ཕྱུག་འགྱུར་ལམ་བུའི་སྟེང་གི་ཧྲུའུ་ཅི་བཟང་བོ།
2022.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

--ཏང་གི་ཚོགས་ཆེན་ཉི་ཤུ་བའི་འཐུས་མིའམ་ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་ཏུང་ཏ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉིག་ཧྲིན་ཡུག་གི་གནས་ཚུལ་བཀོད་པ།

ཉིག་ཧྲིན་ཡུག་གསོ་སྤེལ་མཉམ་ལས་ཁང་དུ་ཡོད་པ།

ཤ་མདོག་ནག་པོར་གྱུར་བ་ནི་ཁོ་རང་རྒྱུན་པར་ཕྱི་རོལ་དུ་འགྲོ་རྒྱུག་མང་བས་རྐྱེན་ཡིན་ལ།སྐད་མགོ་མཐོ་བ་ནི་ཁོས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་ཡིད་ཆེས་ཀྱི་མཚོན་བྱེད་ཅིག་ཡིན་ཞིང་། སྐད་ཆ་གསལ་བ་ནི་ཁོས་གྲོང་གསེབ་དར་སྤེལ་གྱི་རྒྱང་རིང་གི་དམིགས་འབེན་མངོན་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པའི་མཚོན་ཚུལ་ཞིག་ཡིན།དེ་ནི་ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་ཏུང་ཏ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཉིག་ཧྲིན་ཡུག་གིས་གསར་འགོད་པར་བཞག་པའི་བག་ཆགས་ཤིག་རེད།

ཏུང་ཏ་སྡེ་བའི་སྡེ་མི་རྣམས་ལ་མཚོན་ན། ཉིག་ཧྲིན་ཡུག་ནི་ཁོ་ཚོའི་ཀྲི་པུའུ་ཧྲུའུ་ཅི་བཟང་པོའམ“ཁྱིམ་བདག”ཡག་པོ་དེ་ཡིན། ཁོ་ཡོད་ཚེ། བྱ་བ་གང་ཞིག་སྒྲུབ་པར་བརྟེན་ས་ཡོད་པ་དང་། ཁོ་ཡོད་ཚེ། འཚོ་བ་ལ་རེ་སྙེག་ཡོད་ཅིང་། ཁོ་ཡོད་ཚེ། མ་འོངས་པར་རེ་བས་ཁེངས་ཡོད།

སྡེ་མི་ཚོས་ཁོ་ལ་དེ་འདྲའི་གདེང་འཇོག་ཚད་མཐོན་པོར་བྱེད་དོན་ནི་ལོ་འདི་འགའི་རིང་ལ་ཁོས་ནན་ནན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་པར་བསྟེན་སྡེ་བ་ཧྲིལ་བོ་མངོན་སུམ་གྱིས་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་རེད།

“ཏུང་ཏ། ཏུང་ཏ། སད་ཀྱིས་མ་བཅོམ་ན་སེར་བས་རྡུང་ངེས”ཞེས་པ་དེ་ནི་སྔོན་ཆད་ཏུང་ཏ་སྡེ་བས་མི་རྣམས་ལ་བཞག་པའི་བག་ཆགས་ཤིག་ཡིན། མཚོ་སྔོན་པོའི་ཤར་ཕྱོགས་སུ་གནས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་ཏུང་ཏ་སྡེ་བ་ནི་གྲང་ངར་ཆེ་ཞིང་ཆར་ཆུ་དཀོན་པ།ས་གཤིས་ཞན་ཞིང་མང་ཚོགས་དབུལ་བ།ས་གནས་ཀྱི་ཆ་རྐྱེན་ཞན་པ་བཅས་ཀྱི་དབང་གིས་སྡེ་བའི་འཕེལ་རྒྱས་ལ་ཚད་བཀག་ཆེན་པོ་ཐེབས་པ་དང་།མང་ཚོགས་ཀྱི་ཡོང་སྒོའི་ཐབས་ལམ་སྣ་གཅིག་ཡིན་པ།སྡེ་བའི་རྣམ་པ་རྙིང་ཞིང་ངན་ངོན་ཡིན་པ།སྡེ་བའི་ཐུན་མོང་དཔལ་འབྱོར་སྟོང་ཆ་ཡིན་པ་བཅས་ཀྱིས་ཐག་ཉེ་རིང་ཀུན་ཏུ་མིང་དུ་གྲགས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན།

