དཔྱིད་ཆར་བསིལ་མས་ཡིད་ཀྱི་ཞིང་ས་བརླན།
2022.10.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

—རྒྱལ་ཡོངས་ཀྱི་དགེ་རྒན་དཔེ་ལེགས་ཅན་བྱམས་པ་སྐྱིད་ཀྱི་གནས་ཚུལ་བཀོད་པ།

བྱམས་པ་སྐྱིད་ཀྱི་སེམས་སུ་མི་ཚེ་འདིར་ཆེས་གཟི་བརྗིད་ཅིག་ཏུ་རློམ་ཆོག་པ་ནི་རང་ཉིད་མི་དམངས་ཀྱི་དགེ་རྒན་ཞིག་བྱེད་ཐུབ་སོང་བ་དེ་རེད། ཐོག་དང་པོར་ཁྲིད་སྟེགས་སྟེང་བུད་དེ་ཅི་བྱ་གཏོལ་མེད་དུ་ལུས་མྱོང་བའི་དགེ་རྒན་གསར་པ་ཞིག་ནས་རྒྱལ་ཡོངས་ཀྱི་དགེ་རྒན་དཔེ་ལེགས་ཅན་དུ་གྱུར་བའི་བར་དུ། མོར་མཚོན་ན་འབྲོག་ཁུལ་གྱི་སློབ་གྲྭ་འདི་ནི་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ས་དང་བསམ་པའི་རྟེན་གཞི་རུ་གྱུར་ཡོད།

ཟླ་དགུ་བའི་ཚེས་དགུ་ཉིན་གྱི་ཞོགས་པར། མདོ་གསུམ་ཡུལ་ཚོའི་གནམ་ངོ་དྭངས་ཤིང་གཡའ་དག་པ་ཞིག་ཡིན་ལ། ཉི་འོད་ཐད་ཀར་ལྟེ་གནས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སྔོ་ལྗང་ལྗང་དུ་གནས་པའི་རྩལ་སྦྱོང་ར་བར་འཕྲོས་འདུག བྱམས་པ་སྐྱིད་དང་མོའི་ལས་གྲོགས་ཚོས་དཔེ་དེབ་གསར་པ་རེ་རེ་བཞིན་དུ་རིགས་དབྱེ་ཁག་བགོས་ཀྱིས་སོ་སོར་བསྒྲིགས་རྗེས། སློབ་མའི་ཁྱིམ་བདག་རྣམས་ལེན་དུ་ཡོང་བར་སྒུག་འདུག

“ཕལ་ཆེར་ཟླ་ངོ་གཉིས་ཀྱི་རིང་ལ་བྱིས་པ་རྣམས་མ་མཐོང་བས། ངོ་མ་དྲན་གིན་འདུག”སློབ་མགོ་རྩོམ་ལ་ཉེ་བའི་སྐབས་སུ། བྱམས་པ་སྐྱིད་ཀྱི་སེམས་སུ་བྲེལ་བ་ལངས་བཞིན་འདུག ལོ22ཀྱི་སྟེང་གནས་འདིར་ཡོང་ནས་དགེ་རྒན་བྱས་པ་ནས་ད་ལྟའི་བར་དུ་ལོ་ངོ25འདས་ཟིན། ཉི་མ་རེ་རེའི་འབྲེལ་འདྲིས་ཁྲོད། མོ་སྔར་ནས་བྱིས་པ་ཚོ་དང་མཉམ་དུ་འདུག་པ་དང་ཁོ་ཚོའི་གསལ་ལྷང་ལྷང་གི་དཔེ་ཀློག་གི་སྒྲར་ཉན་རྒྱུར་ལོབས་ཡོད།

ལོ22སྟེང་བྱམས་པ་སྐྱིད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་དང་། བྱ་བ་བགོ་བའི་སྐབས་སུ། མོས་ཕ་ཡུལ་རེབ་གོང་ནས་འདུག་པའི་གོ་སྐབས་དོར་ཏེ། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མཐའ་འཁོབ་དཀའ་སྡུག་ཆེ་བའི་ཧི་ནན་སོག་རིགས་རང་སྐྱོང་རྫོང་བདམས་ལ། དེའི་རྒྱུ་མཚན་ནི་འབྲོག་ཁུལ་གྱི་འཚོ་བར་སྨོན་པས་རེད།

