ཐེངས་གཉིས་ལ་རྐང་ཚར་བསྐྱོད་དེ་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གཏམ་རྒྱུད་ཅིག
2022.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མི་དམངས་སྨན་ཁང་གི་སུམ་ཐོག་གི་གཞུང་སྒྲུབ་ཁང་ཆུང་ཆུང་ཞིག་ཏུ་ང་ཚོ་གསར་འགོད་པས་ཧྲན་ཏུང་ཞིང་ཆེན་ལའོ་ཁྲིན་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྣ་སྣ་མགྲིན་པའི་ཚན་ཁག་གི་ཀྲུའུ་རིན་གཞོན་པའམ་ད་ལྟ་རྐང་ཚ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་འཁུར་མཁན་ཡའོ་ཁི་ཆིན་མཐོང་བྱུང་།

ཁོའི་ཞི་དུལ་གྱི་གདོང་ལ་ནམ་ཡང་འཛུམ་ཞིག་ལངས་ནས་རང་གི་ཤེས་པ་ཡོད་ཚད་བཤད་བཞིན་ཡོད།

2016ལོའི་ཟླ10པར། ལའོ་ཁྲིན་གྲོང་ཁྱེར་མི་དམངས་སྨན་ཁང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་སྨན་པ་བདམས་བཞིན་ཡོད་པ་དང་། རྩ་འཛུགས་ཀྱིས་མི་སྒེར་གྱི་བསམ་འཆར་འདྲི་སྐབས། ལོ་ན་སོ་ལྔར་སླེབས་པའི་ཡའོ་ཁི་ཆིན་གྱིས་སྐབས་ཐོག་དེར་མིང་ཐོ་བཀོད་དེ། སྤོབས་པ་ཆེན་པོའི་སྒོ་ནས་མཐོ་སྒང་དུ་སླེབས་བྱུང་།

ཐེངས་དང་པོའི་ཟླ་ངོ་གསུམ་རིང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྒྲུབ་སྐབས། ཡའོ་ཁི་ཆིན་གྱིས་ན་གཞོན་སྨན་པ་ཞིག་གི་ངོས་ནས་ཚོགས་པའི་སྨན་བཅོས་རོགས་སྐྱོར་བྱ་བར་ཞུགས།

ཡིན་ནའང་། ཁོ་རང་རྐང་ཚར་ཐོན་མ་ཐག་འགག་སྒོ་མང་པོ་ཞིག་ལ་འཕྲད།

ནམ་ཟླའི་འགག་སྒོ་ཐད་ནས། ཡའོ་ཁི་ཆིན་ལ་ས་མཐོ་བྱུང་ནས་མཚན་མོ་གཉིད་མ་ཁུགས།

སྤྱི་ལེ་སྟོང་གསུམ་དང་སུམ་བརྒྱའི་ལམ་ཐག་བརྒྱུད་དེ། ནང་ལོག་ནས་མཐོ་སྒང་དུ་སླེབས་པ་དང་། བྱ་བར་ཤན་ཤུགས་མི་ཐེབས་པའི་ཆ་རྐྱེན་འོག ངས་བྱ་བའི་འཆར་གཞི་ལེགས་སྒྲིག་བྱས་ཏེ་བཟོས་པ་དང་། བྱ་བའི་སྟེང་འབད་བརྩོན་བྱས་པ་དང་། གཞན་པའི་དུས་ཚོད་ནང་འགུལ་སྐྱོད་དྲག་པོ་མི་བྱེད་པར་རྣམ་པ་བཟང་པོ་སྲུང་འཛིན་བྱས་ཞེས་ཡའོ་ཁི་ཆིན་གྱིས་དུས་ཡུན་ཐུང་ངུའི་དུས་ཚོད་ནང་རང་ཉིད་མཐོ་སྒང་གི་མི་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས།

འཚམ་པའི་འགག་སྒོ་ཐད་ནས། ཁྱིམ་མི་དྲན་པ་དེས་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཡའོ་ཁི་ཆིན་ལ་ཉམས་ཚོད་ལེན་བཞིན་འདུག ལྷག་པར་དུ་ངལ་གསོའི་དུས་ཚོད་ཀྱི་སྐབས་སུ། གཉེན་ཉེ་རྣམས་ལྷག་དུ་དྲན་བཞིན་འདུག