ཉིག་ཧྲིན་ཡུག་གིས་རང་ཉིད་སྐྱེ་ས་སྐྱེས་ཡུལ་གྱི་གནས་འདི་ནི་དེ་འདྲའི་དབུལ་ཞིང་ཉམ་ཐག་པ་ཞིག་ཡིན་པར་གསལ་བོར་རྟོགས་ཡོད་པས།ཕྱི་རོལ་དུ་སྐྱེལ་འདྲེན་དང་ནོར་ལུག་ཕྱིར་འཚོང་ཁོ་ན་གཉེར་བའི་སྲོལ་རྒྱུན་གསོ་སྤེལ་གྱིས་ཡུལ་མི་ཚོ་ཕྱུག་པོར་འགྱུར་དཀའ་བ་ཁོས་སྔར་ལས་རྟོགས་ཐུབ་པ་བྱུང་། 2010ལོར། ཉིག་ཧྲིན་ཡུག་ཏུང་ཏ་སྡེ་བའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་ཨུ་ཡོན་ལ་བདམས་ནས་རྩ་འཛུགས་བྱ་བའི་འགན་འཁུར། དུས་དེ་ནས་བཟུང་། ཕ་ཡུལ་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བ་དང་། མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བྱ་རྒྱུ་དེ་ཉིག་ཧྲིན་ཡུག་གི་ཕུགས་འདུན་ཞིག་ཏུ་གྱུར།

2014ལོར་ཉིག་ཧྲིན་ཡུག་ཏུང་ཏ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས། ཁོ་རང་སྡེ་བའི་འཕེལ་རྒྱས་ཀྱི“སྣེ་ཁྲིད་པ” ཞིག་ཡིན་པའི་ཆ་ནས་ཁོའི་ཕྲག་སྟེང་དུ་ཡུལ་མི་ཚོའི་རེ་སྒུག་དང་། ཏུང་ཏ་སྡེ་བ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྣེ་ཁྲིད་བྱེད་པའི་འགན་འཁྲི་ལྗིད་མོ་འཁུར་དགོས་པ་གསལ་པོར་ཤེས་ཀྱི་ཡོད།

ཀྲི་པུའུ་སྟོབས་ལྡན་ཡིན་མིན་དེ་གནད་འགག་ཀྲི་པུའུ་ཧྲུའུ་ཅི་ལ་རགས་ལས་པ་དང་། སྡེ་བ་ཕྱུག་པོ་ཡིན་མིན་དེ་གནད་འགག་ཀྲི་པུའུ་ལ་ཐུག་ཡོད།

མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་ཐབས་ལམ་འཚོལ་སྙེགས་བྱེད་ཆེད། ཉིག་ཧྲིན་ཡུག་གིས་ཐོག་མར་ཏང་ཀྲི་པུའུ་ཡི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནས་དམ་པོར་བཟུང་བ་དང་། ཏང་ཡོན་ཁ་ཤས་ཀྱིས་ཏང་ཡོན་གྱི་འོས་འགན་མི་འཁུར་བ་དང་། སྔོན་ཐོན་དཔེ་སྟོན་གྱི་ནུས་པ་མི་འདོན་པ། ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དོ་དམ་དང་སྣང་འཇོག་མི་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།ཁོས་ཏང་ཀྲི་པུའུ་ཡི་ཏང་ཡོན་ལ“བྱ་བ་བཟང་པོ་དང་བྱ་བ་ངན་པ་གང་སྒྲུབ་རུང་སྐར་གྲངས་རྒྱག་པའི་ལམ་ལུགས”འཚོལ་ཞིབ་དང་ལག་བསྟར་བྱས་ནས “བྱ་བ་བཟང་པོར་སྒྲུབ་པ་དང་བྱ་བ་ངན་པ་སྒྲུབ་པའི”ཐོབ་སྐར་དེ་མང་ཚོགས་ཀྱི་དཔྱད་འཇོག་སྐར་གྲངས་དང་། ཏང་ཡོན་གྱིས་ཕན་ཚུན་ལ་དཔྱད་འཇོག་བྱས་པའི་སྐར་གྲངས་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་གྱིས་རང་འགུལ་ངང་དོན་བཟང་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པར་ཁྲིད་སྟོན་བྱས་ནས་ཟླ་རེར་ཏང་ཡོན་གྱི་སྤྱོད་ཚུལ་དངོས་ལ་གཞིགས་ནས་གཅིག་གྱུར་གྱིས་སྐར་གྲངས་དཔྱད་བསྡུར་དང་གཅིག་གྱུར་གྱིས་སྐར་མ་བརྒྱབ་ཏེ། ལོ་མཇུག་ཏུ་དཔྱད་འཇོག་སྐར་གྲངས་ཀྱི་མཇུག་འབྲས་གཞིར་བཟུང་ནས་ཏང་ཡོན་ལ་བྱ་དགའ་དང་ཆད་པ་གཅོད་རྒྱུ་བྱས།

