གངས་ལྗོངས་སུ་བཞད་པའི་སྐལ་བཟང་མེ་ཏོག
2022.09.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 42

ཐེངས་མང་པོར་བྱ་བའི་ལས་གནས་སྤར་བར་ཁོ་མོས་དང་ལེན་མ་བྱས་པར་མཚོ་འཕང་ལ་རྨིད་བཞི་སྟོང་ལྔ་བརྒྱ་ཡོད་པའི་རྨ་ཆུའི་མགོ་ཁུངས་སུ་ལས་གནས་བརྟན་སྲུང་བྱས་ཏེ་བསྡད། དུས་དང་རྣམ་པ་ཀུན་དུ་ཁོ་མོས་སེམས་སུ་དམངས་ཀྱི་བདེ་སྡུག་བཅངས་ཡོད་པས་ལེ་དབར་སུམ་བརྒྱ་ལྷག་གི་ལམ་ཐག་བརྒྱུད་ནས་མང་ཚོགས་ལ་སྨན་རིན་བསྐྱལ་མྱོང་ཞིང་།  ཚེ་ལས་མ་འདས་བའི་སྔོན་ཏག་ཏག་ལའང་ཁོ་མོས་མགོ་བའི་ཟུག་གཟེར་ཁྱད་གསོད་བྱས་ཏེ་སྲིད་གྲོས་བྱ་བའི་གྲོས་གཞི་ལེགས་སྒྲིག་བྱེད་པར་འབད།

ཁོ་མོའི་མིང་ལ་བསོད་ལྷ་ཟེར་ཞིང་། ཁོ་མོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན་ཡིན་པ་དང་། ལུས་སེམས་གཉིས་ཀ་ཚེགས་དྲགས་པའི་དབང་གིས་ཀླད་ཁྲག་ཤོར་བའི་ནད་བྱུང་སྟེ་ཚེ་ལས་འདས་ཤིང་ལོ་སོ་དགུ་རེད། མི་དམངས་ཀྱི་གཞུང་ཞབས་པ་ཞིག་ཡིན་པའི་ངོས་ནས་བསོད་ལྷ་ཡིས་རང་གི་ཚེ་སྲོག་ལ་བརྟེན་ནས་མདོ་དབུས་མཐོ་སྒང་དུ་མི་དམངས་ཡིད་ཚིམས་པའི་དུས་རབས་ཀྱི་རྒྱུགས་འབྲས་ཤིག་སྤྲད།

གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོའི་ཟླ་དང་པོར། བསོད་ལྷ་རྨ་སྟོད་རྫོང་གི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། མོའི་ཨ་མ་ནི་གཞི་རིམ་གྱི་དགེ་རྒན་ཞིག་ཡིན་པ་དང་ཨ་ཕ་ནི་དམངས་སྲིད་ལས་བྱེད་པ་ཞིག་རེད། བསོད་ལྷ་ཆུང་ངུའི་དུས་ནས་བཟུང་མོའི་ཨ་ཕ་ནམ་ཡང་དམངས་ཀྱི་བྱ་བ་སྣ་ཚོགས་ཀྱི་དོན་དུ་ཉིན་རྒྱུན་དུ་གཞི་རིམ་ལ་འགྲོ་བའི་ལམ་དུ་ཡོད་པ་རེད། བསོད་ལྷ་ལོ་བཅུ་གཉིས་ལ་སོན་པའི་ལོ་དེར་མོའི་ཨ་ཕ་ཡུལ་ཚོ་ནས་ཕྱིར་རྫོང་ཐོག་ཏུ་ལོག་པའི་ལམ་བར་དུ་སྟབས་མ་ལེགས་པར་རླངས་འཁོར་དོན་རྐྱེན་བྱུང་སྟེ་ཚེ་ལས་འདས།    ཨ་ཕའི་འདས་ཆོད་སྒྲུབ་པའི་ཉིན་དེར་བསོད་ལྷའི་བློ་ཡུལ་ལས་འདས་པ་ཞིག་ལ་ཕྱོགས་ཡར་མར་གྱི་མང་ཚོགས་མང་པོ་ཞིག་ཡོང་ནས་དཔའ་བོ་ཞིག་ལ་སྐྱེལ་མ་བྱེད་པ་ནང་བཞིན་མོའི་ཨ་ཕའི་འདས་ཆོད་ལ་ཞུགས།  དུས་དེ་ནས་བཟུང་རང་གི་ཨ་ཕ་དང་འདྲ་བར་མི་དམངས་མང་ཚོགས་ཀྱིས་ཡིད་ཆེས་བྱེད་ཆོག་པའི་མི་ཞིག་བྱེད་རྒྱུའི་སྤོབས་སེམས་ཀྱི་ས་བོན་དེ་ལོ་ན་ཆུང་བའི་བསོད་ལྷའི་སེམས་ཀྱི་གཤིན་ས་རུ་སྨིན་མགོ་བརྩམས།

