—— མཚོ་བྱང་ཁུལ་མདོ་ལ་རྫོང་བ་ལྡིང་ཆུ་བོའི་མགོ་ཁུངས་བདག་སྐྱོང་ས་ཚིགས་ཀྱི་འགོ་གཙོ་ཡིད་བཞིན་ནོར་བུའི་གནས་ཚུལ་བཀོད་པ།
ལང་ལོང་དུ་རྒྱུག་པའི་བ་ལྡིང་ཆུ་བོ་དང་ཀྲོང་ངེར་འགྱིང་བའི་གསོམ་སྡོང་གིས་ང་ཚོར་ལོ་ངོ16རིང་གི་ལྟ་སྲུང་དང་ལོ་ངོ16རིང་གི་ལས་སྐལ་ཏེ། རྔམ་བརྗིད་ལྡན་པའི་མདོ་ལ་རིང་མོའི་འདབས་ཀྱི་ཁྱོ་ཤུག་ཟུང་གིས་སྐྱེ་ཁམས་ལ་ལྟ་སྲུང་བྱས་པའི་གཏམ་རྒྱུད་བརྗོད་ཀྱིན་འདུག
བཟའ་ཟླ་འདི་གཉིས་ཀྱི་ཁྱོ་གའི་མིང་ལ་ཡིད་བཞིན་ནོར་བུ་ཟེར་ཞིང་། ཆུང་མའི་མིང་ལ་དུང་མོ་འཚོ་ཟེར། ཁོ་གཉིས་ཀྱིས་གནས་འདི་རུ་རི་བོ་གནས་ཚང་བྱས་ཤིང་ཆུ་བོ་མལ་གདན་བྱས་ལ། དུས་ཡུན་རིང་པོར་གཉེན་ཉེ་གྲོགས་པོ་དང་ཁ་བྲལ་ནས། ཁེར་རྐྱང་དང་ཁུ་སིམ་མེར་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྤྱི་ལེ200ལྷག་གི་ནང་རོལ་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་སྲུང་བཞིན་བསྡད་ཡོད།
ལྟ་སྲུང་ས་ཚིགས་འདི་ནི། བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་བཞུར་རྒྱུད་དུ་གནས་པའི་ལྟ་སྲུང་ས་ཚིགས་གཅིག་པུ་ཡིན་པས། དེ་ནི་ཁེར་རྐྱང་གི་གླིང་ཕྲན་ཞིག་དང་འདྲ་བར། ཕལ་ཆེར་གཞན་དང་འབྲེལ་ཐག་ཆད་ཡོད་མོད། འོན་ཀྱང་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྲོག་ཆགས་ཁྲི་སྟོང་མང་པོར་འབྲེལ་ཡོད། ཁོ་ཚོ་ནི་ཀྲོང་ངེར་འགྱིང་བའི་གསོམ་སྡོང་དང་འདྲ་བར་རྩ་བ་ས་གཞི་འདིའི་སྟེང་ལ་ཟུག་སྟེ། སྐྱ་རེངས་རེ་རེ་བསུས་ཤིང་ས་སྲོད་རེ་རེ་བསྐྱལ་བཞིན། ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ཀྱིས། བརྩེ་སེམས་དང་གོམ་འགྲོས་ཀྱིས་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་བདེ་འཇགས་ལམ་ཐིག་འཇལ་གྱིན་ཡོད།
ཁྱོ་ཤུག་ཟུང་གི་བདག་སྐྱོང་ས་ཚིགས་དེ་ནི་བ་ལྡིང་གི་མུ་མེད་རྩྭ་ཐང་དུ་ཀྲོང་ངེར་འགྱིང་བའི“ལམ་སྟོན་གློག་སྒྲོན”ཞིག་དང་མཚུངས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་བཞུར་རྒྱུད་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོབ་བཟོ་སྐྲུན་བདག་སྐྱོང་ས་ཚིགས་སུ། གདོང་མདོག་ནག་ཅིང་སྐྱི་ལྤགས་རྩིབ་པའི་ཡིད་བཞིན་ནོར་བུའི་གདོང་ལ་འཛུམ་གྱིས་ཁེངས་