མདོ་དབུས་མཐོ་སྒང་དུ་རེ་བའི་ས་བོན་བཏབ།
2022.10.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

—རྒྱལ་ཡོངས་ཀྱི“མི་དམངས་ཀྱི་བློ་ཡིད་ཚིམས་པའི་གཞུང་ཞབས་པ”ཀུན་དགའ་བཀྲ་ཤིས་ཀྱི་གནས་ཚུལ་བཀོད་པ།

ཀུན་དགའ་བཀྲ་ཤིས་གཞི་རིམ་དུ་སོང་ནས་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

ཁོ་ནི2022ལོའི་རྒྱལ་ཡོངས་ཀྱི“མི་དམངས་ཀྱི་བློ་ཡིད་ཚིམས་པའི་གཞུང་ཞབས་པ”ཞིག་དང་། 2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་རེད། རང་ས་རང་ཡུལ་དུ་སྐྱེས་པའི་ཀུན་དགའ་བཀྲ་ཤིས་ལ་མཚོན་ན་གྲོང་གསེབ་ཀྱི་དགེ་རྒན་ཞིག་ནས་སློབ་གསོའི་དོ་དམ་ལས་གནས་ཐོག་བསྐྱོད་ཅིང་། ཁོས་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་སེམས་སུ་བཅངས་ནས་དངོས་སྒྲུབ་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད། ཁོའི་རྐང་རྗེས་རྫོང་ཡོངས་ཀྱི་སློབ་གྲྭ་ཚང་མར་ཕབ་ཡོད་ལ། མི་དམངས་ཀྱི་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་ཞིག་གཉེར་བའི་ལམ་བུའི་སྟེང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་ཕུགས་འདུན་དོན་གཉེར་བྱེད་ཀྱིན་ཡོད། ཁོས་དུས་དང་རྣམ་པ་ཀུན་ཏུ་སློབ་གསོའི་ལས་དོན་ཐད་འབད་འབུངས་ཆེད་བསྐྱེད་བྱས་པས། ཁོ་ལ་ས་གནས་ཀྱི་སློབ་གསོའི་དྲང་བདེན་སྐྱོང་མཁན་དང་སློབ་གསོ་བཅོས་སྒྱུར་སྣེ་ཁྲིད་མཁན་ཞེས་པའི་མཚན་སྙན་ཐོབ་ཡོད། ཁོ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སློབ་གསོ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཅུའུ་ཀྲང་། རྫོང་ཏང་ཨུའི་སློབ་གསོའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀུན་དགའ་བཀྲ་ཤིས་རེད།

གསར་གཏོད་ཀྱི་འདུ་ཤེས།

“སེམས་པ་ཏང་ལ་ཕྱོགས་པའི”རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས།

“རིམས་ནད་ཀྱི་ཤུགས་རྐྱེན་གྱིས་སློབ་གྲྭ་སོ་སོས་དྲ་ཐོག་ནས་མིང་ཐོ་འགོད་པའི་བྱ་བ་སྒྲུབ་དགོས་པ་མ་ཟད་དྲ་ཐོག་ནས་སློབ་ཁྲིད་བྱེད་མགོ་རྩོམ་དགོས་ལ། སློབ་གྲྭར་ནམ་ཐོན་དགོས་པ་རྗེས་ནས་བརྡ་གཏོང་དགོས།”“དྲ་ཐོག་སློབ་ཁྲིད་ཀྱིས་དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་གི་རྨང་གཞིར་སྔར་ལས་ཚོད་བགམ་བྱེད་ཐུབ། སློབ་ཁྲིད་གྲ་སྒྲིག་བྱ་རྒྱུ་དེ་མིག་སྔའི་སློབ་ཚན་གྲ་སྒྲིག་ཙམ་མ་ཡིན་པར་ཚན་པ་ནས་འགོ་བཙུགས་ཏེ་སློབ་དེབ་ནས་སློབ་མའི་སྤྱི་པའི་བྱང་ཚད་གསོ་སྐྱོང་བྱེད་དགོས།”