ཉིས་སྟོང་བདུན་ལོར་བསོད་ལྷ་ཏང་ནང་དུ་ཞུགས་པ་དང་སྔ་གཞུག་ཏུ་རྫོང་ཞིབ་དཔྱོད་ཁང་དང་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་། རྫོང་སློབ་གསོ་ཚན་རྩལ་ཅུའུ་བཅས་སུ་བྱ་བ་བསྒྲུབས། རང་ཉིད་ཀྱི་འབད་འབུངས་ལ་བརྟེན་ནས་དྲུང་ཡིག་ཅིག་ནས་རིམ་བཞིན་ལས་ཁུངས་ཀྱི་བྱེད་སྒོའི་རྐང་འཛིན་པར་གྱུར་བ་དང་གདན་ཞུའི་ལས་བྱེད་མི་སྣ་ཅིག་ནས་རྒྱལ་ཁབ་ཀྱི་གཞུང་ཞབས་པར་གྱུར།

རྨ་སྟོད་རྫོང་གི་གཅིག་བསྡུས་གནད་འཁེལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྐབས་སུ།  སྲིད་གྲོས་གཞུང་སྒྲུབ་ཁང་གི་ཕྱོགས་བསྡུས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡིན་པའི་བསོད་ལྷ་དུས་རྒྱུན་དུ་ལས་ཁུངས་ཀྱི་ཁ་གཏད་རོགས་སྐྱོར་སྡེ་བར་སོང་སྟེ།  མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། ཁ་གཏད་རོགས་སྐྱོར་ཁྱིམ་ཚང་ཕྱུག་མོ་ཚང་གི་བྱིས་པས་མཐོ་འབྲིང་དུ་རྒྱུགས་འཕྲོད་ཀྱང་ཁྱིམ་དུ་སློབ་ཡོན་སྟེར་རྒྱུ་མེད་པའི་གནས་ཚུལ་དེ་ཤེས་རྗེས། བསོད་ལྷས་དེ་མ་ཐག་རང་གི་སྒོར་ཁུག་ལས་སྒོར་མོ་སྟོང་གཉིས་བླངས་ནས་བྱིན་ཏེ་བྱིས་པ་སློབ་གྲྭར་འགྲོ་བར་རོགས་སྐྱོར་བྱས། དེ་མིན་ནོར་ལུག་སོགས་སྒོ་ཕྱུགས་གཅིག་ཀྱང་མེད་པར་རང་གི་ཞོར་ལས་ཡོང་སྒོ་ཙམ་ལ་བརྟེན་ནས་བྱིས་པ་གསུམ་སློབ་གྲྭར་སྐྱེལ་བཞིན་པའི་བཀྲ་ཤིས་ཚང་གི་གནས་ཚུལ་ཤེས་རྗེས་སུ། བསོད་ལྷས་རང་ཉིད་ལ་ཆ་རྒྱུས་ཡོད་པའི་ཁང་པ་མཛེས་སྤྲས་བྱེད་མཁན་ཞིག་ལག་ཤེས་པ་ཞིག་ལ་འབྲེལ་གཏུག་བྱས་ཏེ། བཀྲ་ཤིས་ཁོ་རང་གི་རྗེས་སུ་འབྲང་ནས་ཁང་པར་མཛེས་སྤྲས་བྱེད་ལུགས་དང་ཤིང་བཟོ་སོགས་ཀྱི་ལག་རྩལ་སྦྱང་དུ་བཅུག་པས་བཀྲ་ཤིས་ཀྱི་འཚོ་བའི་གནས་བབ་ལ་སྔར་ལས་འགྱུར་ལྡོག་ཆེན་པོ་བྱུང་།

