འབྲོག་པ་ཚེ་འཕེལ་དང་ཁོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན།
2022.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

ལོ་ནས་ལོ་བར་ཚེ་འཕེལ་གྱིས་མཇལ་ཐང་དུ་ཁོའི་མཐོང་ལམ་དུ་སྣང་བའི་གད་སྙིགས་འཐུ་བཞིན་ཡོད།

རྩྭ་ཐང་གི་གཙང་སྦྲ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཚེ་འཕེལ་བཟའ་མི་ཡོངས་ཀྱི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད།

ཚེ་འཕེལ་གླེང་སྐབས་མཇལ་ཐང་དུ་ཁོ་མི་ཤེས་མཁན་གཅིག་ཀྱང་མེད།

ཚེ་འཕེལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་སྡེ་བ་གཉིས་པ་རུ་སྐྱེས་པའི་ཁམས་པའི་ཕོ་གསར་ཞིག་ཡིན་པ་དང་། ཁོས་སྨ་ར་དང་སྐྲ་རིང་པོ་བཞག་ཡོད་ལ། གཟུགས་བོངས་ཆེ་ལ་ངོ་གདོང་ནག་པོ་ཞིག་རེད།  ཁོ་ཚང་གི་སྦྲ་གུར་དུ་སྐྱོད་སྐབས་མིག་ལམ་དུ་མངོན་པར་གསལ་བ་ནི་གྲལ་དག་པར་བསྒྲིགས་པའི་གཟི་བརྗིད་དཔང་ཡིག་དེ་དག་ཡིན་ལ། “2018ལོའི་དུས་རབས་གསར་པའི་མཚོ་སྔོན་གྱི་བརླན་སའི་བདག་སྐྱོང་པ་བཟང་པོ”དང་། “2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་མི་སྣ།” “ཀྲུང་གོའི་མི་བཟང”བཅས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་མཐོ་སྒང་དུ། ཚེ་འཕེལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་གཉེར་ནས་ལོ་བཅུ་ལྷག་ཙམ་སོང་ཤིང་། ཁོས་བབ་ཆགས་ཀྱི་བསམ་བློའི་ཕ་ཡུལ་གྱི་དྭངས་ཤིང་གཙང་བའི་སྔོ་ལྗང་རི་ཆུ་བརྟན་སྲུང་བྱེད་བཞིན་ཡོད།

ཚེ་འཕེལ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་གཉེར་རྒྱུའི་འདུན་པ་ཇི་ལྟར་སྐྱེས་པ་ཡིན་ནམ།

ཚེ་འཕེལ་གྱིས་བཤད་རྒྱུར། 2010ལོའི་དཔྱིད་ཀའི་ཉིན་ཞིག་ལ། ཁོས་དུས་རྒྱུན་ལྟར་ཕྱུགས་འཚོ་བཞིན་ཡོད། ཉིན་དེ་དག་རིང་ལ། རྩྭ་ཐང་སྟེང་གི་ནོར་ལུག་སྐོར་ཞིག་ཡ་མཚན་ཆེན་པོས་ཤི་བཞིན་ཡོད། དོན་དེར་ཁོ་རང་དོགས་པ་སྐྱེ་བཞིན་གནད་དོན་བཙལ། ཉིན་ཞིག་ལ། ཁོས་གཞི་ནས་རྒྱུ་མཚན་ཤེས་སོང་། “ནོར་གནག་སྤྱང་ཀིས་བསད་པ་ཡིན་ན།ཤ་གཙང་མ་ཡིན་པས་ཟས་ཆོག་མོད། འོན་ཀྱང་ང་རང་ཉེ་སར་བཅར་དུས་ནོར་གནག་གི་ནང་ཁྲོལ་ཕལ་ཆེར་ཆ་ཚང་བར་བཞག་ཡོད། འདི་ནི་གནས་ལུགས་དང་མི་མཐུན”ཟེར་ཞོར། ཚེ་འཕེལ་གྱིས་ནོར་གནག་གི་ཕོ་བའི་ནང་དུ་འཇུ་དཀའ་བའི་འགྱིག་ཤོག་གི་རིགས་མཐོང་། དེའི་རྗེས། ཁོས་རྩྭ་ཐང་སྟེང་གི་ནོར་ལུག་ཤི་རྗེས་ཕོ་བའི་ནང་གི་དངོས་པོར་བརྟག་དཔྱད་ཞིབ་ཚགས་བྱས་པ་དང་འབྲེལ་བསྡོམས་ཚིག་ཀྱང་ཐོབ་ལ། འགྱིག་ཤོག་དེ་དག་ཟོས་པས་ཕྱུགས་ཟོག་ཤི་བའི་སྣང་ཚུལ་བྱུང་བ་རེད།

མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་སོང་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྟབས་བདེ་རུ་སོང་བ་དང་བསྟུན་ནས། རྩྭ་ཐང་དུ་སྡོད་པའི་འབྲོག་པས་ཀྱང་ཕུན་སུམ་ཚོགས་པའི་འཚོ་བའི་མཁོ་ཆས་ཉོ་ཐུབ་ཀྱིན་ཡོད་མོད། འོན་ཀྱང་གྲངས་ལས་འདས་པའི་འགྱིག་ཁུག་ཀྱང་རྩྭ་ཐང་དུ་འཕེན་བཞིན་ཡོད། རླུང་བུ་དང་བསྟུན་ནས་འཕུར་བའི་འགྱིག་ཤོག་གིས་ཉམས་ཞན་གྱི་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་ཉེན་ཁ་བཟོ་བཞིན་ཡོད།

རྩྭ་ཐང་ལ་དགའ་ཞེན་ཆེན་པོ་ཡོད་པའི་ཚེ་འཕེལ་གྱིས་འགྱིག་ཤོག་གད་སྙིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བར་སེམས་ཁྲལ་བྱེད་པ་དང་། ཐ་ན་གཉིད་ཀྱང་མི་ཁུག་པའི་ཚོར་སྣང་བྱུང་ནས་མཇལ་ཐང་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་དད་སེམས་སྐྱེས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས། དུས་དེ་ནས་བཟུང་། ཡངས་ཤིང་རྒྱ་ཆེ་བའི་མཇལ་ཐང་རྩྭ་ཐང་དུ་ཁོས་དཀའ་ངལ་ཁྱད་བསད་བྱས་ཏེ། ལོ་ནས་ལོ་དང་ཉིན་རེར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་མཇལ་ཐང་རྩྭ་ཐང་སྟེང་གི་འགྱིག་ཤོག་སོགས་གད་སྙིགས་འཐུ་བཞིན་ཡོད་ལ། ཁོས་ལོ་བཅུ་ལྷག་ཙམ་ལ་རྒྱུན་འཁྱོངས་བྱས་པ་རེད།