ཡོད་ལ། ཁོ་ནི་ལོ་ན50ཡས་མས་ཀྱི་སོག་རིགས་ཕོ་རྒོད་ཅིག་ཡིན་ཞིང་ལུས་སྟོབས་ཤིན་ཏུ་ཆེ་བ་དང་། གུང་ཁྲན་ཏང་ཡོན་རྒན་པ་ཞིག་ཀྱང་རེད། མིག་མདངས་ལ་བལྟས་ན། ཁོ་ནི་མི་བློ་སྤོབས་ལྡན་པ་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་སྟེར་ལ། ཆུང་མ་དུང་མོ་འཚོ་ཁང་མདུན་གྱི་ཐེམ་སྐས་སྟེང་འགྲེང་ནས། འཛུམ་ཆུང་མངོན་བཞིན་གསར་འགོད་པ་བསུ་མ་བྱེད་པའི་བརྡ་བསྟན།
ཡིད་བཞིན་ནོར་བུས1990ལོའི་ཟླ3པ་ནས1994ལོའི་ཟླ་དང་པོའི་བར་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་རྨ་ལྷོ་ཡན་ལག་རུ་ཁག་ཏུ་དམག་ཞབས་ཞུས་ཤིང་། དམག་དཔུང་དུ“ཕུལ་བྱུང་དམག་མི”ཡི་མཚན་སྙན་ཐོབ་པ་དང་། ད་ལྟ་མདོ་ལ་རྫོང་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་བཞུར་རྒྱུད་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་བདག་སྐྱོང་ས་ཚིགས་ཀྱི་མགོ་གཙོ་ཡིན།
2006ལོར། ཡིད་བཞིན་ནོར་བུ་དམག་དཔུང་ནས་ཕྱིར་སླེབས་རྗེས་ཕ་ཡུལ་འབྲོང་ལུང་ཡུལ་ཚོ་མགོ་མང་སྡེ་བའི་ས་བརླན་ཐང་དུ་ཕྱུགས་རྫིའི་འཚོ་བ་རོལ་མགོ་བརྩམས། སྐབས་དེར་ས་བརླན་ཐང་གི་རྩྭ་སར“ས་ནག་ཐང”གིས་གཏོར་བརླག་བཏང་ཟིན་པས། སྔོན་ཆད་དང་བསྡུར་ཐབས་མེད་པ་དང་། ཁྱིམ་ཚང་གི་རྩྭ་སའི་སྟེང་ཕྱུགས་ཟོག་གི་འཁོར་ཚད་དབང་གིས་ནོར་ལུག་མང་པོ་འཚོ་མི་ཐུབ་པས། ཁྱིམ་ཚང་གི་ཡོང་སྒོ་ཡང་དེ་འདྲ་བཟང་རྒྱུ་མེད།
སྲིད་གཞུང་གིས་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་བཞུར་རྒྱུད་དུ་བདག་སྐྱོང་ས་ཚིགས་ཤིག་འཛུགས་རྒྱུ་དང་། བདག་སྐྱོང་པར་དམག་ཁུངས་ནས་བུད་པའི་དམག་མིར་དམིགས་བསལ་གྱིས་བསམ་བློ་གཏོང་རྒྱུ་ཡིན་པའི་གནས་ཚུལ་དེ་ཐོས་པ་ན། སྐབས་དེར་ལོ་ན34ཡིན་པའི་ཡིད་བཞིན་ནོར་བུས་བསམ་བློ་མང་པོ་མ་བཏང་བར། བདག་སྐྱོང་ས་ཚིགས་སུ་འགྲོ་རྒྱུའི་སེམས་ཐག་བཅད། “བདག་སྐྱོང་པ་ཞིག་བྱས་ཏེ། རང་ཅག་གི་འཚོ་གནས་ཀྱི་གཞིས་ཁྱིམ་ལ་ལྟ་སྲུང་བྱེད་རྒྱུ་དེ་ནི་ཕྱུགས་རྫི་བྱས་པ་ལས་གཟི་བརྗིད་ལྡན་པ་ཞིག་རེད”ཟེར།