རྨ་ཆུ་ཡུལ་ཚོ་ཐང་སྐར་མ་སྡེ་བ་རུ་ཕོ་བའི་འབྲས་སྐྲན་གྱི་ནད་བྱུང་ཡོད་པའི་ལོ་ན་རེ་དྲུག་ཅན་གྱི་རྒན་པོ་དབང་གྲགས་ཀྱིས་རོགས་སྐྱོར་མ་དངུལ་རེ་ཞུ་བྱས་ཟིན་ཏེ།  ཟི་ལིང་དུ་སྨན་ཁང་ལ་འགྲོ་རྒྱུར་རེ་སྒུག་བྱས་ནས་སྡོད་པ་ལས་ཁོའི་རྐང་ལག་མི་བདེ་བས་རྫོང་ཐོག་ཏུ་སྒོར་མོ་ལེན་དུ་འགྲོ་ཐུབ་ཀྱི་མེད། གནས་ཚུལ་དེ་བསོད་ལྷས་ཤེས་རྗེས་མོས་སྤྱི་ལེ་སུམ་བརྒྱ་ལྷག་གི་ཐམ་ཐག་བརྒྱུད་ནས་རོགས་སྐྱོར་སྒོར་མོ་སྟོང་གཉིས་ཡོད་པ་དེ་རྒན་པོའི་ལག་ཏུ་འཕྲོད་པར་བྱས།

བསོད་ལྷ་ཡིས་བདག་ལས་གཞན་གཅེས་ཀྱི་བསམ་བློས་གཞན་ལ་དངོས་སུ་རོགས་རམ་བྱེད་བཞིན་ཡོད་ལ་རྒྱུན་དུ་དཀའ་ངལ་ཡོད་པའི་མང་ཚོགས་མཐོང་དུས་མོའི་སེམས་ན་བཞིན་འདུག་ཅེས་བསོད་ལྷའི་ལས་གྲོགས་རྣམས་ཀྱིས་བཤད།

སྲིད་གྲོས་སུ་བྱ་བ་སྒྲུབ་པའི་ལོ་དེ་དག་གི་རིང་ལ་བསོད་ལྷས་གཙོ་བོ་སྲིད་གྲོས་སྡེ་ཁག་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྐོར་གྱི་བྱ་བ་སྒྲུབ་བཞིན་ཡོད་ཅིང་།  རོགས་སྐྱོར་མ་དངུལ་རེ་རེ་དང་དངོས་པོ་རེ་རེ་དངོས་སུ་མི་དམངས་མང་ཚོགས་ཀྱི་ལག་ཏུ་འབྱོར་ཆེད། བསོད་ལྷ་ལ་དུས་རྒྱུན་དུ་སུན་སྣང་ཅི་ཡང་མེད་པར་འབྲེལ་ཡོད་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྲིད་གཞུང་སྡེ་ཁག་བཅས་ལ་ཧུར་སྒོས་འབྲེལ་གཏུག་བྱས་ཏེ་སེམས་ཞིབ་མོས་རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་དགུ་སྟོང་བདུན་ལྷག་སོ་སོར་དཀའ་ཁག་ཆེ་བའི་ཁྱིམ་ཚང་བརྒྱད་བརྒྱ་ང་བདུན་དང་དཀའ་ཁག་ཆེ་བའི་སློབ་ཆེན་སློབ་མ་བརྒྱ་དང་བརྒྱད་ཅུ། བུད་མེད་ནད་པ་སོ་གསུམ། ཐུམ་འབུའི་ནད་ཅན་གྱི་ནད་པ་ལྗིད་མོ་བཅུ་བཅས་ཀྱི་ལག་ཏུ་འབྱོར་བར་བྱས་ནས་ཁོ་ཚོར་ཁེ་ཕན་ཐོགས་པར་གྱུར།

དཀའ་ཁག་ཅི་ཞིག་ཡོད་ན་ཨ་ཅེ་ལ་ཤོད་ཟེར་བའི་སྐད་ཆ་དེ་ནི་ནམ་རྒྱུན་བསོད་ལྷའི་ངག་ཏུ་ཡང་ཡང་ཟློས་བཞིན་པའི་སྐད་ཆ་ཞིག་རེད། དེའི་སྟབས་ཀྱིས་མོའི་ཉེ་འགྲམ་གྱི་དཀའ་ཁག་ཡོད་པའི་མི་རེ་རེས་ཁོ་མོའི་སྐད་ཆ་དེའི་དྲོད་སྣང་ཚོར་ཐུབ་ཀྱི་ཡོད།

