བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་མང་ཚོགས་ཚོས་སྲོལ་རྒྱུན་གྱི་ཞྭ་མོ་ཉོ་སྐབས། རྟག་ཏུ“རྒན་ཚེ་རྒྱལ་ལགས་ཀྱིས་བཟོས་པ་ཡིན་ནམ”ཞེས་སྐད་ཆ་འདྲི་བཞིན་ཡོད།
ཚེ་རྒྱལ་ནི་ཨ་མདོ་རྫོང་གི་ཞྭ་བཟོ་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོས་བཟོས་པའི་ཞྭ་མོ་ནི་ཨ་མདོའི་སྲོལ་རྒྱུན་གྱི་རྒྱན་གོས་ཤིག་ཡིན་ལ། བཟོ་ལྟ་དམིགས་བསལ་ཆེ་བས། ས་ཁུལ་གཞན་པའི་བོད་རིགས་ཀྱི་སྲོལ་རྒྱུན་ཞྭ་མོ་དང་ཁྱད་པར་ཆེན་པོ་ཡོད།
ཚེ་རྒྱལ་གྱིས“དཔའ་རྒོད་ཞྭ་མོ”འཚེམ་བཞིན་པ།
ཨ་མདོའི་ཞྭ་མོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ཞྭ་མོའི་སྟེང་དུ་རས་དང་ཚོན་སྐུད་ཀྱིས་བསླས་པའི་ཏོག་ཆུང་ཆུང་ཞིག་ཡོད་པ་དང་ཞྭ་ཏོག་མཐོ་ཚད་ལ་ལི་སྨི་ཉི་ཤུ་དང་སུམ་ཅུ་ཡས་མས་ཡོད། ཞྭ་ཏོག་དེའི་ཚོན་སྐུད་ཀྱི་ཁ་དོག་ནི་སྤྱིར་ན་སེར་པོ་དང་། ལྗང་ཁུ། དཀར་པོ། དམར་པོ། སྔོན་པོ་བཅས་ལས་གྲུབ་ཅིང་། དེ་དག་སོ་སོས་ས་སེར་པོ་དང་། ཆུ་ལྗང་ཁུ། སྤྲིན་དཀར་པོ། མེ་དམར་པོ། གནམ་སྔོན་པོ་བཅས་མཚོན་གྱིན་ཡོད། དེ་ནི་སྐབས་དེའི་དཔའ་བོར་སྤྲོད་པའི་བྱས་རྗེས་གཟེངས་རྟགས་ཀྱང་ཡིན་ཞིང་། དམག་ལ་རྒྱལ་ཁ་ཐོབ་ཐེངས་རེར་དཔའ་བོ་ཚོས་ཞྭ་ཏོག་སྟེང་ཚོན་མདོག་གཅིག་སྣོན་པ་དང་། ཚོན་མདོག་ཇི་ཙམ་མང་ན་དེ་ཙམ་གྱིས་བྱས་རྗེས་མང་པོ་བཞག་པ་མཚོན་གྱིན་ཡོད།
ཨ་མདོའི་བུ་མོས“དཔའ་རྒོད་ཞྭ་མོ”གོན་ནས་སྒོར་གཞས་འཁྲབ་བཞིན་པ།
ཞྭ་མོ་དེ་རིགས་ནི་བཟོ་ལྟ་དམིགས་བསལ་ཆེ་བར་མ་ཟད་རིག་གནས་ཀྱི་ནང་དོན་ཟབ་མོ་མཚོན་པས། ཨ་མདོ་བའི་ཐོབ་ཐང་གི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་ལ། ཨ་མདོ་བས་དཔའ་བོར་དད་གུས་བྱེད་པ་ཡང་མཚོན་གྱིན་ཡོད། དེར་བརྟེན་ཞྭ་མོ་དེ་རིགས་ལ“དཔའ་རྒོད་ཞྭ་མོ”ཞེས་ཀྱང་བརྗོད་ཆོག
ཚེ་རྒྱལ་ཆུང་བྱིས་པའི་དུས་སུ། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ས་ཁུལ་སོ་སོའི་བར་གྱི་བརྗེ་རེས་ཀྱང་སྔར་ལས་སྟབས་བདེར་ཕྱིན་ཞིང་། དར་བཟོ་ཆེ་བའི་གྱོན་གོས་ཀྱང་ཉེ་འགྲམ་གྱི་མཚོ་སྔོན་སོགས་ནས་ཨ་མདོར་དར་ཁྱབ་བྱུང་སྟེ་གཞོན་ནུ་ཚོའི་གྱོན་ཆས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་སྲོལ་རྒྱུན་གྱི་གྱོན་གོས་ལ་དགའ་པོ་བྱེད་མཁན་རིམ་གྱིས་ཇེ་མང་དུ་ཕྱིན།
