རབས་བར་འདི་གར་འཚོ་བ་རོལ་མཁན་ཡིན་པས། ང་ནི་གནས་འདིའི་རི་ཆུ་ལ་དགའ་བ་དང་། གནས་འདིའི་ཡོད་ཚད་ལ་སྲུང་སྐྱོབ་ཡག་པོ་བྱེད་པའི་འགན་འཁྲི་དེ་བས་ཡོད”ཅེས་ལན་བཏབ།

བསམ་འགྲུབ་ཉི་མས་ང་ནི་སུམ་མདོ་ཡི་བུ་ཕྲུག་ཡིན་པས། ངས་རང་ཉིད་ཀྱི་ཚེ་གང་གི་དུས་ཚོད་སྤྱད་དེ་ནགས་ཁུལ་ལ་དོ་དམ་སྲུང་སྐྱོབ་ཡག་པོ་དང་། སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ། བུ་རབས་ཚ་རྒྱུད་ལ་སྐྱེ་ཁམས་ཀྱི་ཕན་པ་སྔར་ལས་མང་པོ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།