“རྒྱལ་ཡོངས་ཀྱི་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔེ་དམག”དང་། མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རིན་བུ་ཕྲུག་གི་གནས་ཚུལ་བཀོད་པ།
“ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་ཀ་ཁྲི་བདུན་ལྷག་ལ་སླེབས་པ་དང་། གཙོད་གཞི་ཁྱོན་ཆེན་པོའི་སྒོ་ནས་གནས་སྤོ་བའི་རྣམ་པ་དེ་ཡང་བསྐྱར་མདོ་དབུས་མཐོ་སྒང་དུ་མངོན།” ན་ནིང་ཟླ་དགུ་པར་སྨྱན་བྱད་ཆེ་གྲས་ཁག་གིས་སྤེལ་བའི་གནས་ཚུལ་དེས“ཨ་ཆེན་གངས་རྒྱབ”ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་བསྟར།
མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་པའི“ཨ་ཆེན་གངས་རྒྱབ”ནི་མིའི་རིགས་ལ་མཚོན་ནས་བཤད་ན“ཚེ་སྲོག་གི་བཀག་སྡོམ་ཁུལ”ལྟ་བུ་ཡིན། མཚོ་འཕང་ལ་མུས4500ཡན་ཡོད་པའི་ས་མཐོའི་སྟེང་དུ། མཐོ་སྒང་གི་རྣམ་ཤེས་རི་དྭགས་གཙོད་དང་། འབྲོང་། རྐྱང་སོགས་རི་སྐྱེས་སྲོག་ཆགས་སྣ་ཁ་ཉིས་བརྒྱ་དང་སུམ་ཅུ་ལྷག་འཚོ་སྡོད་བྱེད་བཞིན་ཡོད། དེ་ནི་ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་ཤོས་དང་། མཚོ་འཕང་ཆེས་མཐོ་བ། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་སྲུང་སྐྱོབ་ཁུལ་གྱི་གནས་ཤིག་ཡིན་པ་རེད།
རི་དྭགས་གཙོད་ཆེས་ཉུང་བའི་དུས་སུ་གྲངས་ཀ་ཁྲི་གཉིས་ཡང་མེད་པ་དང་། ད་ལྟ་ཁྲི་བདུན་ལྷག་ལ་སླེབས་ཡོད་པ་དང་། གྲངས་ཀ་དེའི་རྒྱབ་ཕྱོགས་སུ་ཁྲག་དྲོན་དང་། མིག་ཆུ། ཡོད་ཚད་འབུལ་བ། ཡོད་ཚད་བློས་བཏང་ཡོད་པ་རེད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཐབ་རའི་སྟེང་གི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་བུ་ཕྲུག་གིས་ཨ་ཆེན་གངས་རྒྱབ་ཁུལ་དུ་ལོ་ངོ་བཅུའི་རིང་ལ་བརྟན་སྲུང་བྱས། ལོ་ངོ་བཅུའི་རིང་ལ། བུ་ཕྲུག་དང་རུ་མི་ཚོ་མི་མེད་ལུང་སྟོང་དེ་རུ་ངུས་མྱོང་བ་དང་། བགད་མྱོང་ཞིང་། ཁོ་ཚོས་ཨ་ཆེན་གངས་རྒྱབ་ཀྱི་དཀའ་ཚེགས་ཆེ་བའི་སླར་གསོ་བགྲོད་ལམ་ཞིག་བདེན་དཔང་བྱས་ཡོད།
