མང་ཚོགས་ཀྱི་བདེ་ཐང་སྲུང་མཁན།
2022.05.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

ཉིན་དེ་ནི་རིན་ཆེན་ལས་འཁྱུར་ངལ་གསོ་བྱས་རྗེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་དུ་ཡོང་ནས་ནད་པར་ནད་བརྟག་བྱེད་པའི་ཉིན་མོ་རེད། སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་། ཁོ་རང་སྒོ་བསྟེན་ཚན་ཁག་གི་ཉིས་ཐོག་གི་གཞུང་ལས་ཁང་དུ་སླེབས་དུས། སྒོ་ཁར་ནད་ལ་བལྟ་རུ་ཡོང་བའི་མང་ཚོགས་ཀྱིས་ཁེངས་ཏེ།ཉིས་ཐོག་ནས་ཁེར་ཐོག་གི་བར་དུ་གྲལ་རིང་བོ་ཞིག་བསྒྲིགས་འདུག

“ན་ནིང་གི་ཟླ་གསུམ་པར། མགོ་གཙོ་རྒན་པ་ལས་འཁྱུར་ངལ་གསོ་བྱས་པ་དང་། ཁོའི་མི་གཤིས་ལེགས་པ་དང་སྨན་བཅོས་ལག་རྩལ་མཐོ་བས་མང་ཚོགས་ཀྱིས་ཁོ་ལ་ཧ་ཅང་བློ་གཏོད་ཀྱི་ཡོད། དེ་བས་ཟླ་གཉིས་ཀྱི་རྗེས་སུ། ང་ཚོས་ཁོ་རང་བསྐྱར་དུ་གདན་ཞུ་བྱ་རྒྱུ་ཐག་བཅད་ཅིང་གན་རྒྱའི་གཏན་འབེབས་ལྟར། མགོ་གཙོ་རྒན་པས་ཟླ་རེར་ཉིན་བརྒྱད་ཀྱི་རིང་ལ་ནད་བརྟག་སྨན་བཅོས་བྱེད་དགོས་མོད། འོན་ཀྱང་དོན་དངོས་སུ་ཉིན་དེ་འདྲ་ཞིག་གིས་ག་ལ་ཚད།”ཅེས་མཚོ་བྱང་ཁུལ་བོད་སྨན་ཁང་གི་མགོ་གཙོ་གཞོན་པ་བསམ་འགྲུབ་ཀྱིས་བཤད་བྱུང་།

སྒོ་ཕྱེས་ནས་ནང་དུ་སོང་བ་ན། རིན་ཆེན་གྱིས་ནད་པར་ནད་བརྟག་བྱེད་བཞིན་འདུག ནད་ཀྱི་གནས་ཚུལ་འདྲི་བ་དང་རྩ་ལ་བརྟག་པ། ཁྲག་ཤེད་འཇལ་བ། སྨན་ཐོ་འབྲི་བ་སོགས་ཡོད་ཚད་རིམ་པ་མ་འཁྲུག་པར་སྒྲུབ་ཀྱིན་འདུག

“མང་ཚོགས་ཀྱིས་ང་ལ་བློ་གཏོད་པ་ནི་ངའི་ལས་རིགས་ཀྱི་སྤྱོད་ལམ་ལ་གདེང་འཇོག་མཐོན་པོ་བྱས་པ་རེད།”

“ནད་པ་མང་པོ་ཞིག་གིས་ང་གཟས་ནས་ནད་ལ་བལྟ་རུ་ཡོང་བ་རེད། ང་ཡོང་ཐེངས་རེར་དུས་བཅད་བྱས་པའི་ནད་པ་ཚང་མར་ནད་བརྟག་བྱས་པ་ཡིན། ད་ཐེངས་དུས་བཅད་བྱས་པའི་ནད་པགབཞི་བརྒྱ་ལྷག་ཡོད་ཅིང་། ཚང་མར་ནད་བརྟག་བྱས་ཚར་དུས་ཕལ་ཆེར་གཟའ་སྤེན་པར་བསླེབ་རྒྱུ་རེད།”རིན་ཆེན་གྱིས་ནད་པ་ཞིག་ལ་ནད་བརྟག་བྱས་རྗེས། ཐོད་པའི་རྔུལ་ཆུ་ལག་པས་ཕྱིས་བྱུང་།

