མཐོ་སྒང་དུ་རྩ་བ་ཚུགས་ནས་མི་ཚེའི་ངོ་མཚར་བསྐྲུན།
2022.06.29 ཁུངས། མི་དམངས་དྲ་བ། ཀློག་གྲངས། 60

 གསར་འགོད་པ་དང་ལྷུན་གྲུབ་ཚེ་རྒྱལ་གཉིས་ནི་གྲོགས་པོ་རྙིང་པ་ཡིན་ཞིང་། ཁོ་གཉིས་མཉམ་དུ་སྤྱི་ལེ140ཡོད་པའི་ཨ་ཆེན་གངས་རྒྱབ་མི་མེད་ལུང་སྟོང་ཁུལ་དུ་དུས་ཚོད་བཅུ་བདུན་ཙམ་ལ་བསྐྱོད་པ་རེད། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་མཉམ་དུ་དྲ་ཐོག་ནས་ཐད་གཏོང་བྱས་པར་ལྟ་མཁན་མི་ཐེངས་ས་ཡ་གཅིག་ལྷག་ལ་བསླེབས་ཡོད།

འོན་ཀྱང་གསར་འགོད་པར་བག་ཆགས་ཟབ་མོ་ཞིག་ཡོད་པ་ནི། ལྷུན་གྲུབ་ཚེ་རྒྱལ་ཨ་ཆེན་གངས་རྒྱབ་ཏུ་རི་སྐོར་ཐེངས་དང་པོ་བྱེད་སྐབས“མིག་ཆུ་ཤོར་བའི”གཏམ་རྒྱུད་དེ་རེད།  ཁོ་ནི་དཀའ་ཚེགས་དང་ཉེན་ཁར་སྐྲག་ནས་མིག་ཆུ་ཤོར་བ་མིན་པར། མི་མེད་ལུང་སྟོང་ཁུལ་དུ་རང་ཉིད་ཁེར་རྐྱང་དུ་སྡོད་སྐབས་བརྟེན་ས་གང་ཡང་མེད་པས་རེད། ངས་ལྷུན་གྲུབ་ཚེ་རྒྱལ་དང་འདྲ་བའི་མཐོ་སྒང་དུ་རྩ་བ་ཚུགས་མཁན་གྱི་ན་གཞོན་མང་པོར་བཅར་འདྲི་བྱས་མྱོང་། ཁོ་ཚོས་རིན་བྲལ་གྱི་ལང་ཚོ་མི་མེད་ལུང་སྟོང་ཁུལ་དུ་ལེགས་སྐྱེས་སུ་ཕུལ་བ་དེ་ནི་ང་ཚོས་ཚོད་དཔག་བྱེད་དཀའ་བ་ཞིག་རེད།

ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་སྐབས་ལྷུན་གྲུབ་ཚེ་རྒྱལ་གྱི་བློ་སྤོབས་ཆེ་རུ་ཕྱིན་ནས་ཁོའི་མི་ཚེའི་ལྟ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་སོང་། ལྷུན་གྲུབ་ཚེ་རྒྱལ་དང་འདྲ་བའི་ལེགས་སྐྱེས་འབུལ་བར་སྤྲོ་བའི་ན་གཞོན་མང་པོ་ཡོད་པས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་གཞག་ལ་དེ་བས་ངོ་མཚར་བསྐྲུན་ཐུབ་ངེས་རེད།

དཀའ་ཚེགས་ལ་མི་འཛེམས་པར་གཞི་ཚུགས་ནས་སྲུང་སྐྱོབ་བྱས།

ལྷུན་གྲུབ་ཚེ་རྒྱལ་ནི་རྟག་ཏུ་གདོང་ལ་འཛུམ་གྱིས་ཁེངས་པའི་ཕོ་གསར་ཅིག་ཡིན་ཡང་།  མི་མེད་ལུང་སྟོང་ཁུལ་དུ་བསྐྱོད་དེ་སྐོར་ཞིབ་ཐེངས་དང་པོ་བྱེད་སྐབས་ངུ་ཤོར་བ་རེད།  ཨ་ཆེན་གངས་རྒྱབ་ཏུ་ཐོག་མར་སླེབས་པའི་སྐོར་གླེང་སྐབས་ལྷུན་གྲུབ་ཚེ་རྒྱལ་གྱིས་འཚེར་སྣང་བྱེད་ཅིང་། སྤྱིར་བཏང་མ་ཡིན་པའི་འཚར་ལོངས་ཀྱི་བརྒྱུད་རིམ་དེ་ཁོའི་གཞོན་ཤ་དོད་ལ་བློ་ཐག་ཆོད་པའི་ངོ་གདོང་ནས་མངོན་བཞིན་མཆིས།