ཞོགས་པའི་ཉི་འོད་ཤར་རིའི་རྩེ་ནས་འཕགས་པ་དང་ལྷན་དུ། ཚེ་འཕེལ་གྱིས་རང་ཁྱིམ་གྱི་འཁོར་བཞིའི་གློག་སྒུལ་འཕྲུལ་འཁོར་བསྐོར་ནས་གད་སྙིགས་འཐུ་འགོ་རྩོམ་བཞིན་ཡོད། མི་ལ་ལས་བཤད་རྒྱུར། “ཁྱོད་རང་མིང་དུ་གྲགས་འདོད་པ་ཡིན་ནམ།” ཚེ་འཕེལ་དགོད་ཞོར་སྐད་ཆ་གཅིག་ཀྱང་མ་བཤད། ཁྱིམ་མིས་ཀྱང“མི་གཞན་གྱི་སྐྱེས་པར་ལྟོས་དང་། ཚང་མས་སྒོར་མོ་བཙལ་བཞིན་ཡོད། ཁྱོད་ཀྱིས་ཉིན་རེར་གད་སྙིགས་དེ་དག་འཐུས་ནས་ཅི་བྱེད”ཅེས་འཁང་ར་བྱས་མྱོང་། ཚེ་འཕེལ་གྱིས་ངང་རྒྱུད་རིང་པོས་འགྲེལ་བཤད་བྱས་པར་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁྱིམ་མི་ཚོའི་བློ་ཁ་བསྒྱུར་བཞིན་ཡོད། ཁོས་རང་ཉིད་ཀྱིས་འགྱིག་ཤོག་དང་ལྕགས་ལེབ། ཤེལ་དམ་སོགས་ག་འདྲ་ཞིག་བཏུས་ཡོད་པ་ཡིད་ལ་མི་དྲན། གད་སྙིགས་རླངས་འཁོར་གཅིག་བཏུས་རྗེས་ཁོས་ངལ་གསོ་ཅུང་ཙམ་བྱེད་པ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ལ་ལྟ་བཞིན་དུ“ཆུང་དུས་ཀྱི་རྩྭ་ཐང་ལ་གད་སྙིགས་འདི་དག་མེད་པ་དང་། རྗེས་ཕྱོགས་ཡང་གཏན་ནས་ཡོད་མི་རུང”ཞེས་ཁེར་བཤད་བྱེད་བཞིན་འདུག

2016ལོར། ཁྱིམ་གྱི་གསོག་དངུལ་དང་རེ་ཞུ་བྱས་པའི་དངུལ་བུན་འཁྱེར་ནས་ཞིང་སྤྱོད་རླངས་འཁོར་གསར་བ་ཞིག་ཉོས་པ་རེད། གཅིག་ནས་འཁོར་བཞིའི་གློག་སྒུལ་འཕྲུལ་འཁོར་ལ་ཆག་སྐྱོན་ཤོར་ནས་མུ་མཐུད་དུ་བཀོལ་སྤྱོད་བྱེད་མི་ཐུབ་པ་དང་། གཉིས་ནས་སྒུལ་ཤུགས་སྔར་ལས་ཆེ་བའི་ཞིང་སྤྱོད་རླངས་འཁོར་གྱིས་ཁོ་ལ་མུ་མཐའ་བྲལ་བའི་རྩྭ་ཐང་སྲུང་སྐྱོབ་བྱེད་རོགས་བྱེད་ཐུབ།

ལོ་རེའི་རྟ་རྒྱུག་དུས་ཆེན་ནི་ཚེ་འཕེལ་བཟའ་མི་ཡོངས་ཆེས་བྲེལ་འཚུབ་ཆེ་བའི་དུས་ཤིག་ཡིན་པ་དང་། ཁོ་ཚོས་འཁྲབ་སྟོན་ལ་བལྟ་བར་བྲེལ་བ་མ་ཡིན་པར། ཁོས་བཟའ་མི་གང་བོའི་སྣེ་ཁྲིད་དེ་གད་སྙིགས་འཐུ་རུ་འགྲོ་བཞིན་པ་དེ་རེད། སྤྲོ་སྐྱིད་ལྡན་པའི་དུས་ཆེན་རོལ་ཚར་རྗེས་རྩྭ་ཐང་སྟེང་གད་སྙིགས་མང་པོ་ཐོན་སྲིད། ཁོ་རང་དགའ་ཞིང་བློ་བདེ་རུ་འཇུག་པ་ནི་བྱིས་པ་རྣམས་ཀྱིས་ཁོའི་བྱ་བར་རྒྱབ་སྐྱོར་བྱེད་པ་དེ་རེད།