སྨན་པའི་ལས་སུ་ཞུགས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། རིན་ཆེན་གྱི་དྲན་ངོགས་སུ་དུས་ཆེན་གྱི་གུང་གསེང་ཉིན་མོ་ཟེར་བ་ཞིག་རྩ་བ་ནས་མེད་ཅིང་། ཁོས་རྒྱུན་དུ“སྨན་པར་དུས་ཆེན་གྱི་གུང་གསེང་ཡོད་ནའང་ནད་པར་དུས་ཆེན་གྱི་གུང་གསེང་མེད་པས་སྨན་པར་དུས་ཆེན་གྱི་གུང་གསེང་ཡོད་ན་ག་ལ་འོས།”ཞེས་བཤད་བཞིན་ཡོད།  དུས་ནམ་ཞིག་ལ་ནད་པ་ཡོད་ཚེ། ཁོ་རང་དུས་ལྟར་ཐོན་ནས་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད།

གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་རྗེས། རིན་ཆེན་གྱིས་སྔར་ལས་དཀའ་སྤྱད་འབད་བརྩོན་གྱིས་ཏང་གཤིས་ཇེ་བརྟན་དུ་བཏང་།  ཁོས་རང་ཉིད་ཀྱི་ལང་ཚོའི་གཟི་དཔལ་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་དང་རྩྭ་ཐང་འབྲོག་ཁུལ་གྱི་དོན་དུ་ཕུལ་ལ། ལས་རྐང་ཕལ་བའི་སྟེང་དུ། ཕངས་མེད་གསོལ་འབུལ་གྱི་རོལ་དབྱངས་བརྩམས་ཆོས་ཤིག་བརྩམས་ཤིང་། དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་ཞིག་གི་གཟི་དཔལ་འབར་བའི་སྣང་བརྙན་ཕྱིར་མངོན་ཞིང་།  བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་དང་རྩེར་སོན་པའི་སྨན་བཅོས་ལག་རྩལ་ལ་ནད་པ་བགྲང་གིས་མི་ལང་བ་ཞིག་གི་ཡིད་ཆེས་དང་གུས་བཀུར་ཐོབ།

སྙན་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཐོན་པའི་ནད་པ་མང་པོ་ཞིག་གིས་ཆེད་དུ་ཁོ་རང་བཙལ་ནས་སྨན་བཅོས་བྱེད་དུ་ཡོང་བ་དང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་གྱི་སྒེར་བཙུགས་སྨན་ཁང་གིས་གླ་ཕོགས་མཐོན་པོས་ཁོ་རང་གདན་འདྲེན་ཞུས་ལ། བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་ཀྱང་བོད་ཀྱི་སྨན་པ་གྲགས་ཆེན་གྱི་ལས་སྒྲུབ་ཁང་སོགས་བཙུགས་ཏེ། ཁོ་རང་བོད་ལྗོངས་སུ་སྨན་བཅོས་བྱེད་དུ་ཕེབས་པར་གདན་འདྲེན་ཞུས་མོད། རིན་ཆེན་གྱིས་ཆ་རྐྱེན་བཟང་བོ་དེ་དག་རེ་རེ་བཞིན་དང་དུ་མ་བླངས་པར་མ་ཟད། ཁོས“ང་ནི་མཚོ་བྱང་ཁུལ་གྱི་རྩྭ་ཆུས་གསོས་ནས་ནར་སོན་ལ་ངའི་རྩ་བ་ཡང་འདི་རུ་ཡོད། གནས་འདིའི་ཆ་རྐྱེན་སྡུག་པའི་རྐྱེན་གྱིས། ཆེད་ལས་ལག་རྩལ་འཇོན་མི་མང་པོ་ཞིག་གནས་འདིར་འདུག་མི་འདོད་པ་རེད། ང་རང་རྩྭ་ཐང་གི་བུ་ཞིག་ཡིན་པའི་ཆ་ནས། བློ་གཅིག་སེམས་གཅིག་གིས་ཡུལ་མི་ཚོར་ཞབས་ཞུ་བསྒྲུབས་ཏེ། ཕ་ཡུལ་གྱིས་གསོ་སྐྱོང་བྱས་པའི་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བཤད།

“ནད་པའི་སྡུག་བསྔལ་བསལ་རྒྱུ་ནི་ངའི་ལས་རིགས་ཁྲོད་ཀྱི་ཆེས་མཐོ་བའི་རེ་སྙེག་ཡིན།”