ལྷུན་གྲུབ་ཚེ་རྒྱལ་ནི་མཚོ་སྔོན་ཡུས་ཧྲུའུ་ཡི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བ་རེད། 2006ལོར་ཨ་ཆེན་གངས་རྒྱབ་ལ་དོ་དམ་སྲུང་སྐྱོབ་པ་བྱས་ནས་ཐེངས་དང་པོར་མི་མེད་ལུང་སྟོང་ཁུལ་དུ་བསྐྱོད་པའི་ལྷུན་གྲུབ་ཚེ་རྒྱལ་ཧ་ལས་སོང་། སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་སྟོང་ལྔ་ཟིན་པའི་ཡངས་ཤིང་རྒྱ་ཆེ་བའི་ཐང་སྟོང་དུ་ ཨར་འདམ་གྱི་ལམ་མེད་ལ།  དབྱར་ཁར་ཐོན་ཚེ་གང་སར་འདམ་གྱིས་ཁེངས་ཡོད་པས་སྐོར་ཞིབ་ལམ་བུ་ཡང་འདམ་རྫབ་ཀྱིས་ཁེངས་ནས་གཟབ་གཟབ་མ་བྱས་ན་འདམ་དུ་བྱིངས་བའི་ཉེན་ཁའང་ཆེ་བ་རེད།    འདྲུད་འཐེན་འཕྲུལ་འཁོར་གྱིས་འཐེན་པ་དང་ལྕགས་ཁེམ་གྱིས་སྔོག་པ་སོགས་ཆ་སྙོམས་མཚོ་འཕང་སྨི་སྟོང་བཞི་དྲུག་བརྒྱ་ཟིན་པའི་མི་མེད་ལུང་སྟོང་ཁུལ་དུ་རོགས་སྐྱོབ་བྱེད་པ་ནི་ལས་ཀ་ཆེས་ལྗིད་མོ་ཞིག་ཡིན་ཞིང་།  ཡུལ་དངོས་ལ་སླེབས་ཚེ།  ཨ་ཆེན་གངས་རྒྱབ་ཀྱི་ཡ་ང་བའི་ཁོར་ཡུག་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད།

དགའ་འོས་པ་ཞིག་ནི།  ཨ་ཆེན་གངས་རྒྱབ་ཏུ་ཡོང་རྗེས་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་དུ་སླེབས་པ་ལྟར་ག་ས་གང་ནས་རི་དྭགས་གཙོད་དང་། རྐྱང་། དགོ འབྲོང་སོགས་མཐོང་ཐུབ།  རྩ་ཆེ་བའི་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་འདི་དག་སོས་དལ་བག་ཕེབས་ངང་རྒྱུ་བཞིན་པ་དེ་མཐོང་ཚེ།  དཀའ་ཚེགས་ཇི་ལྟར་ཆེ་ཡང་འགྱོད་པ་མེད་ལ།  རི་ཁུལ་དུ་སྐོར་ཞིབ་བྱས་རྗེས་ལྷུན་གྲུབ་ཚེ་རྒྱལ་གྱིས་རང་ཉིད་ཀྱི་ལས་ཀ་འདི་མུ་མཐུད་དུ་སྒྲུབ་རྒྱུའི་སེམས་ཐག་བཅད།

ལས་གནས་བརྟན་པོར་བསྲུངས་ནས་སྤྱིར་བཏང་མིན་པའི་མི་ཚེའི་ངོ་མཚར་བསྐྲུན།

ཨ་ཆེན་གངས་རྒྱབ་མི་མེད་ལུང་སྟོང་ཁུལ་གྱི་རྩོ་ནག་མཚོའི་སྲུང་སྐྱོབ་ས་ཚིགས་སུ་ཡོད་པའི་ལྷུན་གྲུབ་ཚེ་རྒྱལ་ལ་ལས་གནས་བརྟན་སྲུང་གི་ཐད་མྱོང་ཚོར་ཟབ་མོ་ཡོད།