གདམ་གསེས་རབ་དང་རིམ་པ་བརྒྱུད་མཐར། ཡིད་བཞིན་ནོར་བུ་བ་ལྡིང་ཆུ་བོའི་མགོ་ཁུངས་ལ་ལྟ་སྲུང་བྱེད་པའི་བདག་སྐྱོང་པ་ཞིག་ཏུ་གྱུར་ཞིང་། ཁོའི་འཚོ་བར་ལྟ་སྐྱོང་བྱ་ཆེད། ཆུང་མ་དུང་མོ་འཚོ་ཁོ་དང་འགྲོགས་ནས་བ་ལྡིང་ཆུ་བོའི་མགོ་ཁུངས་སུ་ཡོང་། དེ་ནས་བཟུང་། བ་ལྡིང་ཆུ་བོའི་མགོ་ཁུངས་སུ་ཁྱོ་ཤུག་ཟུང་གི་བདག་སྐྱོང་ས་ཚིགས་གཅིག་ཇེ་མང་དུ་གྱུར།
ཁོ་རང་བསྡུ་ལེན་བྱས་པའི་གནས་ཚུལ་ཐོས་མ་ཐག ཡིད་བཞིན་ནོར་བུ་བདག་སྐྱོང་ས་ཚིགས་སུ་ཕྱིན། “དཀའ་སྡུག་མྱོང་རྒྱུའི་གྲ་སྒྲིག་བྱས་ཡོད་མོད། འོན་ཀྱང་བདག་སྐྱོང་ས་ཚིགས་སུ་འཐུང་ས་དང་སྡོད་ས་གཉིས་ཀ་ཡིན་པའི་སྨི་གྲུ་བཞི་མ12ཅན་གྱི་སྲིང་བལ་གྱི་སྦྲ་གུར་ཞིག་ལས་ཆུ་གློག་གང་ཡང་མེད་པར་ཡོད་པ་ནི་ཀྱག་ཀྱོག་གི་རྡོ་ལམ་ཞིག་ཡིན།རླུང་གིས་ས་རྡུལ་གང་སར་ཁུར་ཐེངས་རེ་རེར། ངའི་སྙིང་ལྟིག་ལྟིག་ཏུ་ལྡིང་ནའང་ལོ་ངོ4ཡི‘དམག’ནང་གི་འཚོ་བས་ང་ལ་དཀའ་སྡུག་གི་ཁོར་ཡུག་དང་གདུག་རྩུབ་ཆེ་བའི་དོན་དངོས་ལ་གདོང་གཏོད་ཐུབ་པའི་སྙིང་སྟོབས་དང་ཡིད་ཆེས་བསྩལ་བས། ངས་གྲ་སྒྲིག་བྱས་ཡོད”ཅེས་ཡིད་བཞིན་ནོར་བུས་སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་དེ་ལྟར་བཤད།
ཁྱིམ་དུ་འབྱོར་རྗེས། ཡིད་བཞིན་ནོར་བུས་ཆུང་མར་གནས་ཚུལ་རགས་རིམ་ཞིག་བཤད་དེ། མོ་རང་གནས་དེར་མི་འགྲོ་བའི་རེ་བ་བཏོན་མོད། འོན་ཀྱང་ཁོ་མོར་ཁོ་དང་མཉམ་དུ་བདག་སྐྱོང་ས་ཚིགས་སུ་སོང་ནས། ཡིད་བཞིན་ནོར་བུའི་འཚོ་བར་ལྟ་སྐྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡོད་པས། མཐར་ཁོ་ལའང་བཀོད་པ་མེད་པར་ཆུང་མའི་རེ་འདུན་ལ་མོས་མཐུན་མི་བྱུང་ཐབས་མེད་དུ་གྱུར།
ཕྱི་ཉིན། ཡིད་བཞིན་ནོར་བུས་བུ་ཕྲུག་རྒན་རྒོན་ལ་བཅོལ་ཏེ། ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཞིག་གཡར་བ་དང་། ཁོ་དང་ཆུང་མ་གཉིས་ཀྱིས་མལ་ཁྲིའི་ཤིང་དང་། ཉལ་ཐུལ་དང་ཐབ་ཀ་སོགས་འཚོ་བའི་མཁོ་ཆས་དྲུད་དེ་བདག་སྐྱོང་ས་ཚིགས་སུ་འབྱོར་བ་དང་། ཉིན་དེའི་དགོང་མོར་ཁོ་གཉིས་ཀྱིས་སྦྲ་གུར་དེའི་ནང་དུ་ཆེས་རིང་བའི་མཚན་མོ་ཞིག་བསྐྱལ།
བདག་སྐྱོང་ས་ཚིགས་དེ་རྫོང་མཁར་དང་བར་ཐག་ཤིན་ཏུ་རིང་བས། སྔོ་ཚལ་བཟའ་བའི་གོ་སྐབས་ཤིན་ཏུ་ཕྲ་ཞིང་། གསོག་འཇོག་བྱེད་སླ་བ་ནི་ཞོག་ཁོག་ཡིན་པས་དེ་ནི་ཁོ་གཉིས་ཀྱིས་བཟའ་ཐུབ་པའི“སྔོ་ཚལ”གཅིག་པུར་གྱུར། སོལ་ཐབ་ནི་དྲོད་འདོན་སྒྲིག་ཆས་གཅིག་པུ་ཡིན་པས། ལོ་ཟླ་ཁོར་མོ་ཡུག་ཏུ་ཐབ་ཀར་བརྟེན་ནས་དྲོད་འདོན་དགོས། “དགུན་ཁ་ཆེས་གྲང་དུས། མཚན་མོའི་ཆུ་ཚོད་གསུམ་དང་བཞིའི་སྟེང་ང་ད་རུང་ཡར་ལངས་ནས་ཡང་བསྐྱར་ཐབ་ཏུ་མེ་འཇོག་དགོས་ལ། དེ་མ་གཏོགས་གྲང་ནས་བཟོད་ཐབས་མི་འདུག