རིན་ཆེན་གྱིས་ནད་པ་རང་གི་གཉེན་ཉེར་བརྩིས་ཏེ་ཡོད་ཚད་ནད་པའི་དོན་དུ་བསམ་ཞིང་། ནམ་ཡང་ནད་ལ་དམིགས་ནས་སྨན་གོང་ཆེན་མི་སྟེར་བ་དང་དགོས་མེད་ཀྱི་ཞིབ་བཤེར་ཡང་བྱེད་ཀྱིན་མེད་པར། སྒོ་བསྟེན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་ཆོག་ཚེ། ནད་པ་སྨན་ཁང་དུ་ཞག་སྡོད་བྱེད་དུ་མི་འཇུག་པ་དང་།  སྨན་བཅོས་ཐེངས་གཅིག་ལ་བྱེད་ཆོག་ཚེ། ནད་པ་ཐེངས་གཉིས་ལ་སྨན་ཁང་ལ་ཡོང་དུ་མི་འཇུག་པར། རང་ནུས་ཅི་ཡོད་སྒོས་ནད་པའི་སྨན་བཅོས་རིན་དངུལ་གྲོན་ཆུང་བྱེད་དུ་འཇུག་པ་རེད།

ཐག་རིང་གི་ནད་པར་སྡོད་ཁང་དང་ཟ་མ་བཀོད་སྒྲིག་བྱེད་པ་དང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ནད་པར་རིན་མེད་ཀྱིས་ནད་བརྟག་སྨན་བཅོས་བྱས་ཏེ་སྨན་རིན་ཕྱེད་ཀ་གཅོག་བཞིན་ཡོད་ལ། ཁོས་སྔ་རྗེས་སུ་དབུལ་ཕོངས་ནད་པའི་ཚབ་ཏུ་སྨན་རིན་སྒོར་ཁྲི་ལྷག་སྤྲད་ཡོད། རིན་ཆེན་གྱིས་ནད་བརྟག་སྨན་བཅོས་བྱས་མྱོང་བའི་ནད་པ་ཞིག་ཡིན་ཕྱིན། ཁོའི་བླ་མེད་ཀྱི་གཤིས་སྤྱོད་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད་པར། “སྨན་པ་རིན་ཆེན་གྱིས་ནད་བརྟག་བྱས་པ་ཧ་ཅང་བཟང་ལ། ཁོའི་མི་གཤིས་དེ་ལས་ལྷག”ཅེས་པ་ནང་བཞིན། ཁོ་དང་ནད་པ་མང་པོ་ཞིག་གྲོགས་པོར་གྱུར་ལ། ནད་པ་ཚོས་ཀྱང་ཁོ་ནི་རང་གི་གཉེན་ཉེར་བརྩིས་ཡོད།

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ།  རིན་ཆེན་གྱིས་ནད་བརྟག་བྱས་པའི་ནད་པ་རིམ་བསགས་བྱས་ན་མི་ཐེངས་འབུམ་བཞི་ལྷག་ལ་སླེབས་ཡོད། ཁོས་ཐོག་མཐའ་བར་གསུམ་དུ་སྲོག་སྐྱོབ་དང་ནད་པའི་སྡུག་བསྔལ་བསལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་བླ་ན་མེད་པའི་ལས་འགན་ཞིག་ཏུ་བརྩི་བ་དང་། ལག་ལེན་ཁྲོད་དུ་ཕུན་སུམ་ཚོགས་པའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་བསགས་ལ། བོད་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་ཉེར་སྤྱོད་བྱས་ཏེ་རྒྱུན་འབྱུང་ནད་དང་བཅོས་དཀའི་ནད་རིགས་སྣ་ཚོགས་སྨན་བཅོས་བྱས་པར་མ་ཟད། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པའི་ཁྲག་གཏར་དང་མེ་བཙའ། སྐམ་ཁབ་བཅས་བཏུང་བྱའི་སྨན་རྫས་དང་ཟུང་འབྲེལ་བྱེད་པའི་ཐབས་ལ་མཁས་ཤིང་། དྲེག་དང་གྲུམ་བུ། གྲིབ་ནད། ལུས་ཕྱེད་ཞ་བ། ཀླད་སྙིང་ཁྲག་རྩའི་ནད། མཆིན་པ་སྲ་འགྱུར་གྱི་ནད་སོགས་བཅོས་དཀའ་བའི་ནད་རིགས་སྨན་བཅོས་བྱས་ཏེ། མཚོ་སྔོན་ཞིང་ཆེན་ལས་གཞན་ད་དུང་རྒྱལ་ཡོངས་སུ་ཁོ་ལ་སྙན་གྲགས་རྒྱས་ཡོད། གཏར་ག་དང་སྐམ་ཁབ་སོགས་བོད་སྨན་གྱི་སྨན་བཅོས་བྱེད་ཐབས་ཁ་ཤས་རྒྱུན་ཆད་ཡོད་པར་དམིགས་ཏེ། རིན་ཆེན་ཐེངས་མང་པོར་ཆེད་དུ་བོད་ལྗོངས་སོགས་སུ་སོང་ནས་བོད་སྨན་རྒན་པ་གྲགས་ཅན་དགེ་རྒན་ལ་བསྟེན་ནས་སློབ་གཉེར་བྱས་པར་མ་ཟད། ག་ས་གང་དུ་འབྲེལ་ཡོད་ཀྱི་རྒྱུ་ཆ་འཚོལ་སྡུད་དང་དག་བསྒྲིགས་བྱས་ནས་གཞལ་དུ་མེད་པའི་སེམས་ཤུགས་མང་པོ་བཏོན།