“རྩྭ་ཐང་སྟེང་ངའི་ཨ་ཕའི་སེམས་པ་ཧ་ཅང་དྭངས་གཙང་ཡིན།” ཆུང་བྱིས་པའི་དུས་ནས་མཇལ་ཐང་རྩྭ་ཐང་དུ་ནར་སོན་པའི་དཀོན་མཆོག་ལྷ་མོས་ཨ་ཕ་དང་མཉམ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱིན་ཡོད། 2021ལོར། ལོ་བཅུ་གཅིག་ལ་སླེབས་པའི་དཀོན་མཆོག་ལྷ་མོ་སྐབས་དང་པོའི“དུས་རབས་གསར་པའི་མཚོ་སྔོན་གྱི་གཞོན་ནུ་བཟང་པོར”བདམས་པ་རེད། “རྩྭ་ཐང་གི་བུ་ཕྲུག་ཚོས་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱས་པ་ཡིན་པས། འདི་དག་ཚང་མ་ངས་སྒྲུབ་འོས་པ་ཞིག་རེད”ཅེས་དཀོན་མཆོག་ལྷ་མོས་དེ་ལྟར་བཤད།

བྱིས་པ་ནི་ཕ་མའི་སྙིང་གི་ཐིག་ལེ་ལྟ་བུ་ཡིན་པ་དང་། བྱིས་པའི་སྐོར་གླེང་སྐབས་ཚེ་འཕེལ་ཞི་འཇམ་དུ་གྱུར་ལ། “ལོ་རེའི་རྟ་རྒྱུག་དུས་ཆེན་སོགས་ཚོགས་སྐབས་མི་གཞན་གྱི་བྱིས་པ་ཚང་མས་མཛེས་ལ་གཙང་བའི་གྱོན་ཆས་གྱོན་ནས་ཞིམ་པའི་ཟས་རིགས་སྣ་ཚོགས་ཟ་བ་དང་རྩེད་མོ་རྩེ་བཞིན་འདུག ངའི་བྱིས་པས་གྱོན་གོས་བཙོག་པ་གྱོན་ནས་བྱ་འགུལ་སྤེལ་ཡུལ་དུ་གད་སྙིགས་འཐུ་བཞིན་ཡོད”ཅེས་བཤད་སྐབས་ཁོའི་མིག་ལམ་དུ་མཆི་མ་འཁོར་བཞིན་འདུག ཁོའི་ཆེས་ཆུང་བའི་བྱིས་པ་ལོ་ལྔ་ཡིན་པ་དང་གོམ་པ་འཁྱར་འཁྱོར་ཙམ་མ་གཏོགས་འགྲོ་མི་ཐུབ་མོད། འོན་ཀྱང་ཕུ་བོ་དང་ཨ་ཅེའི་རྗེས་སུ་འབྲངས་ནས་སྙིང་རྗེ་བའི་ལག་པ་ཆུང་ཆུང་དེས་གད་སྙིགས་འཐུ་བཞིན་ཡོད། ད་ལྟ། ཁོ་ཚང་གི་བཟའ་མི་ཚང་མ་སྐུལ་སློང་བྱས་ནས་གཟའ་མཇུག་དང་གུང་གསེང་།  དབྱར་དགུན་གནང་བཅས་ཀྱི་སྐབས་སུ་ཚེ་འཕེལ་དང་མཉམ་དུ་རྩྭ་ཐང་སྟེང་གད་སྙིགས་འཐུ་བཞིན་བྱིས་པ་ཚོ་ཡང་ཧ་ཅང་དགའ་བཞིན་ཡོད། རྒྱུ་མཚན་ནི་ཁོ་ཚོས་ཨ་ཕས་རླབས་ཆེན་གྱི་བྱ་བ་ཞིག་སྒྲུབ་བཞིན་ཡོད་པ་ཤེས་ཡོད།

ད་ལྟ། ཚེ་འཕེལ་གྱི་འཚོ་བ་རོལ་སའི་རྩྭ་ཐང་ཇེ་གཙང་དུ་གྱུར་བ་དང་ནོར་ལུག་ཡང་ཇེ་མང་དུ་ཕྱིན་ཡོད་པས། ཉེ་འགྲམ་གྱི་སྡེ་མི་ཡང་གཅིག་རྗེས་གཉིས་མཐུད་ངང་གད་སྙིགས་འཐུ་བའི་གྲལ་དུ་ཞུགས་ནས། ཚེ་འཕེལ་དང་འདྲ་བར་རྩྭ་ཐང་སྲུང་སྐྱོབ་དང་ཁོ་ཚོའི་སེམས་ནང་གི་དྭངས་གཙང་གི་གནས་དེ་སྲུང་སྐྱོབ་བྱེད་བཞིན་མཆིས།