སྐབས་དེར་དངོས་གནས་མཚན་བསྐྱལ་རྒྱུའང་དཀའ་མོ་རེད། ཁ་པར་ཙམ་ཡང་མེད་པས། དོན་ཆེན་ཅི་ཞིག་ཡོད་རུང་དུས་ཐོག་ཏུ་རྫོང་ལ་སྙན་སེང་ཞུ་ཐབས་མི་འདུག”ཞེས་ཡིད་བཞིན་ནོར་བུས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།
2007ལོའི་ལོ་གསར་སྐབས་སུ། ཡིད་བཞིན་ནོར་བུ་བཟའ་ཟླ་གཉིས་ཀས་མཉམ་དུ་ས་ཚིགས་བརྟན་སྲུང་བྱས།
“བསྟུད་མར་ཉིན་གསུམ་དང་ཞག་གསུམ་ལ་རླུང་ཆེན་གཡུགས་པས། སྐབས་དེར་སྦྲ་གུར་རླུང་གིས་འཁུར་ལ་ཁད་བྱས་པས། ང་རང་ལྕགས་ཕུར་བཙལ་དུ་སོང་བ་དང་། ཆུང་མ་གཅིག་པུས་རླུང་ཆེན་ནང་སྦྲ་གུར་གྱི་ཐག་པ་ནས་བཟུང་སྟེ་ནུས་ཤུགས་གང་ཡོད་ཀྱིས་འཐེན་ནས་བསྡད་ལ། ང་རང་ཕྱིར་སླེབས་རྗེས། ངེད་གཉིས་ཀྱིས་སྔོན་ལ་ལྕགས་ཕུར་ས་རུ་བརྡབ་པ་དང་། དེ་ནས་ཐག་པས་དཀྲིས་པ་ན། ད་གཟོད་རླུང་ཆེན་འགོག་ཐུབ་པ་བྱུང་།”དོན་དེ་གླེང་སྐབས་ཡིད་བཞིན་ནོར་བུའི་སེམས་སུ་དངངས་སྐྲག་གིས་ཁེངས་འདུག
2007ལོའི་ཟླ6པར། སྦྲ་གུར་དེ་སྟབས་བདེ་ཁང་པར་གྱུར་ནའང་། བདག་སྐྱོང་ས་ཚིགས་སུ་སྔར་བཞིན་གློག་འཐེན་མེད་པས། འོད་ཧྥུ་ཤེལ་ལེབ་ལ་བརྟེན་ནས་ཉིན་རེའི་འཚོ་བའི་གཞི་རྩའི་གློག་གི་སྤྱོད་སྒོ་བསྐངས་པ་ཡིན། སྔར་བཞིན་ཐབ་ཀར་མེ་འབུད་དགོས་ཤིང་སྔོ་ཚོད་བཟའ་རྒྱུའང་ཉུང་ལ། མི་གཞན་གྱིས་བལྟས་ན་ཆ་རྐྱེན་སྔར་བཞིན་དཀའ་ཚེགས་ཆེ་མོད། འོན་ཀྱང་ཡིད་བཞིན་ནོར་བུའི་སེམས་སུ་སྐབས་དེའི་བདག་སྐྱོང་ས་ཚིགས་ཀྱི་ཆ་རྐྱེན་དེ་དང་ཐོག་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་པས། ཁོ་རང་ཡིད་ཚིམས་ཡོད།
དེ་ནས་བཟུང་། བ་ལྡིང་ཆུ་བོའི་མགོ་ཁུངས་སུ་ཁྱོ་ཤུག་ཟུང་གི་བདག་སྐྱོང་ས་ཚིགས་ཤིག་ཇེ་མང་དུ་གྱུར་ཞིང་། དེ་ནི་རྔམ་བརྗིད་ཀྱི“ལམ་སྟོན་གློག་སྒྲོན”ཞིག་དང་མཚུངས་པར། བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་ཚེ་སྲོག་གི་ཁྱིམ་གཞི་འདི་ལ་མིག་གིས་འཚོས་ཤིང་སེམས་ཀྱིས་བསྲུངས་ནས་ཡོད།
ཁྱོ་ཤུག་ཟུང་གིས་གནས་འདི་རུ་ཚེ་སྲོག་གི་ཁྱིམ་གཞི་སྲུང་བའི“སྐྱེ་ཁམས་ཀྱི་གླུ་གཞས”གཏོང་བཞིན་འདུག
