ཕྱུགས་རྫི་སློབ་ཆེན་པ་ཞིག་ཕ་ཡུལ་དར་སྤེལ་གྱི་གཙོ་ཤུགས་སུ་གྱུར་པ།
2022.08.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 54

འགྲམ་པའི་མཁུར་ཚོས་ལ་སྨུག་ཤ་དོད་པ་དང་། ཁྲ་ཆུང་མིག་ལ་གྲུང་ཤ་དོད་ཅིང་། ལུས་རྩལ་ལྷམ་ཆུང་གི་སྟེང་དུ་འདམ་བག་གོས་འདུག་པ་དེ་ནི་བླ་མ་རྒྱལ་གྱིས་གསར་འགོད་པར་བཞག་པའི་ཐོག་མའི་བག་ཆགས་རེད།

1992ལོར་སྐྱེས་ཤིང་། ད་ལོར་ཏག་ཏག་ལོ་སུམ་ཅུ་ལ་བུད་པའི་བླ་མ་རྒྱལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོ་མཚོ་ཁྲི་སྡེ་བའི་ཡིན་ལ། ཁོའི་ཕ་མ་གཉིས་ནི་འབྲོག་པ་རེད། 2017ལོར་ནུབ་བྱང་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། བླ་མ་རྒྱལ་གྱིས་གྲོང་ཁྱེར་དུ་ལས་ཀ་གཉེར་བའི་གོ་སྐབས་ཕར་དོར་ནས་ཕྱིར་ཕ་ཡུལ་དུ་ལོག་ཏེ་ལས་སྐྲུན་བྱས་ཤིང་“ཕྱུགས་རྫི”ཞིག་བྱས།

དང་ཐོག སློབ་ཆེན་སློབ་མ་ཞིག་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཕྱུགས་རྫི་བྱས་པའི་གནས་ཚུལ་དེ་སྡེ་བའི་ནང་དུ་མི་རྣམས་ཀྱིས་གླེང་གཞིར་གྱུར། དཀའ་ལས་མང་པོ་བརྒྱབ་སྟེ་འབྲོག་ཁུལ་ནས་སློབ་གྲྭར་འགྲིམས་ཐུབ་པ་བྱུང་བའི་སློབ་ཆེན་སློབ་མ་ཞིག་ཕྱིར་ཕ་ཡུལ་དུ་ལོག་དོན་ཅི་ཡིན་ནམ།

“རྩྭ་ཐང་གི་བུ་ཕྲུག་ཅིག་ཡིན་ཚེ་རྩྭ་ཐང་ནས་འདུག་དགོས། གལ་ཏེ་གཞོན་རབས་པ་ཚང་མ་རྒྱང་རིང་ཡུལ་དུ་སོང་ཚེ། སུ་ཞིག་གིས་ཕ་ཡུལ་དར་སྤེལ་གཏོང་ངམ།”བླ་མ་རྒྱལ་ནི་སེམས་ཞིབ་མོ་ཞིག་སྟེ། སློབ་ཆེན་འགྲིམ་པའི་སྐབས་སུ། དབྱར་དགུན་གནང་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་ཐེངས་རེར། ཁོས་ཕ་ཡུལ་ཀྱི་གནས་ཚུལ་བརྟག་དཔྱོད་མང་པོ་བྱས་པ་དང་། ་ ཇི་ཙམ་བརྟག་ན་དེ་ཙམ་གྱིས་སེམས་སྡུག་པར་གྱུར། “གྲོང་ཁྱེར་ནི་ཇེ་ཡག་ནས་ཇེ་ཡག་ཡིན་ལ། དེང་རབས་ཅན་དུ་ཇེ་ཕྱོགས་ཡིན་ཀྱང་། ཕ་ཡུལ་ནི་ལྡོག་སྟེ་གསོན་ཤུགས་ཉམས་ནས་རྒུད་ཀྱིན་འདུག”