བསོད་ལྷ་དང་མཉམ་དུ་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་དུ་བྱ་བ་སྒྲུབ་མྱོང་པའི་ཆིས་ཏུང་གིས་ཕྱིར་དྲན་བྱས་ནས་བཤད་རྒྱུར།  ཁོ་རང་ཆེས་ཐོག་མར་རྨ་སྟོད་རྫོང་དུ་ཡོང་དུས། མི་རྒྱུས་དང་ས་རྒྱུས་སོགས་ཅི་ཡང་མེད་པ་དང་། བཟའ་བཏུང་གི་རིགས་མི་ལོབ་པ་དང་ས་བབ་ཀྱི་དབང་གིས་མཚན་མོ་གཉིད་མི་ཡོངས་བ་སོགས་ཀྱིས་རྒྱུན་དུ་ཕ་ཡུལ་དྲན་བཞིན་ཡོད། བསོད་ལྷས་ནམ་རྒྱུན་དུ་ང་དང་འདྲ་བའི་ལས་གྲོགས་གསར་བ་དག་ཁོ་མོའི་ཁྱིམ་དུ་བོས་ནས་ཟ་མ་ལས་པ་སོགས་འཚོ་བར་སེམས་ཁུར་དང་ཁ་ཏ་སློབ་གསོ་གཏོང་བཞིན་ཡོད་པས། རིམ་བཞིན་ང་ཚོར་ཡང་ཁོ་མོའི་སྤྲོ་སྣང་ལྡན་ཞིང་ལས་ལ་བརྩོན་པའི་འཚོ་བའི་སྤོབས་སེམས་དེ་འདྲ་གོམས་སོང་ཟེར། ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། རྨ་སྟོད་རྫོང་དུ་ཚད་རིམ་བདུན་དང་གྲངས་ཆུང་བཞི་ཡི་ས་འགུལ་བྱུང་།  སྐབས་དེར་བསོད་ལྷ་ཡིས་ཁྱིམ་དུ་རང་གི་གནས་ཚུལ་ཙམ་ཡང་བཤད་ཁོམ་མེད་པར་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བའི་ཁྲོད་དུ་ཞུགས། གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བའི་ཁྲོད་དུ་ཁོ་མོས་གཙོ་བོ་དངོས་ཟོག་བསྡུ་ལེན་དང་སྒྲིག་སྦྱོར། བགོ་བཤའ་རྒྱག་པ་སོགས་ཀྱི་འགན་ཁུར་ཡོད་པས་ནམ་རྒྱུན་དུ་དགོང་མོའི་དུས་ཚོད་གསུམ་ནས་བཞིའི་བར་དུ་བྱ་བར་བྲེལ་བས་ཁེངས་ཡོད། ད་དུང་དངོས་རྫས་མང་པོ་ཞིག་ནམ་གུང་མ་གཏོགས་ཐོན་ཐུབ་ཀྱི་མེད་པས་མོས་དུས་ཚོད་ཉེར་བཞིའི་རིང་ལ་སྦྲ་གུར་གྱི་ནང་དུ་སྒུག་ནས་བསྡད་ཡོད་པ་དང་། དངོས་རྫས་སྣ་ཚོགས་བསྐྱལ་ནས་ཐོན་མ་ཐག་མཚན་བརྒྱབ་ནས་དངོས་རྫས་བགོ་བཤའ་བྱེད་པའི་ལས་ལ་བྲེལ་བཞིན་ཡོད་ཅེས་རྨ་སྟོད་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བན་དེ་བཀྲ་ཤིས་ཀྱིས་དེ་ལྟར་བཤད། ལས་ཚེགས་ཆེ་ལ་གཉིད་ལོག་པའི་དུས་ཚོད་མེད་པའི་སྟབས་ཀྱིས་མིག་ཟུང་དམར་པོར་གྱུར་ཞིང་མགོ་སྐྲ་གཟེང་བ། མཐོ་སྒང་གི་མཁའ་དབུགས་ཀྱིས་ངོ་གདོང་ནས་སྐྱི་ཤུན་ཕུད་པ་བཅས་ནི་ཡོམ་འགོག་རྒུད་སེལ་སྐབས་ཀྱི་བསོད་ལྷའི་སྣང་བརྙན་ངོ་མ་དེ་རེད། དེ་ལྟར་བྱ་བ་སྒྲུབ་པའི་དུས་ཡུན་རིང་དྲགས་པས་བསོད་ལྷའི་ལུས་ཕུང་གི་ཟུངས་ཟད་པའི་ཁར་མགོ་བོ་ན་མཚམས་མི་ཆད་པར་གྱུར།  ལས་གྲོགས་རྣམས་ཀྱིས་མོ་ལ་སེམས་ཁུར་བྱེད་པའི་སྐབས་སུ་མོ་དགོད་བཞིན་དུ་ལག་པ་གཉིས་འཕུར་ཙམ་བྱེད་ཞོར།  ནམ་རྒྱུན་ཁྱེར་ཡོད་པའི་སྨན་དེ་འཐུང་རྗེས་ང་ལ་སྐྱོན་མེད་ཅེས་ལས་གྲོགས་ཚོར་དེ་ལྟར་ལན་འདེབས་བཞིན་ཡོད།