ཚེ་འཕེལ་གྱི་གཏམ་རྒྱུད་མཇལ་ཐང་རྩྭ་ཐང་དུ་ཁྱབ་ཡོད། མི་ལ་ལ་ཞིག་གིས་ཁོ་ལ“ཁྱོད་ཀྱིས་འདི་ལྟར་བྱེད་དོན་ཅི་ཡིན”ཞེས་དྲིས་མྱོང་། ཁོས་རྩྭ་ཐང་གི་བུའི་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པས“རྒྱུ་མཚན་གང་ཡིན་ནམ”ཞེས་འདྲི་ག་ལ་དགོས། ཕྱིས་སུ་ཁོས་དེ་ནི“ཉེན་ཁའི”བརྡ་རྟགས་ཤིག་ཡིན་པའི་ངོས་འཛིན་བྱས་པ་དེའི་ཐོག་ནས་མི་མང་པོ་ཞིག་གིས་རྩྭ་ཐང་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ད་དུང་ཤེས་ཀྱིན་མེད། ཁོས་མི་རྣམས་ལ་མཐོ་སྒང་གི་སྐྱེ་ཁམས་ཉམས་ཞན་རང་བཞིན་དང་རྩྭ་ཐང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པའི་རྒྱུ་མཚན་གང་ཡིན་ཞེས་ཚང་མར་ཤེས་སུ་འཇུག་བཞིན་ཡོད།

ཁྲི་འདུ་མཇལ་ཐང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། གནས་དེ་རུ་སྐྱེ་དངོས་རིགས་ཀྱི་སོན་རྒྱུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་། རི་ཆུའི་རང་བྱུང་སྲུང་སྐྱོབ་ལྟེ་གནས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ནས། ཚེ་འཕེལ་གྱི་ཕ་ཡུལ་མཇལ་ཐང་རྩྭ་ཐང་གི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་ཡོད། མི་རྣམས་ཀྱིས་ཇི་ལྟར་བྱས་ནས་མཐོ་སྒང་གི་གླིང་སྣེའི་དྭངས་གཙང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་དོ་ཁུར་དང་གྲོས་བསྡུར་བྱེད་སྐབས། ཚེ་འཕེལ་གྱིས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྩིས་ནས་ཞིབ་འཇུག་བྱས་པ་མ་ཟད། “འབྲོག་པ་ནི་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོབ་བྱེད་པར་མེད་དུ་མི་རུང་བའི་གཞི་རྒྱུ་ཞིག་རེད”ཅེས་སྡོམ་ཚིག་བཀོད་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ས་གནས་དེ་གའི་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། འབྲོག་པ་གཙོ་བོ་བྱས་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་འཛུགས་སྐྲུན་ལ་གཞོལ་བ་དང་། འབྲོག་པས་སྐྱེ་ཁམས་སྲུང་སྐྱོབ་དང་སྡེ་ཁུལ་དོ་སྙོམས་འཕེལ་རྒྱས། དེ་མིན་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྐྱེ་དངོས་རིགས་སྲུང་སྐྱོབ་དང་། སྡེ་ཁུལ་འཕེལ་རྒྱས། འབྲོག་པའི་ཡོང་འབབ་འཕར་བ་བཅས་མཉམ་འགུལ་བཟང་པོ་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། འབྲོག་པ་ནི་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོབ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁོ་ཚོ་ནི་ཐོན་སྐྱེད་བྱེད་མཁན་ཡིན་ལ་སྲུང་སྐྱོབ་བྱེད་མཁན་ཡང་ཡིན་པ་དང་། ཚེ་འཕེལ་ནི་མཐོ་སྒང་དུ་འཚོ་སྡོད་བྱེད་མཁན་ཡིན་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ནང་ཞུགས་པའི་བསྡུས་རིས་དང་མཚོན་བྱེད་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱས་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།