མཚོ་ཁྲི་སྡེ་བ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལས་འབྲི་ཆུའི་མགོ་ཁུངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་སུ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ་སྟོང་གཉིས་བརྒྱ་དང་ཉེར་བཞི་ལྷག་ཡོད་ཅིང་། མཚོ་འཕང་ལ་ཆ་སྙོམས་ཀྱིས་རྨིད་སྟོང་བཞི་དང་དྲུག་བརྒྱ་ལྔ་བཅུ་ཡོད་པས། མཚོ་འཕང་ཆེས་མཐོ་བའི་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་ཡིན། ལོ་འདི་འགའི་རིང་ལ། གྲོང་གསེབ་དར་སྤེལ་གྱི་འབོད་སྐུལ་དེ་གངས་རིའི་ལྗོངས་སུ་བསྒྲགས་པ་ནས་བཟུང་། བླ་མ་རྒྱལ་གྱིས་སེམས་ཐག་རྦད་ཆོད་ཀྱིས“ཕ་ཡུལ་དར་སྤེལ”གྱི་སྤྲོ་དགའ་རུམ་ནས་ཕྱིར་ཕ་ཡུལ་དུ་ལོག

ཕྱི་ནས་མཐོང་རྒྱ་སྐྱེད་ཡོད་པའི་བླ་མ་རྒྱལ་གྱིས་ཀྱང་དང་ཐོག་ལས་གཞི་མང་པོ་ཞིག་ལ་བསམ་གཞིག་བྱས་ཀྱང་། ཁོ་རང་ཉིད་ཀྱིས་མཐར་མཇུག་དེ་དག་རེ་རེ་བཞིན་རིང་དུ་དོར།

“ང་ཚོར་རྩྭ་ཐང་རྒྱ་ཆེན་པོ་ཡོད་པས། སྐྱེ་ཁམས་ཀྱི་ལེགས་ཆ་ཡོད་ཅིང་རྒྱུད་ཁུངས་ཀྱི་སྤུས་ཀ་འཛོམས་པར་མ་ཟད། འབྲོག་པ་ནི་རང་བཞིན་གྱིས་ནོར་གནག་གསོ་སྐྱོང་ལ་མཁས་པོ་ཡོད།”བླ་མ་རྒྱལ་གྱིས་ཞིབ་འདང་མང་པོ་བརྒྱབ་རྗེས་སྔར་བཞིན་འུར་ཆ་བཟུང་ནས་གནག་རྫི་ཞིག་བྱེད་པའི་སེམས་ཐག་བཅད།

བླ་མ་རྒྱལ་གྱིས“ཁེར་རྒྱུག་ཁེར་འཐབ”ཙམ་གྱིས་དོན་ཆེན་མི་འགྲུབ་པ་དང་། སྡེ་བའི་འབྲོག་ཁྱིམ་དག་ཁ་ཐོར་གྱིས་གནས་ཤིང་རྩྭ་སའང་ཁ་ཐོར་དུ་གནས་ལ། ནོར་གནག་གསོ་སྤེལ་གྱི་ནུས་ཕྱོད་ཀྱང་དམན་པས། ནོར་ལུག་དང་རྩྭ་ས་ཁུ་བསྡུ་བྱས་ཏེ་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། སློབ་ཆེན་སློབ་མ་དང་འབྲོག་པའི་འབྲེལ་འདྲིས་ཀྱི་སྟེགས་བུ་ཞིག་བསྐྲུན་ན། ད་གཟོད་ཕ་ཡུལ་གྱི་ནོར་གནག་གསོ་སྤེལ་ཇེ་ལེགས་ཇེ་བཟང་དུ་གཏོང་ཐུབ་པ་རྟོགས་ཡོད།

སེམས་ཐག་བཅད་རྗེས་བླ་མ་རྒྱལ་མྱུར་དུ་ཁྱིམ་ཚང་རེ་རེ་བཞིན་དུ་ཉུལ་ནས། མཉམ་ལས་པ་བཙལ་བ་དང་། ཁོའི་འབད་བརྩོན་ཆེན་པོའི་འོག་ཏུ་ཁྱིམ་ཚང་ཉེར་གཉིས་ནས་མ་དངུལ་སྒོར་མོ་འབུམ་བདུན་ལྷག་བསྡུ་རུབ་བྱེད་ཐུབ་པ་བྱུང་ཞིང་། “མཉམ་ལས་ཁང་དང་འབྲོག་པ”ཡི་མ་དཔེ་ཅན་གྱི་རྔ་སྒྲ་མཚོ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གསར་འཛུགས་བྱས།