བདག་སྐྱོང་ས་ཚིགས་ཀྱི་སྤྱི་ལེ200ལྷག་གི་ནང་རོལ་གྱི་སྐོར་ཞིབ་ས་ཚིགས་བཅུ་དང་། ཆུ་ལག་ལྔ་བཅུ་ལྷག་ཡོད་པ་ཚང་མ་ཡིད་བཞིན་ནོར་བུ་བཟའ་ཟླ་གཉིས་ཀྱི་བདག་སྐྱོང་ས་ཚིགས་ཀྱི་ཁྱབ་ཁོངས་སུ་ཡོད་པ་དང་། ས་ཐག་ཆེས་རིང་པོ་དེ་བདག་སྐྱོང་ས་ཚིགས་དང་བར་ཐག་སྤྱི་ལེ་ཕལ་ཆེར70ཡོད་ལ། ཆེས་ཉེ་བ་དེ་ཡང་སྤྱི་ལེ20ཡོད།
ཁོ་ཚོ་དུས་རྒྱུན་རི་མགོར་སྐོར་ཞིབ་ཏུ་འགྲོ་སྐབས་སྤྱོད་པའི་འགྲིམ་འགྲུལ་ཡོ་བྱད་ནི་འཕྲུལ་རྟ་རྙིང་པ་ཞིག་ལས་མེད་ལ། འཕྲུལ་རྟ་དེ་ད་རུང་ཡིད་བཞིན་ནོར་བུས་རང་གི་ནུ་བོའི་ལག་ནས་གཡར་ཡོང་བ་རེད། “གཟའ་འཁོར་རེ་རེར་བ་ལྡིང་ཆུ་བོའི་མགོ་ཁོངས་ཀྱི་བཞུར་རྒྱུད་དུ་སྐོར་སྲུང་ཐེངས་གཉིས་རེ་བྱེད་ཀྱིན་ཡོད་པ་དང་། འཕྲུལ་རྟ་བསྐོར་ཏེ་ས་ཚིགས་སུ་འགྲོ་སྐབས་ལམ་མེད་སར་ཐུག་སྲིད་པས། ངས་འཕྲུལ་རྟ་དེར་བཞག་ནས། རི་ལུང་བརྒལ་ཏེ་རྐང་ཐང་དུ་སྤྱི་ལེ་བདུན་བརྒྱད་ལ་སོང་བ་ཡིན། སྐོར་སྲུང་འགྲུབ་ཐེངས་རེ་རེར་ཆེས་རིང་ན་དུས་ཚོད10དང་ཆེས་ཐུང་ན་དུས་ཚོད5དགོས།
དུས་རྒྱུན་ཆར་བ་མ་བབས་ན། ཡིད་བཞིན་ནོར་བུ་ཁྱོ་ཤུག་ཟུང་གིས་ཉིན་རེར་དུས་ཚོད་བདུན་ནམ་བརྒྱད་ཀྱི་སྟེང་འཕྲུལ་རྟ་བསྐོར་ཏེ་སྐོར་སྲུང་བྱེད་དུ་འགྲོ་བཞིན་ཡོད་པ་དང་། དུས་རྒྱུན་དགོང་མོར་ད་གཟོད་ཕྱིར་ལོག་ཐུབ། ཉིན་གུང་རང་གིས་ཁྱེར་བའི་བྲོ་ཁ་ཟོས་པ་དང་། སྐབས་རེར་འཕྲུལ་རྟའི་རྐྱལ་བ་རལ་བ་ན། ཁོ་གཉིས་ཀྱིས་ཁྱེར་བའི་ལྭ་བ་ཕུད་དེ་རྐྱལ་བའི་ནང་བརྫངས་ཏེ་འཕྲུལ་རྟ་དེད་ནས་འོང་བ་ཡིན། སྐབས་རེར་དགོང་མོ་ཕྱིར་ལོག་མི་ཐུབ་པའམ་ཡང་ན་ཆར་ཆེན་ནམ་ཁངས་ཆེན་ལ་འཕྲད་སྐབས། འབྲོག་པའི་སྦྲ་གུར་དུ་ཞག་སྡོད་བྱེད་ཀྱིན་ཡོད།
བ་ལྡིང་ཆུ་བོའི་མགོ་ཁུངས་སུ་ཕྱུགས་ཟོག་འཚོ་བ་བཀག་པ་ནས་བཟུང་། འབྲོག་པ་རྣམས་ཀྱིས་ཀྱང་གནས་སྤར་བས། ཡིད་བཞིན་ནོར་བུ་ཁྱོ་ཤུག་གཉིས་ཀྱིས་ཤུལ་དུ་བསྐྱུར་བའི་ནོར་ར་དང་ལུག་ར་དེ་ཆར་རླུང་བྱོལ་ཡུལ་བྱས་ཤིང་། ལམ་ནས་དྲེད་མོང་དང་སྤྱང་ཚོགས་ལ་འཕྲད་དུས་ལྭ་བ་ཕུད་དེ་དབྱུག་པའི་སྟེང་དཀྲིས་ནས་མེར་སྒྲོན་ཞིང་དེ་ནས་མུ་མཐུད་དུ་གཡུག་སྐོར་བྱས་ཏེ་གཅན་གཟན་རྣམས་ཕར་སྤྲད་པ་རེད། “ཐེངས་ཤིག་ལ། སྐོར་ཞིབ་བྱས་ནས་ཕྱིར་ལོག་པ་ན་ཁྲིག་སེ་ཆུ་བོ་བྲུག་པ་དང་འཕྲད་པས། དེ་