བསོད་ལྷའི་ཟིན་བྲིས་ཀྱི་སྟེང་དུ་དངོས་ཟོག་རེ་རེ་བསྡུ་ལེན་བྱས་ཚུལ་དང་བགོ་བཤའ་བརྒྱབ་ཚུལ་སོགས་རེ་རེ་བཞིན་གསལ་བོར་བྲིས་འདུག  དེ་ལྟ་བུའི་འགན་འཁྲི་དང་སེམས་ཞིབ་མོའི་བཀོད་སྒྲིག་འོག རྒུད་སྐྱོབ་དངོས་རྫས་རེ་རེ་ཆད་ལྷག་མེད་པར་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་འབྱོར་ཐུབ་པ་བྱུང་།

བསོད་ལྷ་ནི་མོའི་ཁྱིམ་གྱི་གདུང་འདེགས་ཀ་བ་ལྟ་བུ་ཡང་ཡིན་ཞིང་། ཁོ་མོས་དུས་རྒྱུན་དུ་འཚོ་བ་རྒྱས་སྤྲོས་མི་བྱེད་པར་རང་ཉིད་ཀྱིས་འགྲོ་སོང་བཏང་ནས་ནུ་བོ་དང་ནུ་མོ་གཉིས་སློབ་གྲྭར་བཅུག་པ་དང་། ཁོ་གཉིས་ཀྱི་ཁྱིམ་ཚང་དང་བྱ་བའི་ཕྱོགས་ལ་རོགས་རམ་བྱེད་བཞིན་ཡོད་པར་མ་ཟད།   ཕྱོགས་གཅིག་ནས་ཡུན་རིང་ནད་ཀྱིས་མནར་བའི་ཁོ་མོའི་ཨ་མར་བདག་སྐྱོང་བྱེད་བཞིན་ཡོད་པ་དང་།  དེར་མ་ཟད་སྔོན་ཆད་མོས་རང་གི་ཁྱིམ་མི་རྣམས་ལ་རང་གི་ཨ་ཕས་ཁྱིམ་མི་རྣམས་ལ་ཆད་པའི་འཚོ་བའི་སྟོང་ཆ་དེ་བསྐང་རྒྱུ་ཡིན་ཚུལ་ཁས་ལེན་བྱས་ཡོད།

ཨ་མ་ཞིག་ཡིན་པའི་ཆ་ནས་བསོད་ལྷ་ཡིས་རང་གི་བུ་ཆུང་གི་ནར་སོན་ལ་སེམས་ཁུར་བྱེད་རྒྱུ་ཧ་ཅང་ཉུང་དྲགས་ཏེ། བུ་ཆུང་སློབ་སྔོན་སློབ་གསོ་མཐར་ཕྱིན་ནས་སློབ་ཆུང་ལོ་རིམ་བཞི་བར་འབུད་པའི་བར་དུ་མོ་ཐེངས་གཅིག་ལའང་རང་གི་བུ་ཆུང་གི་ཁྱིམ་བདག་ཚོགས་འདུར་ཞུགས་མྱོང་མེད།  ཁ་པར་གྱི་ཁ་ཕྱེས་ནས་བལྟས་ཚེ་མོས་བུ་ཆུང་གི་པར་ཞིག་ཁ་པར་གྱི་འཆར་ཤེལ་སྟེང་དུ་བཞག་ཡོད་པ་ལས་གཞན་མོའི་ཁ་པར་ནང་དུ་བྱ་བའི་སྐོར་གྱི་པར་རིས་ཀྱིས་བཀང་འདུག་པས་བུ་ཆུང་དང་མཉམ་དུ་བླངས་པའི་པར་ཞིག་བཙལ་ནའང་རྙེད་ཀྱི་མི་འདུག