ལས་བགོས་ཐེངས་གཉིས་ལ་བྱས་པ་བརྒྱུད། མོ་རང་རྫོང་ཡོངས་ཀྱི་ཆེས་ཐག་རིང་བའི་གྲོང་རྡལ་གྲས་ཀྱི་མདོ་གསུམ་ཡུལ་ཚོ་རུ་བགོས། སློབ་གྲྭར་མིང་ཐོ་འགོད་དུ་འགྲོ་བའི་ཉིན་དེར། ཧི་ནན་རྫོང་སློབ་གསོ་ཅུའུ་ཡི་ལས་བྱེད་མི་སྣས་མོ་དང་མོའི་འགྲོ་རོགས་རྣམས་ལ་འབྲོག་ལུག་གཞུག་སྒམ་གང་དྲུད་ཡོད་པའི་ལྗིད་ཐེག་རླངས་འཁོར་ཞིག་བཙལ། ཁ་ལོ་བའི་འགྲམ་གྱི་འདུག་སྟེགས་སྟེང་མི་གཉིས་བཙུར་རྗེས་འཕྲོ་མ་རྣམས་འགྲོ་རོགས་ཀྱི་པང་དུ་ཙོག་པ་ལས་ཐབས་མེད་ལ། དེའི་ཁར་ལམ་མི་བདེ་བས་རྫོང་ཐོག་ནས་མདོ་གསུམ་ཡུལ་ཚོ་བར་དུ་དུས་ཚོད་གཉིས་ལ་འགྲོ་དགོས་བྱུང་། མོའི་སེམས་སུ་དེ་ནི་དུས་ཚོད་ཧ་ཅང་རིང་པོ་ཞིག་ཡིན་ཏེ་དུས་ཚོད་ཀྱི་འགྲོ་མཚམས་བཞག་པ་ལྟ་བུའི་སྣང་བ་ཞིག་བྱུང་།

“སྐབས་དེར་དགེ་རྒན་རྣམས་ཀྱི་ཉལ་ཁང་ལ་ཞིག་གསོ་རྒྱག་བཞིན་ཡོད་པས། སློབ་གྲྭས་ཨོང་བ་འཇོག་སའི་ཁང་པ་ཕུད་དེ་ང་ཚོར་གནས་སྐབས་ཀྱི་ཉལ་ཁང་བྱེད་དུ་བཅུག དྲང་མོར་བཤད་ན་སེམས་སྡུག་པ་ཞིག་ཡིན་མོད། འོན་ཀྱང་ད་ལྟ་ཕྱིར་དྲན་བྱས་ན་དྲོད་སྐྱིད་ལྡན་པ་ཞིག་ཀྱང་རེད།”ལས་གྲོགས་རྣམས་ཀྱི་རོགས་རམ་འོག བྱམས་པ་སྐྱིད་མྱུར་བ་མྱུར་དུ་རང་ཉིད་ཀྱི་ལས་ཀར་ཞུགས།

བྱམས་པ་སྐྱིད་མོ་རང་རོང་ཁུལ་ནས་ཡོང་བས་དང་ཐོག་མོའི་ལས་གྲོགས་གདུགས་དཀར་སྐྱིད་ཀྱི་སེམས་སུ་མོ་འབྲོག་ཁུལ་གྱི་དཀའ་སྡུག་ཆེ་བའི་འཚོ་བར་མི་ལོབས་པར་ཕྱིར་ཨེ་འགྲོ་བསམས་ནས། རྒྱུན་དུ་མོར་འཚོ་བ་དང་བྱ་བའི་སྟེང་ནས་རོགས་རམ་གང་མང་བྱས་པ་རེད།“ངས་ངོ་མ་མོའི་བློ་རྩ་བརྟན་པོའི་གཤིས་རྒྱུད་དང་རང་ཉིད་ཀྱི་བུ་ཕྲུག་ལ་གཅེས་པ་ནང་བཞིན་སློབ་མར་གཅེས་པའི་གཤིས་བཟང་དང་སྙིང་རུས་ལ་ཡི་རངས་བྱེད་ཀྱིན་ཡོད། སློབ་ཁྲིད་ཀྱི་སྐབས་དང་སློབ་ཁྲིད་ཕྱི་རོལ་གྱི་འཚོ་བའི་ཁྲོད་གང་ཞིག་ཡིན་རུང་མོ་ནི་ངོ་མ་དགེ་རྒན་བཟང་པོ་ཞིག་ཡིན”ཞེས་གདུགས་དཀར་སྐྱིད་ཀྱིས་དེ་ལྟར་བཤད་པ་དང་། མོར“རྒྱལ་ཡོངས་ཀྱི་དགེ་རྒན་དཔེ་ལེགས་ཅན”གྱི་མཚན་སྙན་ཐོབ་པ་ནི་མིང་དོན་མཚུངས་པ་ཞིག་རེད་ཟེར།