མ་ཐག་འཕྲུལ་རྟ་ཆུས་ཁུར་སོང་། ཁོ་གཉིས་ཆུ་བོའི་སྨད་རྒྱུད་ནས་སྒུག་མཐར་འཕྲུལ་རྟ་ལེན་ཐུབ་སོང་མོད། འོན་ཀྱང་འཕྲུལ་རྟ་ཆུ་ཡིས་སྦང་བའི་དབང་གིས་ས་རུབ་ནས་ཡུན་རིང་འགོར་ནའང་འཕྲུལ་རྟ་བཀོལ་ཐབས་མི་འདུག་པས། ཁོ་གཉིས་ཕྱི་ཉིན་ད་གཟོད་ཆུ་ལ་བརྒལ་ནས་བདག་སྐྱོང་ས་ཚིགས་སུ་འབྱོར། ”
ཡིད་བཞིན་ནོར་བུ་ཁྱོ་ཤུག་གཉིས་ཀར་མཚོན་ན་དཀའ་ཚེགས་ངོ་མ་ནི་རི་ལ་སྐོར་ཞིབ་བྱ་རྒྱུ་དེ་མིན་ལ། ཁེར་རྐྱང་སྐབས་ཀྱི་སུན་སྣང་དེའང་མིན་པར། ཐོན་ཁུངས་གང་འདོད་དུ་བརྐུ་སྔོག་བྱེད་པ་དང་། ཁྲིམས་འགལ་ངང་རི་དྭགས་རྔོན་མཁན་ལ་གདོང་གཏོད་དགོས་པ་དེ་རེད།
ཐེངས་ཤིག་ལ། ཡིད་བཞིན་ནོར་བུས་ཧུང་ཧྲུའེ་ལིའང་ཞེས་པའི་སར་གསེར་བརྐོ་བཅུ་ཁ་ཞིག་མཐོང་བྱུང་། ཁོས་ཆུང་མར་མྱུར་དུ་གོང་རིམ་སྡེ་ཁག་ལ་ཁ་པར་གཏོང་དུ་བཅུག་པ་དང་། ཁོ་རང་གཅིག་པུ་དེ་ཚོའི་སར་སོང་ནས་བཀག་འགོག་ཅི་ཐུབ་བྱས་ཏེ། ཕ་རོལ་པོར་སྔོ་ཁེབས་ལ་གཏོར་བརླག་བྱེད་མི་ཆོག་པ་དང་། ཆུ་ཁུངས་ལ་གཏོར་བརླག་གཏོང་མི་ཆོག་པའི་གནས་ཚུལ་བཤད། མི་དེ་དག་གིས་ཡིད་བཞིན་ནོར་བུ་གཅིག་པུ་མ་གཏོགས་མེད་པ་ཤེས་རྗེས། ཁོ་ལ་སྐལ་མེད་སར་སྐེ་མ་སྲིངས་ཞེས་འཇིགས་སྐུལ་བྱས། ཕར་ཕྱོགས་ལ་མི་མང་པོ་ཡོད་མོད། འོན་ཀྱང་ཡིད་བཞིན་ནོར་བུ་ཁོ་ཚོར་གཏན་ནས་མ་སྐྲག་པར། ཡང་དང་བསྐྱར་དུ་ཁོ་ཚོར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་བཤད་པས། མི་དེ་དག་གིས་མཇུག་མཐར་ཁོས་གནས་ལུགས་ལ་ཉན་ཏེ་རང་འགུལ་ངང་ཕྱིར་བུད་སོང་།
“2012ལོའི་ཟླ6པའི་ཉིན་ཞིག་ལ། ང་ཚོས་བདག་སྐྱོང་ས་ཚིགས་དང་བར་ཐག་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད་སའི་ཐབ་སྒྱེད་ལུང་པ་རུ་ས་རྐོ་འཕྲུལ་འཁོར་འགའ་མཐོང་བྱུང་བ་དང་། ས་ལས་པ་སྐོར་ཞིག་གིས་ཆུ་ལམ་གྱི་རྡོ་སློག་བཞིན་འདུག ང་རང་སོང་ནས་བཀག་པ་ཡིན། ཕར་ཕྱོགས་ཀྱིས་ཁོའི་ཁ་ལ་མི་ཉན་པར་མ་ཟད་ཅུང་ཙམ་མིན་ན་ཁོར་གཅར་རྡུང་བྱས།”ཡིད་བཞིན་ནོར་བུས་ཁ་ཏ་སློབ་གསོ་ལ་ཕན་ཐོགས་མེད་པ་ཤེས་པས། ཁོ་རང་མྱུར་དུ་བདག་སྐྱོང་ས་ཚིགས་སུ་སོང་ནས་སྐབས་དེའི་གནས་ཚུལ་རྫོང་གི་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་ཕུལ། དེའི་རྗེས་སུ། མདོ་ལ་རྫོང་གི་རྒྱལ་ཁོངས་ཐོན་ཁུངས་ཅུའུ་དང་རྩྭ་ཐང་ས་ཚིགས། སྤྱི་བདེ་ལས་ཁུངས་སོགས་སྡེ་ཁག་མང་པོའི་རམ་འདེགས་འོག ད་གཟོད་གང་འདོད་དུ་ས་བརྐོ་རྡོ་བསློག་བྱེད་མཁན་དག་བདག་སྐྱོང་ས་ཁུལ་ནས་ཕར་བདའ་བ་དང་། སྔོག་རྐུའི་བྱ་སྤྱོད་དུས་ཐོག་ཏུ་མཚམས་འཇོག་ཏུ་བཅུག
