ཚེ་རིང་བདེ་སྐྱིད་ཀྱིས་ནུས་པ་ཡོད་ཚད་སློབ་གསོ་གོང་སྤེལ་ཐད་བཏོན།
2022.09.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ། མི་ལོ24རིང་དགེ་རྒན་གྱི་བྱ་བ་གཉེར་བའི་དགེ་རྒན་ཚེ་རིང་བདེ་སྐྱིད་ཟེར་པ་ཞིག་ཡོད། མོ་ནི་ཁྱིམ་བདག་དང་དགེ་རྒན་ཚོའི་མིག་ནང་གི་སློབ་གཙོ་བཟང་པོ་ཞིག་ཡིན།

ཡུན་རིང་བའི་སློབ་གསོ་བྱ་བའི་ཁྲོད་དུ། ཚེ་རིང་བདེ་སྐྱིད་ཀྱིས་བསམ་བློ་ཆབ་སྲིད་དང་དགེ་རྒན་གྱི་འཕེལ་རྒྱས་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སློབ་གཙོ་ཡི་མི་གཞི་ཀུན་སྤྱོད་ལེགས་པོས་རིམ་བཞིན་མི་སེམས་འགུགས་པ་དང་། སློབ་གྲྭའི་འཕེལ་རྒྱས་དམིགས་འབེན་གྱིས་མི་ལ་སྐུལ་ལྕག་གཏོང་བ། བྱ་བའི་མདུན་ལྗོངས་ཀྱིས་མི་རྣམས་ཀྱི་མིག་ལམ་དུ་གྲུབ་འབྲས་བསྟབས་པ། སློབ་རའི་རིག་གནས་ཀྱིས་མི་རྣམས་གསོ་སྐྱོང་བྱེད་པ། རྣམ་དག་བརྩེ་བས་མི་རྣམས་སྐྱོང་བའི་སློབ་སྒྲུབ་ཁྱད་ཆོས་གྲུབ་པར་བྱས་ཡོད། ཚེ་རིང་བདེ་སྐྱིད་ནི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་དང་། མགོ་ལོག་ཁུལ་རྨ་ཆེན་རྫོང་ནུབ་རྒྱུད་སློབ་གསོ་མནའ་འབྲེལ་དུམ་ཁུལ་གྱི་སློབ་གཙོ། རྨ་ཆེན་རྫོང་མི་རིགས་སློབ་ཆུང་གསུམ་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོ་བཅས་རེད། 2014ལོར་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོའི་ལས་འགན་ཁུར་བ་ནས་བཟུང་། རྒྱུན་ཆད་མེད་པར་བསམ་བློ་དང་རྩ་འཛུགས། བྱེད་སྲོལ་བཅས་འཛུགས་སྐྲུན་དང་ཏང་ཡོན་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་། སློབ་གྲྭའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། སློབ་གྲྭའི་ཏང་འཛུགས་སྐྲུན་དང་སློབ་གསོ་སློབ་ཁྲིད་སོགས་ཀྱི་བྱ་བ་ཚང་མར་འཕེལ་རིམ་གསར་པ་ཐོབ་ཅིང་ཐོད་བརྒལ་གསར་པ་མངོན་འགྱུར་བྱུང་།

སློབ་ཁྲིད་བྱ་བའི་ཁྲོད་དུ་ཚེ་རིང་བདེ་སྐྱིད་ཀྱིས་བསམ་བློ་ཆབ་སྲིད་སློབ་གསོ་དེ“གནད་འགག་ཉུང་ཤས”ནས་རྒྱ་ཆེའི་དགེ་རྒན་རྣམས་ལ་ཕྱོགས་པ་རྒྱུན་འཁྱོངས་བྱས་ཏེ། གཅིག་བསྡུས་རང་བཞིན་གྱི་སློབ་གསོ་ནས་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་རུ་རྒྱུན་བསྲིངས་ནས་སློབ་གསོའི་འོས་འགན་དོ་མཉམ་ངང་འཕེལ་རྒྱས་དང་སློབ་གསོ་སློབ་ཁྲིད་བཅོས་བསྒྱུར། སློབ་སྒྲུབ་སྤུས་ཚད་མཐོར་འདེགས་བཅས་གཏིང་ཟབ་ཏུ་སྤེལ་བར་ཤུགས་དྲག་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱས། ཁོ་མོས་ལམ་ལུགས་དང་སྒྲིག་སྲོལ་སོ་སོ་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། སློབ་ཁྲིད་ལེགས་འདེམས་དང་སློབ་ཁྲིད་བཅོས་བསྒྱུར། སློབ་ཁྲིད་ཡོ་བྱད་ཉོ་སྒྲུབ་སོགས་ཀྱི་བྱ་བ་གལ་ཆེན་གྱི་སྟེང་དུ་ཐུན་མོང་གིས་ཞིབ་འཇུག་དང་ཇུས་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ནས། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས། མང་ཚོགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། ཏང་ཡོན་དང་དགེ་རྒན་དང་མཉམ་དུ་ཁ་བརྡ་གླེང་མོལ་བྱེད་པའི་བྱ་འགུལ་རྒྱ་ཁྱབ་སྒོས་སྤེལ་ཏེ། དགེ་རྒན་རྣམས་ཀྱི་བསམ་འཆར་དང་གྲོས་འདོན་ལ་ནན་ཏན་གྱིས་ཉན་ཞིང་། དགེ་རྒན་རྣམས་ལ་བྱ་བའི་ཐད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་སེལ་རོགས་བྱས།