“ང་རང་གཅིག་པུས་མི་ཆོག་པར་ད་དུང་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱེད་དགོས།”

ད་ལོ་ལོ་ན་ང་བརྒྱད་ལ་བུད་པའི་རིན་ཆེན་ནི་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོས་ཆུང་དུས་ནས་ནར་སོན་རྗེས་རྩྭ་ཐང་གི་སྨན་པ་ཞིག་བྱ་རྒྱུའི་སེམས་ཐག་བཅད། ཕུགས་འདུན་དེ་མངོན་འགྱུར་འབྱུང་ཆེད། ལོ་བཅུ་དགུའི་སྟེང་བྱ་བར་ཞུགས་པའི་རིན་ཆེན་གྱིས་གཞི་རིམ་གྱི་འཕྲོད་བསྟེན་ཁང་ཞིག་ཏུ་ལས་ཀ་གཉེར་ནས་ལོ་ངོ་བཅུ་ཕྲག་འགོར་བ་རེད།

གཅིག་སྟོང་དགུ་བརྒྱ་གྱ་དྲུག་ལོར། རིན་ཆེན་ཧེ་ཡན་རྫོང་ཝ་མགྱོགས་ཞང་འཕྲོད་བསྟེན་ཁང་དུ་ལས་བགོས་བྱས། འཕྲོད་བསྟེན་ཁང་གི་ཆ་རྐྱེན་ཞན་ལ་ཐབས་ཆག་ཅིག་ཡིན་པ་དང་། རྙིང་རལ་དུ་གྱུར་པའི་ཁང་མིག་ཆུང་ཆུང་དང་སྟབས་བདེའི་སྨན་བཅོས་སྒྲིག་ཆས་ནི་རིན་ཆེན་གྱི་འཆར་སྣང་ཁྲོད་ཀྱི་སྨན་ཁང་གི་སྣང་བརྙན་དང་ཧེ་བག་ཧ་ཅང་ཆེ། ཡིན་ཡང་ངར་སེམས་ཀྱིས་ཁེངས་པའི་བོད་རིགས་ན་གཞོན་འདིས་དཀའ་ཁག་ལ་མགོ་མ་སྒུར་པར། མཐའ་གཅིག་ཏུ་བྱ་བ་སྒྲུབ་པར་མགོ་འཁོར་ནས། ཕྱོགས་གཅིག་ནས་ཏན་ཏིག་གིས་བྱ་བ་བསྒྲུབས་པ་དང་ཕྱོགས་གཞན་ཞིག་ནས་བོད་རིགས་སྨན་པ་རྒན་པ་ལས་སྨན་གྱི་ཤེས་བྱ་བསླབས་ཏེ། རང་ནུས་ཅི་ལྕོགས་ཀྱིས་སྐོམ་པའི་ཆུ་འདོད་བཞིན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་སྐོར་ལ་སློབ་གཉེར་བྱས།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར། རིན་ཆེན་ལ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས“རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་མཚན་སྙན་གནང་། ཡིན་ཡང་ཁོ་རང་དེར་ང་རྒྱལ་དང་ཁེངས་རློམ་མ་སྐྱེས་པར།  “བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་གསར་སྐྲུན་བྱེད་པར་ན་གཞོན་མང་པོ་མཁོ་བའི”ངོས་ཟིན་ཞིག་རང་བློར་གསལ་པོར་འཇགས་ཡོད།