ཆུང་དུས་ནས་འབྲོག་པའི་ས་ཆ་རུ་འཚར་ལོངས་བྱུང་བ་ཡིན་ཡང་། སྦྱངས་པའི་ཆེད་ལས་ནི་གསོ་སྤེལ་ཆེད་ལས་མིན་པས། བླ་མ་རྒྱལ་གྱིས་ནོར་གནག་གསོ་སྤེལ་བྱེད་པ་དེ་གོམ་པ་དང་པོ་ནས་མགོ་རྩོམ་དགོས་ཤིང་། རྒྱུན་པར་ནམ་མ་ལངས་གོང་ནས་ཡར་ལངས་ཏེ་ནོར་གནག་ལ་གཟན་ཆས་སྟེར་བ་དང་ཕྱུགས་རར་གཙང་སྦྲ་བྱེད་པ། ལྕི་བ་ཕུད་པ། ཕྱུགས་ནད་སྨན་བཅོས་སོགས་བྱེད་པ་ཡིན། གསོ་སྤེལ་དང་ཕྱུགས་ནད་སྔོན་འགོག་གི་ཤེས་བྱ་མེད་པས་ཁོས་ནོར་གནག་གསོ་སྤེལ་བྱེད་ཐབས་སྐོར་གྱི་དཔེ་ཆ་མང་པོ་ཉོས་ཡོང་སྟེ་རང་སྦྱོང་བྱས་པ་དང་། ཆེད་ལས་ལག་རྩལ་མི་སྣའི་ཁྲིད་སྟོན་མེད་པས་ཁོས་ཕྱུགས་ཟོག་སྨན་པ་དང་ཆེད་མཁས་པ། འཇོན་མི་བཅས་ལ་སློབ་སྟོན་ཞུས་ཏེ། རྒྱུན་ཆད་མེད་པར་ཉམས་མྱོང་མང་དུ་བསགས་ཤིང་། ཡུན་རིང་རྒྱུན་འཁྱོངས་སྒོས་ལག་རྩལ་ཞིབ་དཔྱད་བགྱིས་པས། ད་ལྟ་བླ་མ་རྒྱལ་ཡང་ཉེ་རིང་ཀུན་ཏུ་གྲགས་པ་འབར་བའི་གསོ་སྤེལ་མི་སྣ་འཇོན་ཐང་ཅན་ཞིག་ཏུ་གྱུར་ཡོད།

བླ་མ་རྒྱལ་གྱི་ཤུགས་རྐྱེན་འོག་ཏུ། སྡེ་བའི་ནང་དུ་སྔར་ལས་མང་བའི་སློབ་ཆེན་སློབ་མ་མང་པོ་མཉམ་རུབ་བྱས་ཏེ“མཉམ་ལས”སུ་ཞུགས་ཡོད།

“ད་ལྟ་ང་ཚོའི་དཔུང་སྡེ་ལ་སློབ་ཆེན་སློབ་མ9ཡོད་ཅིང་། དོ་དམ་དང་བདག་གཉེར། ཕྱིར་འཚོང་བཅས་ཀྱི་ཕྱོགས་སུ་ང་ཚོར་རང་རང་གི་འཇོན་ཐང་རེ་ཡོད་ཅིང་། རང་རང་གི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱས་ཏེ། མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྒྱབ་རྟེན་དཔུང་རོགས་བགྱིད་བཞིན་ཡོད”ཅེས་བླ་མ་རྒྱལ་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

ད་ལོར་ལོ་ན་སོ་གཅིག་ཡིན་པའི་སེང་འབྲུག་དབང་རྒྱལ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། སེང་འབྲུག་དབང་རྒྱལ་གྱིས་སྦྱངས་པ་ནི་ཕྱུགས་སྨན་ཆེད་ལས་ཡིན་པ་དང་། སློབ་མཐར་ཕྱིན་རྗེས་མཉམ་ལས་ཁང་དུ་ཞུགས་ཤིང་། ཆེད་དུ་ནོར་གནག་ལ་ནད་བརྟག་བྱེད་པའི་འགན་ཁུར་ཡོད།