ཟླ9པའི་ཚེས1ཉིན། སློབ་མགོ་ཚུགས་པའི་ཉིན་དང་པོར་ཉལ་ཁང་དུ་ལོག་བཀར་བྱས་ཡོད་པའི་ཀུན་དགའ་བཀྲ་ཤིས་ཀྱིས་ཞོགས་པ་མིག་ཕྱེ་བ་ནས་ལག་འཁྱེར་ཁ་པར་བཟུང་སྟེ་བྲེལ་བ་ཆེན་པོ་ལངས་བཞིན་ཡོད། “རིམས་ནད་ཀྱི་རྐྱེན་གྱིས་བྱིས་པ་ཚོའི་སློབ་ཁྲིད་ལ་དལ་འགོར་བྱེད་མི་རུང་། སློབ་གྲྭ་ཚང་མར་བཀོད་སྒྲིག་ཡག་པོ་བྱས་ཚེ་ང་རང་གཞི་ནས་བློ་བདེ་པོ་ཡོང་ཐུབ”ཅེས་ཀུན་དགའ་བཀྲ་ཤིས་ཀྱི་དེ་ལྟར་བཤད། རྒྱུ་མཚན་ནི་ཁོའི་བྱིས་པ་ཚང་མའི་མ་འོངས་པ་ཆུད་ཟོས་སུ་གཏོང་འདོད་མེད།

ནང་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ལྷོ་སྣེའི་ཁུལ་དུ་གནས་པ་དང་། བོད་རིགས་ཀྱི་མི་གྲངས97%ལས་བརྒལ་བ་དང་། ཆ་སྙོམས་མཚོ་འཕང་སྨི4000ལས་བརྒལ་ཡོད་ལ། སློབ་སྒྲུབ་ཆ་རྐྱེན་ཧ་ཅང་ཞན། རྫོང་སློབ་གསོ་ཅུའུ་ཡི་འགོ་ཁྲིད་དང་པོ་ཡིན་པའི་ཆ་ནས། ཀུན་དགའ་བཀྲ་ཤིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པར་མཐོང་ཆེན་བྱེད་ཀྱིན་ཡོད། ལོ་འགའི་རིང་ལ། ཁོ་རྫོང་ཡོངས་ཀྱི་སློབ་གྲྭ་ཚང་མར་སོང་ནས་གནས་ཚུལ་རྟོག་ཞིབ་བྱས་པ་དང་། སློབ་གྲྭའི་ཀྲི་པུའུ་འཛུགས་སྐྲུན་བྱས་ཚུལ་དང་གནས་པའི་ཞན་ཆ་རྒྱུས་ལོན་བྱས་ཏེ། དགེ་སློབ་ཚོའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་ནས། “ཏང་འཛུགས་སྐྲུན་གྱི་ཀུན་སྤྱོད”ཅེས་པའི་མཐར་ལན་ཞིག་རྙེད་པ་རེད།

བྱ་བའི་ཁྲོད་ཀུན་དགའ་བཀྲ་ཤིས་ཀྱིས་རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། སློབ་གསོའི་ཁོངས་གཏོགས་སུ་ཏང་ཀྲི་པུའུ23བཙུགས་པ་དང་། ཏང་ཡོན་མི་གྲངས་མི་འདང་བའི་སློབ་གྲྭར་ཏང་འཛུགས་སྐྲུན་གྱི་མཛུབ་ཁྲིད་པ་བཙུགས་པ་མ་ཟད། སློབ་གྲྭའི་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཏང་འཛུགས་སྐྲུན་བྱ་བ་དེ་སློབ་གྲྭ་ཚང་མར་ཁྱབ་པར་བྱས།