ལོ་རེའི་ཟླ5པ་ནས8པའི་བར། གཙོད་མང་པོ་ཞིག་རྩོ་ནག་མཚོ་འགྲམ་དུ་གཙོད་ཕྲུག་རྩེབ་པར་ཡོང་བཞིན་ཡོད་པས། གནས་དེར་སྲུང་སྐྱོབ་ས་ཚིགས་བཙུགས་པ་ནི་མི་མེད་ལུང་སྟོང་ཁུལ་གྱི་མིའི་རིགས་ཀྱི་བཟོ་བཀོད་འབའ་ཞིག་དུ་གྱུར་ཡོད། སྲུང་སྐྱོབ་ས་ཚིགས་ཀྱི་ཕྱི་རོལ་དུ་ལྕགས་ར་བསྐོར་ནས་སྤྱང་ཀི་དང་དྲེད་མོང་གི་འཇབ་རྒོལ་འགོག་པ་དང་།  དེ་རུ་ད་དུང་པང་ལེབ་ཁང་པ་ཞིག་ཀྱང་ལས་ཡོད། དངོས་ཟོག་ཡོད་ཚད་རང་ཉིད་ཀྱིས་དབོར་དགོས་ལ།   གློག་གཏོང་བར་རླངས་་སྣུམ་གྱི་འཕྲུལ་འཁོར་སྤྱོད་པ་དང་ཁ་པར་ལ་བརྡ་རྟགས་མེད་པས་འབྲེལ་གཏུག་བྱེད་པར་དཀའ་ཁག་ཧ་ཅང་ཆེ།

ལོ་རེའི་དབྱར་ཁར་ལྷུན་གྲུབ་ཚེ་རྒྱལ་དང་ལས་གྲོགས་ཚོ་གནས་འདིར་སྡོད་ཀྱི་ཡོད། རླངས་འཁོར་བསྐོར་ནས་མཚོ་འགྲམ་དུ་སྐོར་སྲུང་བྱེད་སྐབས་རྟག་ཏུ་གཙོད་ཕྲུག་རྩེབ་ལ་ཉེ་བའི་གཙོད་ཁྱུ་དང་འཕྲད་ཀྱི་ཡོད། ཁོས་ཟིན་བྲིས་ཐོག་གཙོད་ཁྱུའི་གྲངས་ཀ་དང་། ཐོན་ས། འགུལ་སྐྱོད་སོགས་ཀྱི་གནས་ཚུལ་བཀོད་ཡོད།

དགུན་ཁར་ཨ་ཆེན་གངས་རྒྱབ་ཏུ་སྐོར་སྲུང་བྱེད་སྐབས་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་40ལྷག་ཡིན་པ་དང་། མི་མེད་ལུང་སྟོང་ཁུལ་གྱི་གསོ་རླུང་འདུས་ཚད་ཧ་ཅང་དམའ། དགུང་མོར་རས་གུར་ནང་གྲང་ངར་ཆེ་བས་གཉིད་དཀའ་ཞེས་ལྷུན་གྲུབ་ཚེ་རྒྱལ་གྱིས་དེ་ལྟར་བཤད།

ལྷུན་གྲུབ་ཚེ་རྒྱལ་གྱིས་ལོ་ངོ16ཙམ་ལ་ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱས་ཏེ། ལོ་རེར་རི་སྐོར་ལ་ཐེངས་བཅུ་ལྷག་བསྐྱོད་པ་དང་། ཁོ་ཚོ་ཡོད་པའི་དབང་གིས་ཁྲིམས་འགལ་པར་ཁྲིམས་འགལ་བྱ་བ་སྒྲུབ་པའི་གོ་སྐབས་ཡེ་ནས་མེད། 2006ལོ་ནས་ད་ལྟའི་བར་ཨ་ཆེན་གངས་རྒྱབ་མི་མེད་ལུང་སྟོང་ཁུལ་དུ་རྔོན་རྒྱག་པའི་མེ་མདའི་སྒྲ་ཐེངས་གཅིག་ཀྱང་གྲགས་མ་མྱོང་ལ།  གཙོད་ཀྱི་གྲངས་ཀ་ཡང་ཁྲི་བདུན་ལྷག་བར་སླར་གསོ་བྱུང་ཡོད།