“གཏན་འཁེལ་བྱས་པའི་ལམ་ཐིག་བརྒྱུད་དེ་ཡངས་ཤིང་རྒྱ་ཆེ་བའི་ཨ་ཆེན་གངས་རྒྱབ་མི་མེད་ཁུལ་གྱི་རི་དྭགས་ལྐོག་རྔོན་དང་། གཏེར་ཁ་རྔོག་འདོན་བྱས་པའི་ཤུལ་ལ་ཞིབ་ལྟ་དང་། ལམ་རྒྱུད་ཀྱི་སྐྱེ་དངོས་ཀྱི་གྲངས་ཀ་སྡོམ་རྩིས་བྱས།”སྐོར་བསྐྱོད་བྱེད་རྒྱུ་ནི་བུ་ཕྲུག་གི་ལས་ཀ་གཙོ་བོ་ཡིན་པ་དང་། བྱེ་ཐང་དང་། ཆུ་རྒྱུན། བྱེ་མ། གངས་རི། འདམ་རྫབ་སོགས་ས་དབྱིབས་རྙོག་འཛིང་ཆེ་བའི་ཨ་ཆེན་གངས་རྒྱབ་མི་མེད་ཁུལ་གྱིས་བུ་ཕྲུག་དང་ཁོང་གི་རུ་མི་རྣམས་ལ་ཡང་དང་བསྐྱར་དུ་ཉམས་ཚོད་ལེན་བཞིན་ཡོད།
“རི་མགོར་སྐོར་གཡེང་ཐེངས་གཅིག་བྱེད་ན་ཉུང་མཐའ་ཡང་ཉིན་བཅུ་ལྷག་ཙམ་དང་ཟླ་ཕྱེད་ཙམ་འགོར་བ་དང་། ཁངས་ཆར་བབས་པར་མི་ལྟ་བར་རྙོག་འཛིང་ཆེ་བའི་ས་དབྱིབས་ཀྱིས་ཐེངས་རེ་རེའི་སྐོར་བསྐྱོད་བྱ་བའི་དཀའ་ཚེགས་དེ་ནི་སྔོན་དཔག་བྱེད་དཀའ་བ་ཞིག་རེད” ཅེས་པའི་སྤྱིར་བཏང་གི་སྐད་ཆ་རེ་རེའི་རྒྱབ་དུ་བགྲང་གིས་མི་ལངས་པའི“ཉེན་ཁ་ཆེ་བའི་དུས་སྐབས”ཤིག་རེད།
2016ལོའི་ཟླ8པར་བུ་ཕྲུག་གིས་མི་ཚེའི་ཁྲོད་ཆེས་དཀའ་ཚེགས་ཆེ་བའི་ཉིན་བཅུ་གཉིས་བསྐྱལ།
ལོ་དེའི་ཟླ8པར། སྲུང་སྐྱོབ་ཁུལ་གྱི་དཀྱིལ་དབུས་སུ་ཁངས་ཆར་བབས་ནས་གློ་བུར་དུ་དྲོད་གྲང་མར་ཆག་པ་དང་། ན་འདམ་དང་འདམ་རྫབ་ཁུལ་སོགས་ཀྱི་རྐྱེན་ལས་རླངས་འཁོར་བགྲོད་པར་དཀའ་ཁག་ལ་འཕྲད་པ་དང་། རུ་མི་དྲུག་གིས་སྐོར་བསྐྱོད་ལས་འགན་ཡོངས་འགྲུབ་བྱས་ནས་ཕྱིར་ལོག་པའི་ལམ་བར་དུ་བཀག་བྱུང་བ་དང་། ཟ་རྒྱུར་དཀའ་ངལ་ལ་འཕྲད་བྱུང་བ་མ་ཟད། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པའི་ཁོར་ཡུག་ཁྲོད་མྱུར་སྐྱོབ་བྱས་པ་དང་། རུ་མི་ཚོ་ལུས་ཤུགས་ཟད་དེ་གནས་ཚུལ་ཉེན་ཁར་ཆེ་བའི་གནས་སུ་གྱུར། དུས་ཚོད་ནི་ཡོད་ཚད་ཡིན་པས། གནམ་གཤིས་ངན་པའི་རྐྱེན་གྱིས་སྲུང་སྐར་འཕྲིན་གཏོང་ལ་ཤུགས་རྐྱེན་ཐེབས་ནས་དོན་དག་བྱུང་སའི་བྱེ་བྲག་གི་གནས་གཏན་འཁེལ་བྱེད་དཀའ་བར་གྱུར་བ་དང་། བུ་ཕྲུག་གིས་མྱུར་མོར་མྱུར་སྐྱོབ་རུ་ཁག་སྐོར་གསུམ་མངགས་ནས་སྲུང་སྐྱོབ་ཁུལ་དཀྱིལ་དབུས་སུ་མངགས་ནས་འཚོལ་ཞིབ་བྱེད་དུ་བཅུག་པ་དང་། རང་ཉིད་གནས་སའི་མྱུར་སྐྱོབ་རུ་ཁག་དེ་ཡང་ཉེན་ཁའི་གནས་སུ་ལྷུང་།