ཐེངས་དང་པོར་རྐང་ཚར་ཡོང་བའི་སྐབས་སུ་བྱིས་པ་ལོ་བཞི་ལ་བུད་ཡོད་པ་དང་། ཐེངས་གཉིས་པར་ཡོང་བའི་སྐབས་སུ་བྱིས་པ་ཆེ་བ་ལོ་བརྒྱད་དང་ཆུང་བ་ལོ་བཞི་ལ་བུད་ཡོད་པ་དང་། ཐེངས་གཉིས་ལ་རྐང་ཚར་བསྐྱོད་པ་དེ་གོང་ན་ལོ་ལོན་གཉོར་རྒྱུ་ཡོད་པ་དང་། གཤམ་ན་བྱིས་པ་གཉོར་རྒྱུ་ཡོད་པའི་ཁྱིམ་ཚང་གི་འགན་ཁུར་ལྕི་མོ་ཞིག་དང་འཕྲད། སྨན་པ་ཡིན་པའི་ཆུང་མས་ཁྱིམ་ཚང་གི་འགན་ཁུར་ཚང་མ་ཕྲག་ཏུ་བླངས་ཏེ། ང་ལ་རྒྱབ་སྐྱོར་ཆེན་པོ་གནང་ཞེས་སྐད་ཆ་གླེང་ནས་མཚམས་འདིར་སླེབས་དུས། ཡའོ་ཁི་ཆིན་ལ་སེམས་ནས་ནོངས་འགྱོད་ཅིག་སྐྱེས་བཞིན་འདུག

གནོན་ཤུགས་ཀྱི་འགག་སྒོ་ཐད་ནས། ས་ཁོངས་མི་གཅིག་པའི་ཁོར་ཡུག་ཅིག་ཏུ་བྱ་བ་ཅི་ལྟར་སྤེལ་དགོས་པ་དང་། ཇི་ལྟར་བྱས་ན་ད་གཟོད་ཐེངས་འདིའི་རོགས་སྐྱོར་ལ་དོན་སྙིང་ལྡན་པར་འགྱུར་ཐུབ་རྒྱུ་དེ་ཡའོ་ཁི་ཆིན་གྱིས་བསམ་གཞིགས་བྱེད་པ་ཆེས་མང་བའི་དོན་དག་ཅིག་ཏུ་གྱུར།

བྱ་བ་བཟང་པོར་སྒྲུབ་པའི་ཆེད་དུ། ངས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དགོས་མཁོ་ལྟར། ས་དེའི་ལས་བྱེད་མང་ཚོགས་ལ་བརྩི་བཀུར་བྱས་ནས་ཁོ་ཚོ་དང་གྲོགས་པོ་བསྒྲིགས་པ་དང་། སེམས་གཏད་དེ་ས་གནས་དེ་གའི་ལས་བྱེད་པའི་དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་དང་། ངས་རང་ཉིད་ཀྱི་བྱ་བ་སྒྲུབ་པ་དེ་ནི་གླེངཔ་རིན་མེད་པ་ཞིག་ཡིན་པར་འདོད་ཡོད། ཡའོ་ཁི་ཆིན་གྱིས་རང་ཉིད་ཀྱི་ཆེད་ལས་ཁྱབ་ཁོངས་ནས་ནུས་ཤུགས་ཡོད་དགུས་ནད་པའི་སྡུག་བསྔལ་སེལ་བ་དང་། ནམ་རྒྱུན་གྱི་བྱ་བ་དེ་ཆེས་བཟང་པོའི་སྒོ་ནས་ཡོངས་འགྲུབ་བྱས།

དཀའ་ཁག་གི་འགག་སྒོ་རེ་རེ་ལས་བརྒལ་ནས་ཟླ་བ་གསུམ་གྱི་རིང་ལ་མཚོ་སྔོན་ལ་རོགས་སྐྱོར་བྱས་པ་བརྒྱུད་དེ། ཡའོ་ཁི་ཆིན་ཀྱིས་བསམ་བློ་དང་འགུལ་སྐྱོད་གཉིས་ཀྱི་སྟེང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དགོས་དོན་ཅི་ཞིག་ཡིན་པ་དང་། མཚོ་སྔོན་ནས་ཅི་ཞིག་སྒྲུབ་དགོས་པ། མཚོ་སྔོན་དང་ཁ་འབྲལ་སྐབས་ཅི་ཞིག་བསྐྱུར་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།

གལ་ཏེ་ཐེངས་དང་པོར་རྐང་ཚར་ཡོང་བ་དེ་ནི་ན་གཞོན་ཞིག་གི་ཅི་ཡང་སྒྲུབ་ཕོད་པའི་སྙིང་སྟོབས་ཤིག་རེད་ཅེ་ན། དཀའ་སྡུག་མང་པོ་བརྒྱུད་མཐར་ཡང་བསྐྱར་མཚོ་སྔོན་ལ་རོགས་རམ་བྱེད་དུ་ཡོང་རྒྱུ་དེ་ལ་དཔའ་ངར་ཆེན་པོ་ཞིག་དགོས་པ་རེད།

ཟླ་གསུམ་རིང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་མཇུལ་སྒྲིལ་རྗེས། ང་རང་རྐང་ཚ་ས་ཆ་དང་ཁ་བྲལ་ཡང་སེམས་པ་ནམ་ཡང་རྩྭ་ཐང་དེ་རུ་བསྐྱུར་ཡོད། གནས་དེ་ན་ཆེས་བབ་ཆགས་པའི་མི་ཡོད་ལ། ས་དེའི་རྩྭ་རྐང་རེ་རེ་དང་། རི་བོ། ཆུ་བོ་ཡོད་ཚད་ཁོའི་སེམས་ཁོངས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ཡོད། རྐང་ཚ་རྫོང་གི་སྨན་བཅོས་ཆུ་ཚད་ལ་ཚད་ཡོད་པ་དང་། ལག་རྩལ་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པས། རོང་འབྲོག་པ་མང་ཚོགས་ཀྱིས་ནད་ལ་ལྟ་བར་དཀའ་ངལ་ངེས་ཅན་ཞིག་ཡོད་པ་རེད། ངས་རང་ཉིད་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དུས་ཚོད་ལ་ཕྱིར་དྲན་བྱེད་སྐབས། སེམས་ནང་དུ་ད་དུང་ཅི་ཞིག་ཆད་སོང་བའི་སྣང་བ་ཞིག་སྟེར་ལ། རང་ཉིད་ལ་ཕངས་མང་པོ་ཞིག་ཀྱང་སྐྱེས་པར་བྱེད།

ལོ་བཞིའི་རྗེས་ཀྱི2021ལོའི་ཟླ2པར། ཡའོ་ཁི་ཆིན་གྱིས་ཅི་ཡང་མི་བསམ་པར་ཡང་བསྐྱར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལམ་དུ་བསྐྱོད།

ཡང་བསྐྱར་རྐང་ཚར་སླེབས་རྗེས། ཡའོ་ཁི་ཆིན་གྱི་སེམས་པ་ཡུད་ཙམ་ལ་བདེར་འབབ་མ་ཐུབ། སྔོན་ཆད་དང་དེ་འདྲ་མི་འདྲ་བའི་རྐང་ཚ་རྫོང་སྨན་ཁང་མཐོང་དུས། ཆ་རྒྱུས་ཡོད་པ་དང་ཆ་རྒྱུས་མེད་པ་འདྲ་བའི་སྣང་བ་ཞིག་ཀྱང་སྦྱིན། ཆ་རྒྱུས་ཡོད་པ་ནི་རྒྱུས་ཡོད་པའི་ངོ་གདོང་རེ་རེ་ཡིན་པ་དང་། ཡུན་རིང་བྲལ་བའི་སྨན་བཅོས་མི་སྣ་དེ་དག་གིས་རང་ཉིད་ལ་བརྩེ་བའི་རྣམ་འགྱུར་སྟོན་པ་དེས་ཁོ་ལ་ཕ་ཡུལ་དུ་ལོག་པ་ལྟ་བུའི་སྣང་བ་ཞིག་བྱིན།  རྒྱུས་མེད་པ་དེ་ནི་ལོ་འདི་འགར་སྨན་ཁང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཁོང་ནད་དང་། བྱིས་པ། མོ་ནད་ཚན་ཁག་ཞག་སྡོད་ཁང་གི་ཐོག་ཁང་གསར་བར་བསྒྱུར་ཡོད་པ་དང་། ཡངས་ཤིང་གསལ་བའི་ནད་ཁང་ཡོད་ཅིང་། གཤགས་བཅོས་ཁང་གསར་བ་ཡོད་ལ། དཔྱད་ཆས་དང་སྒྲིག་ཆས་ཆ་ཚང་བའི་བརྟག་དཔྱད་ཚན་ཁག་ཡོད་པས། ཡོད་ཚད་དང་ཡོད་ཚད་ཀྱིས་ཁོ་ལ་སྨན་ཁང་གི་དགའ་འོས་པའི་རྣམ་པ་ཞིག་ཕྱིར་མངོན་བཞིན་ཡོད་པ་རེད།

མིག་མདུན་གྱི་འགྱུར་ལྡོག་དེས་ཡའོ་ཁི་ཆིན་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་པ་དང་། དགའ་འོས་པ་ཞིག་ནི་རང་ཉིད་རྐང་ཚ་རྫོང་སྨན་ཁང་གི་བར་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཀྱི་དཔང་མི་ཞིག་ཏུ་གྱུར་ཡོད་པ་དེ་རེད།