ང་ཚོས་མི་ཚེ་གང་བོར་བ་ལྡིང་ཆུ་བོའི་བཞུར་རྒྱུད་ཀྱི་རྩྭ་དང་སྡོང་པོ། ཆུ་ཕྲན་རེ་རེ་བརྟན་སྲུང་བྱེད་རྒྱུའི་སེམས་ཐག་བཅད་ཡོད།
“ཁྱོད་ཚོ་སླེབས་བྱུང་བས། འུ་ཅག་བརླན་སའི་སྤྱི་གླིང་དུ་ལྟ་རུ་འགྲོ”ཞེས་ཡིད་བཞིན་ནོར་བུས་དེ་ལྟར་བཤད་པ་དང་། “ལོ་འདི་གཉིས་ཀྱི་རིང་ལ། བ་ལྡིང་ཆུ་བོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་བསྒྱུར་བྱུང་ཡོད་ལ། མཚོ་སྔོན་མདོ་ལའི་བ་ལྡིང་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནང་གི་དུས་བསྟུན་བྱ་རིགས་ཀྱི་གྲངས་ཀའང་རིམ་གྱིས་ཇེ་མང་དུ་གྱུར། བྱ་རིགས་ཁྱད་པར་བ་འགའ་རེ་དགུན་ཁར་ཡང་བརླན་སའི་སྤྱི་གླིང་ནང་མཐོང་རྒྱུ་འདུག ”
བདག་སྐྱོང་ས་ཚིགས་ནས་བུད་དེ་ཕལ་ཆེར་སྐར་མ10ལྷག་གི་ལམ་དུ་ཕྱིན་པ་ན། གསར་འགོད་པ་མཚོ་སྔོན་མདོ་ལའི་བ་ལྡིང་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་འབྱོར། རླངས་འཁོར་ལས་བབས་མ་ཐག ཡིད་བཞིན་ནོར་བུས་རྒྱང་རིང་ནས་རྩེད་དགའ་ལ་རོལ་བཞིན་པའི་བྱ་ཁྱུ་དཀར་པོ་ཞིག་ལ་མཛུབ་མོས་སྟོན་བཞིན། “ལྟོས་དང་། ཁྲུང་ཁྲུང་མགོ་ཁྲ་རེད། ད་དུང་མིང་མི་ཤེས་པའི་འདབ་ཆགས་དཀོན་གྲས་མང་པོ་ཡང་དང་བསྐྱར་དུ་བརླན་སའི་ནང་མངོན་པས་དངོས་ནས་ཡག་བྱུང་། ”
ཡིད་བཞིན་ནོར་བུས་བཤད་རྒྱུར། “ལོ་འདི་གཉིས་ལ་བ་ལྡིང་ཆུ་བོའི་ཆུ་ཤུགས་མངོན་གསལ་གྱིས་ཇེ་ཆེར་སོང་བ་དང་། བརླན་སའི་རྒྱ་ཁྱོན་ཡང་རིམ་གྱིས་ཇེ་ཆེར་འགྲོ་བཞིན་འདུག དེ་ལས་གཞན། ལོ་རེའི་གསེར་ཉའི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད། བ་ལྡིང་ཆུ་བོར་གསེར་ཉ་མི་ཉུང་བ་མཐོང་རྒྱུ་འདུག ཐེངས་རེར་མཐོང་བའི་གྲངས་ཀ་མི་མཚུངས་མོད། འོན་ཀྱང་གསེར་ཉའི་འཚོ་གནས་ཁོར་ཡུག་དངོས་གནས་ཇེ་བཟང་དུ་གྱུར་འདུག”ཟེར།
མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་བདག་སྐྱོང་མ་ལག་མུ་མཐུད་དུ་འཐུས་ཚང་དང་བདག་སྐྱོང་སྟོབས་ཤུགས་མུ་མཐུད་ཇེ་དྲག་ཏུ་ཕྱིན་པ་དང་བསྟུན་ནས། བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་གྱུར།