ཚེ་རྒྱལ་གྱི་ཕ་དང་སྤོ་བོ་ནི་ཨ་མདོའི་ཡུལ་དེ་གའི་སྐད་གྲགས་ཆོད་པའི་འཚེམ་བཟོ་ཆེན་མོ་བ་ཡིན། ཆུང་དུས་ནས་མིག་འདྲིས་རྣར་འཇགས་བྱུང་བ་དང་ཕ་དང་སྤོ་བོས་བཙེམས་པའི་གྱོན་གོས་གྱོན་ནས་འཚར་ལོངས་བྱུང་རྐྱེན། ཚེ་རྒྱལ་གྱིས་ཨ་མདོའི་སྲོལ་རྒྱུན་གྱི་གྱོན་ཆས་ལ་ཧ་ཅང་དགའ་པོ་ཡོད་པ་དང་ལག་རྩལ་དེ་སྟོངས་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད།
ལོ་བཅོ་བརྒྱད་ལ་སླེབས་སྐབས་ཚེ་རྒྱལ་གྱིས་ཕ་ཡི་གམ་ནས་སྲོལ་རྒྱུན་གྱོན་གོས་འཚེམ་སྟངས་སྦྱངས་པར་མ་ཟད། ཨ་མདོའི་སྲོལ་རྒྱུན་གྱོན་གོས་དང་བཟོ་རྩལ་རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་སེམས་ཐག་ཀྱང་བཅད།
སྦྱངས་མཐར་ཕྱིན་པའི་ཉིན་ནས་བཟུང་། བློ་གཅིག་སེམས་གཅིག་གིས་འཚེམ་བུའི་རྩལ་སྦྱོང་འདོད་ཡོད་མཁན་ཞིག་ཡིན་ཕྱིན་ཚེ་རྒྱལ་གྱིས་རྫོང་གྲོང་དུ་ཕོ་མོ་དབྱེ་བ་མེད་པར་རིན་མེད་ངང་སློབ་རྐྱང་བྱེད་ཀྱིན་ཡོད།
ཚེ་རྒྱལ་གྱི་ངོས་ནས་བརྗོད་ན། ལག་རྩལ་འདི་ནི་ཁོའི་འཚོ་ཐབས་ཡིན་ཡང་། “དཔའ་རྒོད་ཞྭ་མོ”དང་ཨ་མདོའི་སྲོལ་རྒྱུན་གྱོན་ཆས་ཁྱབ་གདལ་དང་རྒྱུན་འཛིན་བྱེད་མཁན་སྔར་ལས་མང་པོ་བྱུང་ཚེ་དེ་ནི་ཁོའི་ལས་ལ་འབྲས་བུ་ཐོན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། འཚེམ་བུའི་ལག་རྩལ་དངོས་སུ་སྦྱངས་པ་ནས་ད་བར་ཚེ་རྒྱལ་གྱིས“དཔའ་རྒོད་ཞྭ་མོ”དང་ཨ་མདོའི་སྲོལ་རྒྱུན་གྱོན་ཆས་བཟོ་རྩལ་རྒྱུན་འཛིན་བྱ་ཆེད། ཏག་ཏག་ལོ་ངོ་སོ་དྲུག་ལ་འབད་པ་བྱས།
ལག་ཤེས་མཁས་པ་ཚེ་རྒྱལ(གཡོན་གྱི་དང་པོ)གྱིས་དགེ་ཕྲུག་ལ“དཔའ་རྒོད་ཞྭ་མོ”བཟོ་སྟངས་ཁྲིད་བཞིན་པ།
ད་ལྟ་ཚེ་རྒྱལ་གྱིས་བསམ་པ་རྣམ་དག་དང་ལག་རྩལ་བྱང་པོར་བརྟེན་ནས་བཟོས་པའི“དཔའ་རྒོད་ཞྭ་མོ”སྐད་གྲགས་ཆོད་ཅིང་ཁྲོམ་རར་བྲིན་ཁ་ཧ་ཅང་ཆེ།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།