ལོ་འགའི་རིང་ལ། ཀུན་དགའ་བཀྲ་ཤིས་ཀྱིས་གོ་སྐབས་ཡོད་ཚད་སྤྱད་དེ་གཞི་རིམ་སློབ་གྲྭར་བསྐྱོད་ནས་སློབ་གྲྭའི་ལས་དོན་ལ་མཛུབ་ཁྲིད་བྱས། ཁོས་དུས་རྒྱུན་བཤད་རྒྱུར། “ཏང་འཛུགས་སྐྲུན་དམ་འཛིན་བྱེད་པ་ནི་མི་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་། ཏང་འཛུགས་སྐྲུན་དམ་འཛིན་བྱས་ན་སློབ་གྲྭའི་འཕེལ་རྒྱས་ཇེ་བཟང་དུ་འགྲོ་ལ། མི་གསོ་སྐྱོང་བྱེད་པའི་དམིགས་འབེན་ལ་ནོར་འཁྲུལ་འབྱུང་མི་སྲིད།”

བརྩོན་འགྲུས་ལྡན་ན་མི་འགྲུབ་བྱ་བ་གང་ཡང་མེད། ད་ལྟ། རྫོང་ཡོངས་ཀྱི་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ཁེབས་ཚད་དང་འགོ་ཁྲིད་ཀྱི་ནུས་པ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། སློབ་གྲྭ་སོ་སོའི་སློབ་གཙོས་ཏང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དང་། སྒྲིག་སྲོལ་ལྟར་སློབ་གྲྭ་གཉེར་བ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་བཅས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ནས། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད།

སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་དགོས།

1998ལོར་གྲོང་གསེབ་ཀྱི་དགེ་རྒན་ཞིག་ཏུ་གྱུར་པ་ནས2006ལོར་རྒྱུགས་འགྲན་བྱས་པ་བརྒྱུད་ནང་ཆེན་རྫོང་ཆ་ཚང་སློབ་ཆུང་དང་པོའི་སློབ་གཙོ་དང་། མི་རིགས་སློབ་འབྲིང་དང་པོའི་སློབ་གཙོ་རུ་གྱུར་པ། དེ་ནས2018ལོར་རྫོང་སློབ་གསོ་ཅུའུ་རུ་ལས་འགན་འཁུར་བའི་བར། ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ཁོས་འབད་འབུངས་བྱས་པར་བརྟེན་ཀུན་དགའ་བཀྲ་ཤིས་ཀྱང་མིང་དོན་མཚུངས་པའི་སློབ་གསོའི་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

ལས་ཡུལ་དང་པོ་རུ་དགེ་རྒན་བྱས་ནས་ད་ལྟ་སློབ་གསོ་ཅུའུ་ཡི་ལས་བྱེད་པ་ཞིག་ཡིན་པའི་ཀུན་དགའ་བཀྲ་ཤིས་སློབ་གསོ་ལ་དགའ་བ་དང་། ས་གནས་དེ་གའི་སློབ་གསོའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་རེ་བ་བྱེད་ཀྱིན་ཡོད། 2015ལོའི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྤེལ་བ་ནས་བཟུང་། ཀུན་དགའ་བཀྲ་ཤིས་ཀྱིས་དབུལ་སྐྱོར་ལ་སྔར་ལས་རིག་སྐྱོར་དང་བློ་སྐྱོར་བྱེད་དགོས་པ་གསལ་པོ་ཤེས་ཀྱིན་ཡོད། འོན་ཀྱང་། རོང་འབྲོག་མང་ཚོགས་ཁག་གཅིག་གི་རིག་གནས་ཆུ་ཚད་མི་མཐོ་བ་དང་། “སློབ་གྲྭར་འགྲོ་མཚམས་མི་འཇོག་པར་སློབ་ཞུགས་འགན་ལེན་བྱེད་པའི”སྲིད་ཇུས་ལ་རྒྱུས་ལོན་བྱེད་ཐུབ་ཀྱིན་མེད་པས། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་གྲྭར་འགྲོ་མཚམས་འཇོག་པའི་སྣང་ཚུལ་ཚབས་ཆེན་རེད།