2018ལོའི་ཟླ9པར། ཡིད་བཞིན་ནོར་བུ་སྐོར་ཞིབ་བྱེད་དུ་སྐྱོད་སྐབས་རྐྱང་རྒོད་བདུན་མཐོང་བྱུང་། བརླན་སའི་རྒྱ་ཁྱོན་ཇེ་ཆེར་གྱུར་རྗེས། གེ་སར་རྟ་རྫི་མི་ཉུང་བ་ཞིག་གིས་བ་ལྡིང་ཆུ་བོའི་མགོ་ཁུངས་སུ་ཚང་བཅའ་བཞིན་འདུག་ལ། ཁོས་མཐོང་དུས་གྲངས་ཀ22ལ་ལོངས་ཡོད། རི་སྐྱེས་སྲོག་ཆགས་ཕྱིར་ལོག་པ་དེ་ནི། བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བཞིན་པའི་བདེན་དཔང་ལེགས་པོ་ཡིན།
ས་ནག་ཐང་བཅོས་སྐྱོང་དང་། རི་ཆུ་ནགས་ཞིང་། མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་། ཆུ་བོའི་མགོ་ཁུངས་སུ་ཕྱུགས་ཟོག་འཚོ་སྐྱོང་བཀག་པ། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་བཅོས་སྐྱོང་བྱེད་པ་སོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས། ཡིད་བཞིན་ནོར་བུ་ཁྱོ་ཤུག་གཉིས་ཀྱི་བདག་སྐྱོང་གནོན་ཤུགས་ལྟོས་བཅས་ཀྱིས་ཇེ་ཡང་དུ་གྱུར། “སྔོན་ཆད་དང་མི་འདྲ་བར། ད་སྐབས། བ་ལྡིང་ཆུ་བོའི་མགོ་ཁུངས་སྲུང་མཁན་ཡང་ཇེ་མང་དུ་གྱུར།”ཡིད་བཞིན་ནོར་བུ་དགོད་ཞོར་བཤད་རྒྱུར། “སྐྱེ་ཁམས་ཁོར་སྲུང་གི་འདུ་ཤེས་མི་སེམས་སུ་ཟུག་པ་དང་བསྟུན་ནས། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་སྲུང་འདུ་ཤེས་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན་ཏེ། ངེད་གཉིས་ཀྱི་ཉིན་རེའི་སྐོར་སྲུང་ལའང་རོགས་རམ་མི་ཉུང་བ་ཞིག་བྱེད་ཐུབ་ཡོད། ”
“རེད། བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་བདག་སྐྱོང་པ་ཞིག་ཡིན་པའི་ངོས་ནས། ཆུང་མ་དང་ལག་རྡང་སྦྲེལ་ནས་མཉམ་དུ་མདུན་ལ་བསྐྱོད་ཅིང་། ངེད་གཉིས་ཀྱིས་མི་ཚེ་གཅིག་ལ་ཕ་ས་འདི་ལེགས་པར་བསྲུངས་ཏེ། དེ་ཉིད་རིམ་གྱིས་སླར་སོས་པའི་ཐོག་མའི་མཛེས་སྡུག་གི་རྣམ་པར་བལྟས་པ་ཡིན། ང་ལ་མཚོན་ན། འདི་ནི་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་སེམས་འདུན་ལག་བསྟར་བྱས་པའང་ཡིན། ”ཡིད་བཞིན་ནོར་བུའི་མིག་མདངས་ལ་འགྱུར་མེད་ཀྱི་སྤོབས་པ་དང་སྒེར་སེམས་བྲལ་བའི་རང་མདངས་ཤིག་མངོན་འདུག །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།