2021ལོའི་ཟླ5པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ7.4ས་ཡོམ་བྱུང་བ་དང་། ཡའོ་ཁི་ཆིན་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ལས་གྲོགས་བཅུས་རང་འགུལ་ངང་རོགས་རམ་བྱས་པ་དང་། ཕྱི་བཤོལ་ཅི་ཡང་མི་བྱེད་པར་གནོད་ཐེབས་ས་ཁུལ་དུ་བསྐྱོད་དེ། གནོད་འགོག་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་ཞུགས་པ་དང་། དངོས་ཡོད་ཀྱི་འགུལ་སྐྱོད་སྟེང་ནས་སྨན་པའི་བྱམས་སེམས་ཀྱི་བརྩེ་བ་དང་ཐོག་མའི་འགན་འཁྲི་ལག་བསྟར་བྱས།

རྐང་ཚ་རྫོང་སྨན་ཁང་དུ། དོ་དམ་དང་འཛུགས་སྐྲུན་ནང་ཞུགས་བཞིན་ཡོད་པ་ལས་གཞན། ཡའོ་ཁི་ཆིན་གྱིས་ད་དུང་རང་གི་ཆེད་ལས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད།

རྣ་བ་གཡས་པའི་ནད་དང་ ། རྣ་མདུན་གྱི་རྡོལ་སྦུག་ལེན་པ། རྣ་ཟུར་ལེན་པ། རྣའི་གོ་ཚད་སླར་གསོ་བྱུང་ཡོད་མེད་ལ་ཞིབ་བཤེར་བྱེད་པ་སོགས་རྫོང་སྨན་ཁང་དུ་སྔོན་ཆད་སྤེལ་མ་མྱོང་བའི་སྨན་བཅོས་བྱ་འགུལ་དེ་ཡའོ་ཁི་ཆིན་གྱི་སྣེ་ཁྲིད་འོག་བདེ་བླག་གི་ངང་ནས་སྤེལ།

རྐང་ཚའི་སྐད་ཆ་བཤད་པ་དང་། རྐང་ཚའི་བྱ་བ་སྒྲུབ་ལ། རྐང་ཚའི་མི་ཞིག་བྱེད་པ་དེ་ནི་ཡའོ་ཁི་ཆིན་གྱིས་རང་ཉིད་ལ་བཏོན་པའི་རེ་བ་རེད།

2021ལོའི་ཟླ7པའི་ཚེས16ཉིན། ལའོ་ཁྲིན་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ལེགས་ཆར་བརྟེན་ནས་འཕེལ་རྒྱས་དང་མཉམ་ལས་མཉམ་སྤྱོད་ཀྱི་རྣམ་པ་གྲུབ་པར་བྱས་པ་དེས་རྐང་ཚ་རྫོང་གི་མང་ཚོགས་ཚོ་ས་ཆ་མང་པོར་རྒྱུགས་མི་དགོས་པར་ཁྱད་དུ་འཕགས་པའི་སྨན་བཅོས་ཐོན་ཁུངས་ཉམས་སུ་མྱོང་ཐུབ་པར་བྱས་ཤིང་། ཁོས་ལའོ་ཁྲིན་མི་དམངས་སྨན་ཁང་དང་རྐང་ཚ་རྫོང་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཆེད་ལས་ཚན་ཁག་མཉམ་འབྲེལ་བྱེད་དུ་བཅུག་པར་མ་ཟད། རྐང་ཚ་རྫོང་མི་དམངས་སྨན་ཁང་ལ་གཤགས་བཅོས་ཀྱི་སྒྲིག་ཆས་སྒོར་མོ་འབུམ་གཉིས་ལྷག་ཞལ་འདེབས་སུ་ཕུལ་དུ་བཅུག

ཁོས་རྐང་ཚ་རྫོང་སྨན་ཁང་གི་སྨན་བཅོས་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་ལམ་ལུགས་འཛུགས་པར་རོགས་རམ་བྱས། “རྐང་ཚའི་དགོས་མཁོ་དང་འཚམ་པ་དང་། ལའོ་ཁྲིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི”རྩ་དོན་ལྟར། ལའོ་ཁྲིན་གྱི་སྨན་བཅོས་འཕེལ་རྒྱས་ཉམས་མྱོང་ལ་བརྟེན་ནས། ཧུར་ཐག་གིས་སྨན་ཁང་གི་བྲང་ཁོག་ལྟེ་གནས་འཛུགས་སྐྲུན་དང་། རྐང་ཚ་རྫོང་སྨན་ཁང་མཉམ་འབྲེལ་མ་ལག་འཛུགས་སྐྲུན་གྱི་ནང་ཞུགས་པར་མ་ཟད། འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་བཏོན།