བྱེད་ཐབས་འདིས་ཏང་ཡོན་སྡེ་བའི་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དང་བླངས་ཞབས་ཞུ་བའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་པ་དང་། ཏང་ཡོན་གྱི་གཟི་བརྗིད་ཚོར་སྣང་དང་འགན་འཁྲིའི་ཚོར་སྣང་འཕེལ་བར་ངར་སྐུལ་བྱས་ནས“ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་སྔོན་ལ་དཔེ་སྟོན་བྱེད་པ། མང་ཚོགས་ཧུར་ཐག་གིས་ཞུགས་པ”བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་པར་བྱས་ཏེ།  ཏང་ཀྲི་པུའུ་ཡི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། འཐབ་རྩོད་ནུས་ཤུགས་བཅས་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན་ནས་སྡེ་བ་ཡོངས་ཀྱི་བྱ་བ་སོ་སོ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པའི་འཐབ་འཛིང་བཙན་རྫོང་ཞིག་ཏུ་སྐྲུན།

2016ལོ་དང་2021ལོར། ཏུང་ཏ་སྡེ་བའི་ཏང་ཀྲི་པུའུ་སྔ་གཞུག་ཏུ་ཐེངས་གཉིས་ལ་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་སུ་བདམས་པ་རེད།

གྲོང་གསེབ་འཕེལ་རྒྱས་གཏོང་བར་ཐོན་ལས་ནི་འགག་རྩ་ཡིན།

ཏུང་ཏ་སྡེ་བ་ནི་ཞིང་ཕྱུགས་གཉིས་ཀ་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། གསོ་སྤེལ་ལས་རིགས་ནི་སྡེ་བའི་ཐོན་ལས་གཙོ་བོ་ཡིན། ཡིན་ནའང་། སྐབས་དེར་སྡེ་མི་ཚོས་སྲོལ་རྒྱུན་གྱི་ཁ་ཐོར་གསོ་སྤེལ་བྱེད་སྟངས་བཀོལ་བཞིན་ཡོད་པས།དཔལ་འབྱོར་ཕན་འབྲས་དམའ་བ་དང་། ཉེན་ཁ་འགོག་པའི་ནུས་པ་ཞན་པ། གསོ་སྤེལ་ཁོར་ཡུག་ཞན་པ་བཅས་ཀྱི་གནད་དོན་མི་ཉུང་བ་ཞིག་ཡོད་པ་རེད།དེར་བརྟེན་ཉིག་ཧྲིན་ཡུག་གིས་གསོ་སྤེལ་ཁུལ་དང་སྡེ་མིའི་འཚོ་བ་རོལ་སའི་ཁུལ་ལོགས་སུ་དབྱེ་ནས་གསོ་སྤེལ་དྲོད་ཁང་ཆེན་མོ་ཞིག་གསོ་བྱས་ཏེ། ཁྱིམ་ཚང་སོ་སོའི་ནོར་ལུག་གཅིག་སྡུད་བྱས་ནས་གཞི་ཁྱོན་ཆེན་པོའི་གསོ་སྤེལ་ལག་བསྟར་བྱས།

ཁ་བཤད་དོན་ལ་གནས་པ་སྟེ།ཁོས་མུ་མཐུད་དུ་ཀྲི་པུའུ་ཨུ་ཡོན་གྱི་ཚོགས་འདུ་དང་། ཏང་ཡོན་ཚོགས་འདུ། སྡེ་མིའི་ཚོགས་འདུ་སོགས་རྩ་འཛུགས་བྱས་ཏེ་བསམ་འཆར་བསྡུ་ལེན་བྱས་པས། ཚང་མ་མཉམ་གཅིག་ཏུ་ཡིད་འཐད་བྱུང་བ་རེད།