སྐབས་དེར། ནང་ཆེན་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོ་ཡིན་པའི་ཀུན་དགའ་བཀྲ་ཤིས་ཀྱི་སེམས་སུ་བྲེལ་འཚུབ་ཆེན་པོ་ལངས་ནས། ཉིན་རྒྱུན་སློབ་མའི་ཁྱིམ་དུ་སོང་ནས་ཁྱིམ་བདག་ལ་སྲིད་ཇུས་བཤད་པ་དང་བྱིས་པར་སེམས་གཏམ་བྱེད་ཀྱིན་ཡོད།

རྫོང་མཁར་དུ་སྡོད་པའི་འཕྲིན་ལས་ཕུན་ཚོགས་ནི་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་ཞིང་། ཕ་མ་གཉིས་གཉེན་ཐོར་རྗེས་འཕྲིན་ལས་ཕུན་ཚོགས་ཀྱིས་ཨ་མ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ལ། གཤིས་ཀ་ཡང་རིམ་གྱིས་གྱོང་པོར་གྱུར་ནས་སློབ་སྦྱོང་ལ་མི་དགའ་བའི་སྣང་ཚུལ་བྱུང་སྟེ་རྒྱུན་དུ་སློབ་བྱོལ་བྱེད་ཀྱིན་ཡོད། ཀུན་དགའ་བཀྲ་ཤིས་ཀྱིས་གནས་ཚུལ་དེ་ཤེས་རྗེས། ཁོ་ནི་འཕྲིན་ལས་ཕུན་ཚོགས་ཀྱི་ཁྱིམ་གྱི་རྒྱུན་ཕེབས་མགྲོན་པོ་རུ་གྱུར་ཡོད།

ཀུན་དགའ་བཀྲ་ཤིས་ཀྱིས་བཤད་རྒྱུར། “འཕྲིན་ལས་ཕུན་ཚོགས་ཀྱི་ཨ་མའི་རིག་གནས་ཆུ་ཚད་མི་མཐོ་བས་བྱིས་པའི་སློབ་སྦྱོང་ལ་རོགས་རམ་བྱེད་ཐུབ་ཀྱིན་མེད། འོན་ཀྱང་འཕྲིན་ལས་ཕུན་ཚོགས་ནི་སློབ་མ་བཟང་པོ་ཞིག་ཡིན་པས་སྦྱངས་འབྲས་ཧ་ཅང་ཡག་པོ་འདུག ལོ་གཅིག་འགོར་རྗེས་མཐར་ཕྱིན་དགོས་པས། ཁྱིམ་ཚང་གི་འགྱུར་ལྡོག་གི་དབང་གིས་ཁོ་རང་མུ་མཐུད་དུ་འདི་ལྟར་འཚོ་བ་རོལ་དུ་འཇུག་མི་རུང”ཅེས་བཤད།

ཀུན་དགའ་བཀྲ་ཤིས་ཀྱིས་སེམས་ཞིབ་མོས་ཁ་ཏ་སློབ་གསོ་བྱས་པ་བརྒྱུད། འཕྲིན་ལས་ཕུན་ཚོགས་ཀྱི་བློ་སྒོ་ཕྱེ་ནས་སླར་ཡང་དྲང་ལམ་དུ་བསྐྱོད་པ་རེད།