མིག་སྔར། ཡའོ་ཁི་ཆིན་དོན་དག་གཉིས་ཀྱི་ཐད་ལ་བྲེལ་བཞིན་ཡོད་དེ།

རྐང་ཚ་རྫོང་སྨན་ཁང་གིས་མ་དངུལ་སྒོར་མོ་འབུམ་གསུམ་བཏང་ནས་མཐོང་ཤེལ་མ་ལག་ཆ་ཚང་ཞིག་ནང་འདྲེན་བྱས་པ་དང་། ཡའོ་ཁི་ཆིན་གྱིས་མ་ལག་དེ་བཀོལ་ནས་རྣ་བའི་ནད་ལྗིད་མོ་སྣ་ཚོགས་གཤགས་བཅོས་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ལ། དེ་ལས་མཚོ་བྱང་ཁུལ་གྱི་རྣ་བའི་ནང་གཤགས་བཅོས་བྱེད་ཐུབ་ཀྱིན་མེད་པའི་སྟོང་ཆ་སྐོང་བར་བརྩོན་ལེན་བྱས།

ཁྱོན་རྒྱས་ཡུལ་ཚོ་བྲ་སོག་སྡེ་བའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་ཞིག་གི་གཅེན་གཅུང་གཉིས་ནི་དབང་བོ་སྐྱོན་ཅན་ཡིན་པ་དང་། རྐང་པ་ནང་ལ་འཁོར་བའི་ནད་ཡིན་གཏན་འཁེལ་བྱས། ཡའོ་ཁི་ཆིན་གྱིས་ལའོ་ཁྲིན་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཁོ་མོ་གཉིས་ལ་རིན་མི་ལེན་པར་གཤགས་བཅོས་བྱེད་པར་མཐུན་སྦྱོར་བྱས། འབྲེལ་ཡོད་འགྲོ་སོང་དང་གཤགས་བཅོས་སྨན་བཅོས་ཀྱི་འགྲོ་སོང་ཚང་མ་ཐག་གཅོད་བྱས་པ་དང་། རིམས་ནད་ཀྱི་མགོ་ཡལ་རྗེས་ད་གཟོད་ལའོ་ཁྲིན་གྲོང་ཁྱེར་དུ་སོང་ནས་སྨན་བཅོས་བྱེད་རྩིས་ཡོད་པ་རེད།

ཡའོ་ཁི་ཆིན་གྱིས་བཤད་རྒྱུར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེ་ནི་སྒོར་མོ་གཏོང་བ་དང་། ལས་གཞི་བརྩོན་ལེན་བྱེད་པ་ཁོ་ན་མ་ཡིན་པར་དེ་ལས་ཀྱང་གལ་ཆེ་བ་ནི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འདུ་ཤེས་འཛུགས་པར་རོགས་རམ་བྱེད་རྒྱུ་དེ་ཡིན་ལ། “ཚད་ཡོད་པ”དང་“ཚད་མེད་པ”གཉིས་ཟུང་འབྲེལ་བྱེད་དགོས་ན། ཚད་ཡོད་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དུས་ཚོད་ནང་ས་དེ་ནས་དུས་ཡུན་རིང་བོའི་གཟུགས་མེད་ཀྱི་མ་རྩ་ཞིག་འཇོག་དགོས་པ་དང་། “ཁྱེར་མི་ཐུབ་པའི”སྨན་བཅོས་དཔུང་སྡེ་ཞིག་ཀྱང་སྐྲུན་དགོས་ཟེར།

ཁོས་གསར་འགོད་པར་བཤད་རྒྱུར། ཐེངས་གཉིས་ལ་མཚོ་སྔོན་དུ་རོགས་སྐྱོར་བྱེད་དུ་ཡོང་བ་དང་། ཐོབ་པ་ནི་རང་ཉིད་ཀྱིས་ཡོད་ཚད་ཕུལ་བ་ལས་ཀྱང་མང་བ་རེད། མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བ་དེས་མི་ཚེ་ཇེ་རིང་དུ་གཏོང་མི་ཐུབ་ཀྱང་། ཡིན་ཡང་མི་ཚེའི་མཐོང་རྒྱ་ཇེ་ཡངས་སུ་གཏོང་ཐུབ་ངེས་རེད་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།