བསོད་ལྷའི་བུ་ཆུང་གིས་ཨ་མ་ནམ་རྒྱུན་རང་གི་གམ་དུ་མི་འདུག་པའི་གནས་ཚུལ་སྐོར་འདྲི་དུས།  བསོད་ལྷས་རྒྱུན་དུ་བུ་ཆུང་ལ་ང་ཚོ་ནམ་ཡང་མི་མང་པོ་ཞིག་གི་ཆེད་དུ་འཚོ་དགོས། ཁྱོད་རང་ལག་ཆགས་རྗེས་གསལ་བོར་ཤེས་ནི་རེད་ཅེས་ཚིག་ཉུང་ཉུང་ཞིག་གི་སྒོ་ནས་དེ་ལྟར་ལན་འདེབས་བཞིན་ཡོད།

བསོད་ལྷ་ཚེ་ལས་འདས་རྗེས།  ཁོ་མོས་ཁྱིམ་མི་ཚོ་མོའི་གཞུང་ལས་ཁང་དུ་ཡོང་ནས་དངོས་བོ་རྣམས་བདག་གཉེར་བྱེད་སྐབས། མོའི་སྒྲོག་ཙེའི་འཐེན་སྒམ་ཞིག་གི་ནང་དུ་སྨན་རྫས་མང་པོས་བཀང་འདུག དེ་དག་ལས་སྐོར་ཞིག་འཐུང་ཟིན་པའི་སྨན་གྱི་ཤོག་སྒམ་ཡིན་པ་དང་རེ་འགའ་ཞིག་གི་ཁ་ཡང་ཕྱེ་མི་འདུག  ཁོ་མོས་སྔོན་ཆད་སུ་ལའང་རང་ཉིད་ཀྱི་ལུས་ཕུང་མི་བདེ་བའི་གནས་ཚུལ་སྐོར་བཤད་མ་མྱོང་བས་གཞུང་ལས་ཁང་དུ་སྨན་དེ་འདྲ་མང་པོ་ཞིག་ཡོད་པའི་གནས་ཚུལ་ཡང་མི་གཅིག་གིས་ཀྱང་ཤེས་ཀྱི་མེད།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས་བསོད་ལྷར་ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་རྒྱུ་གཏན་འཁེལ་བྱས་པ་མ་ཟད། ཕུལ་བྱུང་གུང་ཁྲན་ཏང་ཡོན་བསོད་ལྷ་ལ་སློབ་སྦྱོང་བྱེད་པའི་སྐོར་གྱི་གྲོས་འདོན་ཡི་གེ་བཀྲམ།  ཉིས་སྟོང་ཉེར་གཉིས་ལོར་སྔ་གཞུག་ཏུ་བསོད་ལྷ་ལ་མཚོ་སྔོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་དང་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་གཟི་བརྗིད་མཚན་སྙན་གནང་བ་དང་། ད་ལོའི་ཟླ་བརྒྱད་པར་བསོད་ལྷ་ལ་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམས་པའི་གཞུང་ཞབས་པའི་གཟེངས་བསྟོད་གནང་། བསོད་ལྷ་ཡིས་རང་གི་ཚེ་སྲོག་གིས་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པའི་མཚོ་སྔོན་པའི་སྙིང་སྟོབས་གསལ་བོར་མཚོན་པར་བྱས་ཤིང་།  ལང་ཚོ་སྟོང་ཟད་དུ་མི་གཏོང་བ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ།  གངས་ལྗོངས་སུ་བཞད་པའི་སྐལ་བཟང་མེ་ཏོག་རྐང་གཅིག་དང་འདྲ་བར་ནམ་གངས་ལྗོངས་མི་དམངས་ཀྱི་སེམས་སུ་མཛེས་སྡུག་གིས་བཞད་ཡོད།

                                                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།