སྡེ་མིའི་རྒྱབ་སྐྱོར་ཐོབ་རྗེས། ཁོའི་ངར་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད། ཁོས་སྣེ་ཁྲིད་དེ་འཆར་འགོད་དང་ལས་གཞི་བརྩོན་ལེན་བྱས་པ་དང་། མ་དངུལ་དུས་ལྟར་མ་ཐོན་ཚེ།སྡེ་བའི་ནང་གི་ཆ་རྐྱེན་བཟང་པོའི་མི་སྐུལ་སློང་བྱས་ཏེ་སྔོན་ལ་མ་དངུལ་གཏོང་དུ་བཅུག་ནས་ཞིག་གསོ་བྱས་པ་དང་། ལོ་གཅིག་མ་འགོར་བར། གསོ་སྤེལ་ར་བ་འཛུགས་སྐྲུན་བྱས་ནས་བཀོལ་སྤྱོད་བྱས་ཤིང་། དྲོད་ཁང་ཉི་ཤུ་སྐྲུན་ཡོད་པ་རེད། དེ་དང་ཆབས་ཅིག ཉིག་ཧྲིན་ཡུག་གིས་ལོ་མང་པོའི་སྔོན་ལ་ནོར་ལུག་ཕྱིར་འཚོང་བྱེད་པའི་སྐབས་ཀྱི་མིའི་འབྲེལ་བ་དང་ཆ་འཕྲིན་ལ་བརྟེན་ནས་ནོར་ལུག་ཉོ་ཚོང་གི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ཏེ། གསོ་སྤེལ་ཁྱིམ་ཚང་ལ་ཕྱིར་འཚོང་བྱེད་རོགས་བྱས། ཁོས་ད་དུང་དབུལ་ཕོངས་ཁྱིམ་ཚང་གིས་གསོ་སྤེལ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་པ་དེས་སྡེ་བ་ཡོངས་སུ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ཁྱིམ་ཚང་དྲུག་ཅུ་རེ་བདུན་ལ་སླེབས་པ་དང་། ཁྱིམ་ཚང་ཚང་མའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་བརྒྱད་ལྷག་ལ་སླེབས།

མི་འདུག་ས་དང་ཕྱུགས་གསོ་ས་གཉིས་སོ་སོར་བཀར་བ་དང་། རྒྱུད་བཟང་ལུག་འདེམས་གསོ།ཕན་འབྲས་མཐོ་བའི་གསོ་སྤེལ་སོགས་ལག་བསྟར་བྱེད་པ་བརྒྱུད་དེ། རིམ་བཞིན་ཏུང་ཏ་སྡེ་བའི་གསོ་སྤེལ་གཞི་ཁྱོན་རྒྱ་སྐྱེད་པ་དང་། སྡེ་མིའི་ཡོང་སྒོ་ཇེ་མཐོར་སོང་ལ། སྡེ་བའི་ཁོར་ཡུག་ལའང་འགྱུར་ལྡོག་བྱུང་།

2017ལོར། ཏུང་ཏ་སྡེ་བས་དབུལ་ཕོངས་ཀྱི་ཞྭ་མོ་རྦད་དེ་ཕུད་ཅིང་། ཉིག་ཧྲིན་ཡུག་ཀྱང་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་ལ་བདམས་པ་རེད།

གསོ་སྤེལ་ལས་རིགས་ཐད་གྲུབ་འབྲས་བཟང་པོ་བླངས་རྗེས། ཉིག་ཧྲིན་ཡུག་གིས་ཡང་བསྐྱར་ཁྱིམ་མཚེས་སྡེ་བའི་བྱེད་ཐབས་མིག་དཔེར་འཛིན་དགོས་པའི་རེ་བ་བཏོན་ཏེ། སྡེ་བ་ཡོངས་ཀྱི་ས་ཞིང་མུའུ་སྟོང་གསུམ་དང་བརྒྱད་བརྒྱ་དགུ་བཅུ་ཙམ་ཡོད་པ་དེ་སྡེ་བའི་ཐུན་མོང་ཆེད་ལས་མཉམ་ལས་ཁང་ལ་བཅོལ་ནས་འདེབས་འཛུགས་བྱེད་པར་སྤྲད་པ་དང་། ས་ཞིང་འདེབས་པའི་བྱ་བ་མཉམ་ལས་ཁང་ལ་སྤྲད་ཅིང་། སྡེ་མི་རྣམས་ལ་ལོ་མཇུག་ཏུ་ཡོང་སྒོ་བགོ་རྒྱུ་ཡོད་པ་དང་། ཁོམ་དུས་གསོ་སྤེལ་གཉེར་བ་དང་། ཕྱི་ལ་སོང་ནས་ཞོར་ལས་གཉེར་ནས་ཡོང་སྒོ་འཕར་བའི་ཐབས་ལམ་མུ་མཐུད་དུ་རྒྱ་སྐྱེད།