ཉིས་སྟོང་བཅོ་བརྒྱད་ལོར། བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་རིག་གནས་དར་སྤེལ་གཏོང་ཆེད། རིན་ཆེན་གྱིས་ཆེད་ལས་ལེགས་ཆ་ཧུར་ཐག་གིས་འདོན་སྤེལ་བྱེད་པ་དང་། རང་འགུལ་གྱིས་བོད་སྨན་རྒན་པའི“དགེ་རྒན་གྱིས་སློབ་མ་ཁྲིད”པའི་ནུས་པ་དང་དུ་བླངས་ནས། མཚོ་བྱང་ཁུལ་བོད་སྨན་ཁང་དུ་རིན་ཆེན་རྒྱུན་འཛིན་ལས་སྒྲུབ་ཁང་སྒྲིག་འཛུགས་བྱས་ཤིང་། ཤུགས་གང་ཡོད་སྒོས་སྤུས་ཀ་བཟང་བའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་ན་གཞོན་ཆེད་ལས་ཤེས་ལྡན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས་ཏེ། རིན་ཆེན་གྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ཕུན་སུམ་ཚོགས་པའི་བོད་ཀྱི་གསོ་བ་རིག་པའི་ཉམས་མྱོང་། དེ་མིན་རྩེར་སོན་གྱི་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་བཅས་སློབ་ཁྲིད་བྱས།“ང་དང་མགོ་གཙོ་རིན་ཆེན་གཉིས་ནི་ངོ་ཤེས་ནས་ལོ་ངོ་སུམ་ཅུ་ལྷག་འགོར་ཡོད་ལ། བོད་སྨན་ཁང་ནས་མཉམ་གཅིག་ཏུ་བྱ་བ་བསྒྲུབས་ཏེ་ལོ་བཅུ་དྲུག་འགོར་ཡོད། སྨན་པ་ཞིག་ཡིན་པའི་ངོས་ཐད་ནས། ཁོའི་ལས་སྒོ་རྩེར་སོན་ལ་རྨང་གཞི་བརྟན་པ་དང་། ནད་པ་ནམ་ཡང་ཨང་དང་པོར་བཞག་ཡོད། མགོ་གཙོ་ཞིག་ཡིན་པའི་ངོས་ཐད་ནས། ཁོས་སྨན་ཁང་གི་དོ་དམ་ལེགས་འཛིན་བྱེད་པ་དང་ལམ་ལུགས་ཀྱིས་མི་གཅུན་པ། སྒྲིག་སྲོལ་གྱིས་མིར་དོ་དམ་བྱས་པས། ང་ཚོའི་སྨན་ཁང་གི་སྤྱིའི་སྨན་བཅོས་ཆུ་ཚད་ཇེ་མཐོར་སོང་ཞིང་། ནད་པས་བློ་ཡིད་ཚིམ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད་པས། དེ་ནི་ང་ཚོས་ཁོ་རང་བསྐྱར་དུ་གདན་འདྲེན་ཞུས་པའི་རྒྱུ་མཚན་ཡིན། ”ཞེས་མཚོ་བྱང་ཁུལ་བོད་སྨན་ཁང་གི་མགོ་གཙོ་གཞོན་པ་བསམ་འགྲུབ་ཀྱིས་བཤད་བྱུང་།

རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་ངོས་ཐད་ནས། ཁོས“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”དགོངས་དོན་དངོས་སུ་ལག་ལེན་བྱས་པ་དང་། གཞི་རིམ་གྱི་ཕུལ་བྱུང་སྨན་པའི་ངོས་ཐད་ནས། ཁོས་སྲོག་སྐྱོབ་རྨས་སྐྱོབ་བྱེད་པ་དེ་འདོར་དུ་མེད་པའི་ལས་འགན་ཞིག་ཏུ་བརྩིས་ནས་ང་ཚོའི་ཉེ་འགྲམ་གྱི་མིག་དཔེར་གྱུར་ཡོད།

                                                                             རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།