དོ་དམ་གྱི་ལས་གནས་ཐོག་བསྐྱོད་རྗེས། ཀུན་དགའ་བཀྲ་ཤིས་ཀྱིས་རྒྱུན་དུ་རྫོང་སློབ་གསོའི་ཁོངས་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་དགེ་རྒན་གྱི་སྣེ་ཁྲིད་ནས་འབྲོག་པའི་རུ་ནང་དང་སྡེ་བར་བསྐྱོད་པ་དང་། ཁྱིམ་ཚང་དུ་ཐོན་རྗེས་མང་ཚོགས་རྣམས་ལ་ཁ་བརྡ་བྱས་ནས་ཁོ་ཚོར་སློབ་གསོ་མྱངས་ན་ཁྱིམ་ཚང་དང་བྱིས་པར་དོན་སྙིང་ག་འདྲ་ཡོད་པ་འགྲེལ་བཤད་ཞིབ་མོ་རྒྱག་གིན་ཡོད། ལོ་འགའི་རིང་ལ། རྫོང་ཡོངས་ཀྱིས་སློབ་མཚམས་ཆད་པའི་སློབ་མ་མི་གྲངས6000ལྷག་ཙམ་ལ་ཁ་ཏ་སློབ་གསོ་བཏང་མཐར་སློབ་ཞུགས་ཀྱི་ཚད་100%ཟིན་ཡོད། ཁོའི་སྣེ་ཁྲིད་འོག ནང་ཆེན་རྫོང་གིས་སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་ཞུགས་འགན་སྲུང་བྱེད་པའི་རྒྱུན་རྣམ་ཅན་གྱི་བྱ་བའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པས། ནུས་ལྡན་སྒོས་མི་གཅིག་ཀྱང་མི་ཆད་པའི་སློབ་གསོའི་འགན་སྲུང་དམིགས་འབེན་མངོན་འགྱུར་བྱུང་ཡོད།

སྲོལ་རྒྱུན་རྙིང་བའི་སྒྲིག་སྲོལ་གཏོར་ནས་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་སློང་བྱེད་དགོས།

ནང་ཆེན་རྫོང་གི་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ཀུན་དགའ་བཀྲ་ཤིས་ཀྱིས་སློབ་གཉེར་འདུ་ཤེས་རྒྱུན་མི་ཆད་པར་གསར་དུ་བརྗེས་ནས་སློབ་གཉེར་བསམ་ཕྱོགས་གསར་གཏོད་བྱས་ཏེ། སློབ་གསོ་བཅོས་སྒྱུར་གྱི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། སློབ་གསོའི་ཤེས་ལྡན་མི་སྣའི་འཁོར་སྐྱོད་དཀའ་གནད་སེལ་བ་བརྒྱུད། སློབ་ཞུགས་སྔོན་གྱི་སློབ་གསོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

སློབ་སྔོན་སློབ་གསོའི་མི་འདང་སའི་གནད་དོན་ལ་དམིགས་ནས། ཁོས་སློབ་ཞུགས་སྔོན་གྱི་སློབ་གསོ་སྡེ་ཚོགས་རྣམ་པའི་གཉེར་བར་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། བྱིས་སྐྱོང་ཁང་གི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་ཁོངས་དབྱེ་ནས་དོ་དམ་བྱེད་པའི་རྩ་དོན་ལྟར། རྐང་འཛིན་དགེ་རྒན་གྱི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་དང་སློབ་ཞུགས་སྔོན་གྱི་ཞབས་ཞུའི་ས་ཚིགས་གྱ་བརྒྱད་ལ་ཁྱོན་ཡོངས་ནས་འཁོར་སྐྱོད་ཐུབ་སྟེ། སློབ་ཞུགས་སྔོན་གྱི་ལོ་གསུམ་ནང་བུ་བཅོལ་ཁང་དུ་ཞུགས་ཚད82%ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། ནུས་ལྡན་སྒོས་ཉམས་ཞན་བུ་བཅོལ་ཁང་གི་སྤུས་ཚད་མཐོ་རུ་བཏང་སྟེ། སློབ་ཞུགས་སྔོན་གྱི་སློབ་གསོ་མཁར་གྲོང་དུ་མཐུན་སྦྱོར་འཕེལ་རྒྱས་ཀྱི་གོམ་སྟབས་དང་པོ་སྤོས་པ་རེད།