ཁངས་འབབ་ཚད་ཇེ་ཆེ་ནས་ཇེ་ཆེར་གྱུར་བ་དང་། གུང་ཁྲན་ཏང་མིའི་དད་སེམས་ཀྱང་སྔར་ལས་ཇེ་བརྟན་དུ་གྱུར། ཟླ9ཚེས4ཉིན། ཉིན་བཅུ་གཉིས་ཀྱི་རིང་ལ་ཆབ་རོམ་སྟེང་འགོ་བ་དང་གངས་ཁྲོད་དུ་ཉལ་བ། རླུང་གི་ཁྲོད་ནས་ཟས་ཟ་བ་སོགས་བྱས་ཏེ། བུ་ཕྲུག་གིས་སྐོར་བསྐྱོད་རུ་མི་དང་མྱུར་སྐྱོབ་རུ་ཁག་སྐོར་གསུམ་པོ་བདེ་བླག་ངང་ན་གོར་མོ་རུ་ཁྲིད་ཡོང་ཐུབ་པ་བྱུང་།
“ཉིན་དེ་ནས་བཟུང་ངའི་བསམ་པར་མིའི་རིགས་ནི་དངོས་ནས་ཆུང་ཆུང་ཞིག་ཡིན་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་དགོས་པའི་དུས་མཚུངས་སུ། ཚེ་སྲོག་ལའང་བརྩི་འཇོག་བྱེད་དགོས་པར་འདོད་ཀྱིན་ཡོད”ཅེས་བཤད། ཐེངས་དེའི་བརྗེད་དཀའ་བའི་ཉམས་མྱོང་ལས་བུ་ཕྲུག་གིས་ཚེ་སྲོག་གི་དོན་སྙིང་ལ་ཡང་བསྐྱར་མཚན་ཉིད་བཀོད།
ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རིན་བུ་ཕྲུག་གིས་སེམས་ཤུགས་ཡོད་ཚད་མཐོ་སྒང་གི་རི་དྭགས་གཙོད་ཀྱི་སྟེང་དུ་བཞག་ཡོད།
ལོ་རེའི་ཟླ5པ་ནས་ཟླ6པའི་ཟླ་དཀྱིལ་བར་ནི་རི་དྭགས་གཙོད་ཀྱི་རྒྱུད་སྤེལ་བའི་དུས་ཚིགས་ཡིན་པ་དང་། ཟླ་ལྔ་བར་ཆུ་དམར་ལེབ་རྫོང་དང་། བོད་བྱང་ཐང་། ཤིན་ཅང་ཨའར་ཅིན་རི་རྒྱུད་ཁུལ་གྱི་རི་དྭགས་གཙོད་རྣམས་གཅིག་རྗེས་གཉིས་མཐུད་ངང་“གཙོད་ཕྲུག་རྩེབས་ས”སྟེ། གཙོད་གནས་མཚོ་རུ་གནས་སྤར། གཙོད་མ་ཁྲི་སྟོང་མང་པོ་གནས་འདིར་འཛོམས་ནས་བརྗིད་ཉམས་ལྡན་པའི་ཚེ་སྲོག་གི་དབྱངས་སྙན་ཤིག་དཀྲོལ། དེ་གར་བརྟན་འཇགས་ཀྱི་སྲུང་སྐྱོབ་ས་ཚིགས་ཤིག་ཡོད་པ་དང་། ལོ་རེར་སྐོར་བསྐྱོད་རུ་མི་ཚང་མས་གནས་དེ་སྲུང་ནས་གཙོད་ཕྲུག་རྩེབས་སྐབས་ཀྱི་གཙོད་ལ་སྲུང་སྐྱོབ་བྱས།
གནས་སྤོ་བའི་བརྒྱུད་རིམ་ཁྲོད་ངེས་པར་དུ་མཚོ་བོད་གཞུང་ལམ་བརྒྱུད་དགོས། གཙོད་དེ་དག་ལོ་རེར་བདེ་བླག་ངང་གནས་སྤོའི་ལམ་བུ་བགྲོད་ཐུབ་ཆེད། བུ་ཕྲུག་དང་ཁོའི་ལས་གྲོགས་ཚོས་གཙོད་ཕྲུག་རྩེབས་པ་དང་ཕྱིར་གནས་སྤོ་བའི་བྱ་བར་སྔ་མོ་ནས་བཀོད་སྒྲིག་བྱེད་སྲིད། ཟླ་ལྔ་བ་སླེབས་པའི་རྗེས་སུ། ས་ཚིགས་སོ་སོར་མི་སྣ་དང་རླངས་འཁོར་བཀོད་སྒྲིག་བྱས་པར་མ་ཟད། སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་གཙོ་བོ་བྱས་པ་དང་། སྲུང་སྐྱོབ་ས་ཚིགས་གཞན་པ་རྣམས་ཕལ་བར་བཞག་ནས་རི་དྭགས་གཙོད་ས་ཁོངས་དེ་བརྒྱུད་ནས་བགྲོད་སྐབས། རི་དྭགས་གཙོད་བདེ་འཇགས་ཀྱིས་གཞུང་ལམ་བརྒལ་དུ་བཅུག་པ་དང་། རི་དྭགས་གཙོད་གནས་སྤོ་བའི་ཁྲོད་མིའི་རིགས་ཀྱིས་གནོད་འཚེ་མི་ཐེབས་པར་ཁག་ཐེག་བྱས། དེ་ལས་གཞན། བུ་ཕྲུག་དང་ཁོའི་ལས་གྲོགས་ཚོས་ད་དུང་བརྙན་གཟུགས་རྒྱུ་ཆ་ཉར་ཚགས་བྱས་ཡོད་པ་དང་། དེའི་འཕྲོར་ཉིན་རེ་རེའི་ལྟ་རྟོག་བརྙན་རིས་ལ་ཐེངས་བཅུ་ལྷག་ལ་ཡང་དང་བསྐྱར་དུ་ལྟོས་རྗེས། རི་དྭགས་གཙོད་ཀྱི་གནས་སྤོ་དང་ཕྱིར་གནས་སྤོ་བའི་གྲངས་ཀ་རྩིས་རྒྱག་པ་ཡིན།
བུ་ཕྲུག་དང་རུ་མི་ཚོས་སེམས་ཞིབ་མོས་སྲུང་སྐྱོང་དང་ནན་ཏན་གྱིས་ཁྲིམས་ལག་བསྟར་བྱས་པ་བརྒྱུད། རི་དྭགས་གཙོད་ལྐོག་རྔོན་བྱེད་པའི་གྱོད་གཞི་ལོ་རེར་ཇེ་ཉུང་དུ་སོང་། 2009ལོ་ནས་བཟུང་ཏེ། བསྟུད་མར་ལོ་བཅུ་གཅིག་གི་རིང་ལ་རི་དྭགས་གཙོད་ལྐོག་རྔོན་བྱེད་པའི་དོན་རྐྱེན་གཅིག་ཀྱང་བྱུང་མ་མྱོང་བ་དང་། སྲུང་སྐྱོབ་ཁུལ་གྱི་རི་དྭགས་གཙོད་ཀྱི་གྲངས་ཀ་ལོ་རེར་འཕར་སྣོན་བྱུང་ཞིང་། རི་དྭགས་གཙོད་སོགས་རི་སྐྱེས་སྲོག་ཆགས་རྣམས་ཀྱིས་ལྷིང་འཇགས་ཀྱི་སྒོ་ནས་རྒྱུད་སྤེལ་ཐུབ་པ་བྱུང་བས། ཨ་ཆེན་གངས་རྒྱབ་དེ་མིང་དོན་གཉིས་མཚུངས་ཀྱི“སྲོག་ཆགས་ཀྱི་དགའ་ཚལ”ཞིག་ཏུ་གྱུར་ཡོད་པ་རེད།
“ཆེས་མཐའ་མཇུག་གི་དག་གཙང་ས་གཞི”དེ་ལ་སྲུང་སྐྱོབ་བྱེད་ཆེད། ནུབ་རྒྱུད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་ནས་བསོད་ནམས་དར་རྒྱས་དང་། དེ་ནས་བུ་ཕྲུག་གིས་ཁྲིད་པའི་ཚོགས་པ་སོགས་ཨ་ཆེན་གངས་རྒྱབ་ཀྱི་མི་རབས་སོ་སོའི་མི་རྣམས་ཀྱིས་རང་ཉིད་ཀྱི་ལང་ཚོ་དང་ཐ་ན་ཚེ་སྲོག་ལ་བརྟེན་ནས་དག་གཙང་གི་ཞིང་ཁམས་དེར་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་། ཁོ་ཚོ་ཡོད་པའི་རྐྱེན་གྱིས་མཚོ་སྔོན་ནས་འཛམ་གླིང་གི་གར་སྟེགས་སྟེང་བསྐྱོད་པའི་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོང་གི་ཁྲོད་རང་བྱུང་གི་ལྷིང་འཇགས་ཤིག་སྐྲུན་ཡོད་པ་རེད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།