འགན་འཁྲི་ལྕི་ཡང་དོན་ཐོག་ཏུ་འཁྱོལ་བར་བྱས།

2019ལོར་ལྷུན་གྲུབ་ཚེ་རྒྱལ་ལ་ཀྲུང་གོའི་ལྔ་བཞིའི་ན་གཞོན་གཟེངས་རྟགས་ཐོབ་པ་རེད།   ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཁོས་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་གཞོན་པའི་འགན་ཁུར་ཏེ། མུ་མཐུད་དུ་སྣེ་ཁྲིད་ནས་རི་སྐོར་བྱེད་ཞོར་དུ་ཨ་ཆེན་གངས་རྒྱབ་ལྟེ་བའི་སྲུང་སྐྱོབ་ས་ཚིགས་ཀྱི་ཉིན་རེའི་དོ་དམ་ལས་དོན་ལ་འགན་འཁུར་གྱི་ཡོད།

བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་བྱང་ངོས་སུ་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ལོ་རྒྱུས་ཀྱི་འཕེལ་རིམ་དང་རང་བྱུང་ཐོན་ཁུངས་འགྲེམས་སྟོན་ཁང་ཞིག་བཙུགས་ཡོད་པས། མཚོ་བོད་གཞུང་ལམ་དུ་འགྲོ་འོང་བྱེད་མཁན་ཚོས་ཞོར་དུ་ལྟ་སྐོར་བྱེད་ཆོག་པ་རེད།   ལྟ་སྐོར་བ་མང་བའི་སྐབས་སུ་ལྷུན་གྲུབ་ཚེ་རྒྱལ་གྱིས་འགྲེལ་བཤད་པའི་འགན་འཁུར་གྱི་ཡོད།

རི་དྭགས་གཙོད་གནས་སྤོ་བའི་དུས་ཚིགས་སུ་གཙོད་ཁྱུ་མཚོ་བོད་གཞུང་ལམ་བརྒལ་ནས་འགྲོ་བཞིན་ཡོད། སྐབས་དེར་ལྷུན་གྲུབ་ཚེ་རྒྱལ་དང་སྲུང་སྐྱོབ་རུ་མི་རྣམས་ཡང་བསྐྱར་འགྲིམ་འགྲུལ་ཉེན་རྟོག་པར་གྱུར་ཏེ་གཙོད་ཁྱུ་བདེ་འཇགས་ངང་གཞུང་ལམ་བརྒལ་ཐུབ་པར་འགན་ལེན་བྱེད་ཀྱི་ཡོད།   ཡར་འགྲོ་མར་འོང་གི་རླངས་འཁོར་རྣམས་རང་འགུལ་ངང་འགྲོ་མཚམས་བཞག་ནས་གཙོད་ཁྱུ་གཞུང་ལམ་བརྒལ་བར་རམ་འདེགས་བྱེད་བཞིན་ཡོད་པ་དེ་ལས་ཀྱང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་དེ་མི་སེམས་སུ་ཟུག་ཡོད་པ་མངོན་ཐུབ།

བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་ད་དུང་རི་སྐྱེས་སྲོག་ཆགས་ཀྱི་རོགས་སྐྱོབ་ལྟེ་གནས་ཤིག་ཀྱང་བཙུགས་ཡོད།  གཙོད་ཕྲུག་རྩེབ་པའི་དུས་ཚིགས་སུ་ལྷུན་གྲུབ་ཚེ་རྒྱལ་གྱིས་སྲུང་སྐྱོབ་མི་སྣ་དང་མཉམ་དུ་གཙོད་ཕྲུག་ཆུང་ཆུང་ལ་བདག་སྐྱོང་ཞིབ་མོ་བྱེད་ཀྱི་ཡོད།

འདི་ལྟར་ལྷུན་གྲུབ་ཚེ་རྒྱལ་དང་ན་གཞོན་སྔར་ལས་མང་བས་ཡངས་ཤིང་རྒྱ་ཆེ་བའི་མི་མེད་ལུང་སྟོང་ཁུལ་དུ་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་བཞིན་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།