ཅང་མ་འགོར་བར་སྡེ་བའི་ཐུན་མོང་ཆེད་ལས་མཉམ་ལས་ཁང་དང་སྡེ་མི་རྣམས་ཀྱིས་ས་ཞིང་འཁོར་སྐྱོད་ཀྱི་གྲོས་མཐུན་ཡི་གེའི་སྟེང་མིང་བཀོད་པ་དང་། སྡེ་མི་ཡོངས་ཀྱིས་རྨོ་ཞིང་མཉམ་ལས་ཁང་དུ་སྤྲད་དེ་ལས་གཉེར་བྱེད་དུ་བཅུག 2019ལོའི་ལོ་མཇུག་ཏུ་སྡེ་མི་རྣམས་ལ་ཐེངས་དང་པོར་ཡོང་སྒོ་བགོ་བཤའ་བརྒྱབ་པ་དང་། མུའུ་རེ་ལ་ཆ་སྙོམས་སྒོར་མོ 300ལྷག་བགོས་པ་དང་། འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཁ་ཤས་ཀྱིས་དུས་ཡུན་རིང་བོར་སྡེ་བའི་ཐུན་མོང་ཆེད་ལས་མཉམ་ལས་ཁང་དུ་ཞོར་ལས་གཉེར་བཞིན་ཡོད་པ་དང་། ཁྱིམ་ཚང་རེའི་ལོ་རེའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་ལ་སླེབས་ཡོད་པ་རེད།

ལོ་ངོ་གསུམ་རིང་ལ་འཁོར་སྐྱོད་བྱས་པ་བརྒྱུད། སྡེ་བའི་ཐུན་མོང་ཆེད་ལས་མཉམ་ལས་ཁང་ལ་བཅོལ་ནས་ས་ཞིང་བདག་གཉེར་བྱེད་དུ་བཅུག་པ་དང་། གཞི་ཁྱོན་ཅན་དང་། འཕྲུལ་ཆས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ལམ་དུ་བགྲོད་པའི་བྱེད་ཐབས་ཀྱིས་སྡེ་མིའི་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་སྐྱེད་ཅིང་། མི་སྒེར་གྱི་ཡོང་སྒོ་འཕར་སྣོན་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་གཉིས་རྒྱལ་དམིགས་འབེན་མངོན་འགྱུར་བྱུང་།

2021ལོར། ཏུང་ཏ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་སྒོར་མོ་འབུམ་གསུམ་དང་ཁྲི་ལྔ་ལ་སླེབས་པ་དང་། རྫོང་ཡོངས་སུ་སྐད་གྲགས་ཆོད་པའི“གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བར”གྱུར་ཡོད།

ཉིག་ཧྲིན་ཡུག་གི་སྣེ་ཁྲིད་འོག ད་ལྟའི་ཏུང་ཏ་སྡེ་བས“ས་གྱང་བཤིག་ནས་སོ་ཕག་གི་གྱང་བརྩིགས་པ་དང་། ཁང་བ་གསར་བ་བསྐྲུན་ནས་མནའ་མ་བླངས།”སྡེ་མིའི་ཡོང་སྒོ་ཇེ་མང་དུ་སོང་བ་དང་། ཐུན་མོང་ཐོན་ལས་ཇེ་བཟང་དུ་སོང་ལ། སྡེ་བའི་ཁོར་ཡུག་མཛེས་སྡུག་ལྡན་པར་གྱུར་ཞིང་། མི་སེམས་གཅིག་ཏུ་མཐུན་པའི་འབྱོར་ཕྱུག་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད། ཉིན་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་ཏུང་ཏ་སྡེ་བར་ལྟ་སྐབས། ཉིག་ཧྲིན་ཡུག་གི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཤིག་གིས་གཏམས་འདུག  “མ་འོངས་པར་ཏུང་ཏ་སྡེ་བས་ཏང་གི་མཛུབ་སྟོན་གྱི་ཁ་ཕྱོགས་ལྟར། ཏང་འཛུགས་སྐྲུན་སྟོབས་ལྡན་དང་། སྐྱེ་ཁམས་ལེགས་པ། བདེ་འཇགས་བརྟན་སྲུང་དང་བཅོས་སྐྱོང་། ཐོན་ལས་ལེགས་པ། དཔལ་ཡོན་དར་སྤེལ་བཅས་ཀྱི་ཏུང་ཏ་གསར་བ་ཤུགས་ཆེན་པོས་འཛུགས་སྐྲུན་བྱས་ནས་སྡེ་མི་རྣམས་ལ་ལས་རྒྱུ་ཡོད་པ་དང་། རེ་སྒུག་ཡོད་པ། རེ་སྙེག་ཡོད་པ། ཕན་འབྲས་ཡོད་པར་བྱ་རྒྱུ་ཡིན” ཞེས་ཉིག་ཧྲིན་ཡུག་གིས་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།