དགེ་རྒན་གྱི་དཔུང་སྡེ་རུ་ཆེད་ལས་ཅན་གྱི་ཆུ་ཚད་མཐོན་པོ་མེད་པ་དང་དགེ་རྒན་དཀོན་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། ཀུན་དགའ་བཀྲ་ཤིས་ཀྱིས“དགེ་རྒན་འདེམས་པ་དང་འོས་སྦྱོར། སློབ་གྲྭའི་གདན་ཞུ”བཅས་དགེ་རྒན་གྱི་དོ་དམ་བཅོས་སྒྱུར་བྱས་ནས། དགེ་རྒན་གྱི་ཐོན་ཁུངས་སྤྱི་འདོམས་ཧྲིལ་བསྡུས་དང་སྙོམས་སྒྲིག་བྱས་པས། ཆེད་བསྐོས་དགེ་རྒན་རྣམས་བརྒྱུད་རིམ་ལྡན་ལ་ཚན་རིག་ལྟར་བཀོད་སྒྲིག་ཐུབ་པ་བྱུང་ཡོད།

ལོ་ངོ་བཞི་ཡི་རིང་བཅོས་སྒྱུར་དང་ལག་ལེན་བྱས་པ་བརྒྱུད། རྫོང་ཡོངས་སུ་བསྡོམས་པས་དགེ་རྒན515བརྗེ་རེས་ནང་ཞུགས་ཡོད་པ་དང་། དེས་སྒྲིག་ཁོངས་ནང་གི་དགེ་རྒན་གྱི65.3%ཟིན་པ་དང་། རྫོང་ཡོངས་ཀྱི་མཁར་གྲོང་སློབ་གྲྭའི་དགེ་རྒན་གྱི་ལོ་ཚད་དང་ཡོན་ཚད། ཆེད་ལས། གོ་མིང་བཅས་ཀྱི་གྲུབ་ཆ་དོ་སྙོམས་ཆེན་པོ་བྱུང་བས། སློབ་གསོའི་ཐོན་ཁུངས་ཀྱི་སྦས་ཤུགས་སྔར་ལས་འཕེལ་བ་དང་རྒྱ་ཆེའི་དགེ་རྒན་གྱི་བྱ་བའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད།

དེ་དང་ཆབས་ཅིག རྫོང་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་མི་འདང་བ་དང་སློབ་མ་གསར་པ་སློབ་གྲྭར་ཞུགས་ནས་སློབ་གྲྭ་འདེམས་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། ཁོས་ཆེད་དུ་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གྲྭ་སོ་སོར་སོང་ནས་རྟོག་ཞིབ་བྱས་པ་དང་། སློབ་གྲྭ་སོ་སོའི་དགེ་རྒན་གྱི་ནུས་པ་དང་ཆུ་ཚད་ལ་ཡང་དག་པར་རྒྱུས་ལོན་བྱས། ཚན་རིག་དང་མཐུན་པའི་ངང་སློབ་བསྡུའི་ཇུས་གཞི་བཟོ་བ་དང་། ཡོངས་བསྒྲགས་དང་དྲང་གཞག་ངང་སློབ་མ་བསྡུས་ནས། ས་གནས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ཕྱི་ནས་ཞོར་ལས་སུ་ཡོང་བའི་ཁྱིམ་ཚང་གི་བྱིས་པར་སློབ་ཞུགས་ཁེ་དབང་འགན་སྲུང་ནུས་ལྡན་བྱས་པ་རེད།

གངས་ལྗོངས་མཐོ་སྒང་དུ་ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འཐབ་ལྷོད་མེད་བྱས་ཡོད། ཀུན་དགའ་བཀྲ་ཤིས་ཀྱིས་སློབ་གསོའི་ཐོག་མའི་བསམ་འདུན་བཅངས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་བརྩམས་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།