སེང་འབྲུག་དབང་རྒྱལ་གྱིས་བཤད་རྒྱུར། “གནས་འདིས་ང་རང་བསྐྱངས་པས། ད་ལྟ་ངས་རང་གིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཕ་ཡུལ་སྔར་ལས་གོང་འཕེལ་དུ་གཏོང་བར་འབད་བཞིན་པ་དང་། སེམས་སུ་བློ་སྤོབས་ཞིག་ཀྱང་རྒྱས་ཡོད”ཟེར།

མཉམ་ལས་ཁང་དེ“ཕྱུགས་རྫི”སློབ་ཆེན་པའི་བདག་གཉེར་འོག་ཏུ། རིམ་གྱིས་སྟོབས་ཤུགས་རྒྱས་པས་སྡེ་མི་ཡོངས་ལ་རེ་བ་གསར་པ་ཞིག་བསྩལ།

2019ལོའི་དབྱར་ཁར། རྔ་སྒྲ་མཚོ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས“མཉམ་ལས་ཁང་དང་། འབྲོག་པ། སྡེ་བའི་ཐུན་མོང་དཔལ་འབྱོར”མ་དཔེ་རུ་བསྒྱུར་ཞིང་། འབྲོག་ཁྱིམ་བརྒྱ་དང་ཉི་ཤུ་མཉམ་ལས་སུ་ཞུགས་ནས། རྩྭ་ས་སྤྱི་ཆིང་ཁྲི་གསུམ་དང་ནོར་གནག་སྟོང་གཅིག་དང་བཅོ་ལྔ་རུ་སླེབས་པས། ན་གཞོན་འདི་ཚོར་སྔར་ལས་ཆེ་བའི་སྟེགས་བུ་ཞིག་དང་ནུས་རྩལ་ངོམ་པའི་གོ་སྐབས་བསྐྲུན་ཡོད།

“ད་ལོར། ང་ཚོས་ནོར་གནག་བརྒྱད་ཅུ་ཕྱིར་འཚོང་རྩིས་ཡོད་ཅིང་། སྔོན་རྩིས་ཡོང་སྒོ་སྒོར་མོ་ས་ཡ་གཅིག་ལ། ཁྱིམ་ཚང་རེར་སྒོར་སྟོང་བརྒྱད་ལྷག་བགོ་རྒྱུ་ཡོད། མ་འོངས་པར་ང་ཚོའི་ཁེ་སྤོགས་ནི་ལོ་རེ་ལས་ལོ་རེར་བཟང་ངེས”ཞེས་འཕེལ་རྒྱས་ཀྱི་སྐོར་ནས་གླེང་སྐབས་བླ་མ་རྒྱལ་གྱིས་ཡིད་ཆེས་བརྟན་པོའི་ངང་ནས།“ང་ཚོའི་འབད་བརྩོན་བརྒྱུད་ནས་ནམ་ཞིག་གི་ཚེ་ན་ཕ་ཡུལ་ནི་རྣམ་པ་གཞན་ཞིག་ཏུ་འཕོ་འགྱུར་འབྱུང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅིང་། བསམ་ཕྱོགས་ཡོད་པ་དང་ནུས་རྩལ་འཛོམས་པ། བློ་སྤོབས་ལྡན་ཞིང་ཁག་ཁུར་ཡོད་པའི་ན་གཞོན་སྔར་བས་མང་པོ་ཕྱིར་རང་གི་ཕ་ཡུལ་དུ་ལོག་ནས། ང་ཚོའི‘ཁྱིམ་གཞི་ཆེན་པོ’འདི་གྲོང་གསེབ་དར་སྤེལ་གྱི་ཁྲོད་དུ་ཞུགས་པར་རེ་བཞིན་ཡོད”ཅེས་བཤད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།