མཐོ་རིམ་སློབ་གྲྭའི་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བའི་ཁྲོད། མོས་གྲོས་འདོན་འཛུགས་སྒྲུབ་བྱས་པའི“ཆིང་ལན་བཟོ་འགོད”ཀྱི་དགེ་རྒན་དཔུང་སྡེ་ཡིས་སློབ་ཁྲིད་ཆུ་ཚད་མཐོར་འདེགས་གཏོང་བ་དང་དགེ་རྒན་གྱི་ལས་སྒོ་དང་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བའི་ཐད་བྱེད་ནུས་ཆེན་པོ་འདོན་སྤེལ་བྱས་པ་དང་། དུས་མཚུངས་སུ་རང་འགུལ་གྱིས་གཉོམ་ཞན་འཛིན་གྲྭ་དང་གཉོམ་ཞན་བསླབ་ཚན་ཏེ་བོད་སྐད་ཡིག་ལ་གནས་འབྲེལ་འགན་ལེན་བྱས་ཏེ། ཐེངས་དུ་མར་རྫོང་སློབ་དཔྱོད་ཁང་གི་བོད་ཡིག་སློབ་དཔྱོད་པ་གདན་ཞུ་བྱས་ནས་དགེ་རྒན་གྱི་ཆེད་ལས་འཚར་ལོངས་འབྱུང་བར་ཁྲིད་སྟོན་བྱས་པར་མ་ཟད། བོད་ཡིག་དགེ་རྒན་གྱིས་རང་རང་གི་ཆེད་ལས་ཤེས་བྱར་ཡང་བསྐྱར་སློབ་སྦྱོང་བྱེད་པ་དང་ཡང་བསྐྱར་མཐོར་འདེགས་གཏོང་བའི་བླང་བྱ་བཏོན།

ཚེ་རིང་བདེ་སྐྱིད་ནི་ཁྲིད་དཔྱོད་བྱ་འགུལ་གཅིག་ལའང་ཆད་མ་མྱོང་ཞིང་། མོས་ཆེད་ལས་ཤེས་བྱའི་ཐད་ནས་རྒྱུགས་འབྲས་མར་ལྷུང་བའི་རྒྱུ་རྐྱེན་བཙལ་བ་དང་། རོགས་སྐྱོར་འཆར་གཞི་བཟོ་བ། དུས་གཏན་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ། དུས་རིམ་བགོས་ནས་རོགས་སྐྱོར་ཕན་འབྲས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་བཅས་ཀྱི་ཐབས་ཤེས་བཏོན་པས། གཉོམ་ཞན་བསླབ་ཚན་དང་གཉོམ་ཞན་འཛིན་གྲྭའི་སློབ་ཁྲིད་དང་རྒྱུགས་འབྲས་ལ་མཐོར་འདེགས་ཆེན་པོ་བྱུང་།

ཚེ་རིང་བདེ་སྐྱིད་ཀྱིས་དགེ་རྒན་གྱི་བསམ་བློའི་ཆབ་སྲིད་དང་དགེ་རྒན་གྱི་ཀུན་སྤྱོད་དང་གུས་ལུགས་འཛུགས་སྐྲུན་དེ་གཙོ་ཆེའི་གོ་གནས་སུ་བཞག་སྟེ། ཀུན་སྤྱོད་ཀྱིས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་དངོས་འབེབས་བྱེད་པ་དང་འབྲེལ་ནས། དགེ་རྒན་གྱི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། དགེ་རྒན་གྱིས་ཀུན་སྤྱོད་བཟང་པོས་སློབ་ཁྲིད་བྱེད་པ་དང་ཀུན་སྤྱོད་གཙང་མས་རང་ཉིད་སྐྱོང་བར་སྐུལ་འདེད་བཏང་།

དུས་མཚུངས་སུ་ནན་ཏན་གྱིས་སློབ་གྲྭའི“སློབ་བྱོལ་ཚོད་འཛིན་གྱིས་སློབ་གཉེར་འགན་སྲུང་བྱེད་པ”དང་ཟླ་སྒྲིལ་རོགས་སྐྱོར་བྱ་བར་འཆར་འགོད་བྱས་ཏེ། ཧུར་ཐག་གིས་དགེ་རྒན་རྩ་འཛུགས་བྱས་ནས་ཟླ་སྒྲིལ་རོགས་སྐྱོར་ཁྱིམ་ཚང་དུ་དཀའ་ཁག་འདྲི་རྩད་བྱེད་དུ་སོང་ཞིང་། རོགས་སྐྱོར་ཁྱིམ་ཚང་གི་དཀའ་ཁག་མཐུན་སྦྱོར་དང་ཐག་གཅོད་བྱས།

མོས་སློབ་གཙོ་ཡི་ལས་འགན་ཁུར་པའི་ལོ་ངོ་བརྒྱད་ཀྱི་ནང་དུ། དགེ་བཟོ་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག སློབ་གྲྭར་སྔ་ཕྱིར“རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་ཕུལ་བྱུང་རིག་གནས་སྒྱུ་རྩལ་རྒྱུན་འཛིན་སློབ་གྲྭ”དང“རྒྱལ་ཡོངས་ཀྱི་ནར་མ་སོན་པའི་བྱིས་པའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་སྔོན་ཐོན་སྡེ་ཁག”“མགོ་ལོག་ཁུལ་མི་རིགས་མཐུན་སྒྲིལ་གསར་སྐྲུན་དཔེ་སྟོན་སློབ་གྲྭ”“རྨ་ཆེན་རྫོང་སྔོན་ཐོན་ཏང་ཀྲི་པུའུ”“རྨ་ཆེན་རྫོང་བདེ་འཇགས་སློབ་ར།”“རྨ་ཆེན་རྫོང་སློབ་ཁྲིད་སྤུས་ཚད་ཕུལ་བྱུང་སློབ་གྲྭ”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།