ཁྲིད་སྟེགས་སྟེང་བུད་དེ་ལོ་ངོ25འགོར་བའི་རིང་ལ། སློབ་མས་ལས་བྱ་འབྲི་བར་ཁྲིད་སྟོན་བྱེད་པ་དང་སློབ་མར་སེམས་གཏམ་བཤད་པ། ཁྱིམ་ཚང་དུ་འཚམས་འདྲིར་འགྲོ་བ་སོགས་ལས་གཞན། ད་རུང་བྱམས་པ་སྐྱིད་ཀྱིས་སློབ་ཕྱིའི་དུས་ཚོད་ཡོད་ཚད་སློབ་ཁྲིད་བྱེད་སྟངས་ལ་ཞིབ་འཇུག་བྱེད་པའི་སྟེང་དུ་བཀོལ་བ་རེད། མོས་ཉིན་རེའི་དུས་ཚོད་ཡོད་ཚད་བཀོད་སྒྲིག་བྱས་ཚར་ཡོད་དེ། སློབ་ཁྲིད་ཐད་ཀྱི་གཞུང་ལུགས་ལ་ཞིབ་འཇུག་ཡང་ཡང་བྱས་ཤིང་སློབ་དེབ་ལ་ཞིབ་འཇུག་ཡང་ཡང་བྱས་ཏེ། རང་ཉིད་ཀྱིས་བསླབས་པའི་ཁྲིད་ཐབས་ཡོངས་རྫོགས་སློབ་ཁྲིད་སྟེང་བཀོལ་བར་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོ་ལ་དམིགས་ནས་སྔོན་ཐོན་གྱི་སློབ་གསོ་གཏོང་སྟངས་ཤིག་ཕྱོགས་སྡོམ་བྱས་པར་ཞིང་ཆེན་དང་ཁུལ་གྱི་རིམ་པ་སོ་སོའི་སློབ་གསོའི་སྤུས་ཀར་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྲོད་སྔོན་གྲལ་དུ་ཚུད།

སློབ་གྲྭའི་ནང་དུ་བྱམས་པ་སྐྱིད་ནི་སློབ་ཁྲིད་བྱེད་ཐབས་ལ་མཁས་པའི་དགེ་རྒན་བཟང་པོ་ཞིག་ཡིན་པར་མ་ཟད། སློབ་མར་སེམས་ཁོང་ནས་གཅེས་པའི“ཨ་མ”ལྟ་བུ་ཞིག་ཀྱང་ཡིན། འབྲོག་ཁུལ་གྱི་སྡོད་གནས་ཐར་ཐོར་ཡིན་པས། ལོ་ཆུང་བྱིས་པ་རྣམས་ཁྱིམ་བདག་གིས་བཅའ་སྡོད་སློབ་གྲྭ་འདི་རུ་བསྐྱལ་རྗེས་དཀའ་ཁག་མི་འདྲ་བ་སྣ་ཚོགས་དང་འཕྲད་སྲིད།

སློབ་ཁྲིད་གྲོལ་རྗེས། བྱམས་པ་སྐྱིད་ཀྱིས“ཨ་མ”ཞིག་གི་འགན་ཁུར་ཕྲག་ཏུ་བླངས་ནས་རྒྱུན་དུ་སློབ་མར་གྱོན་ཆས་འཚེམ་རོགས་དང་འཁྲུད་རོགས་སོགས་བྱེད་ལ། སློབ་མར་མགོ་ན་བ་དང་ཚ་རྒྱས་པ་ལྟ་བུའི་ན་ཚ་རེ་བྱུང་སྐབས། མོས་ཁོ་ཚོ་ཁྲིད་དེ་སྨན་ཁང་དུ་སྟོན་པ་དང་། སློབ་མ་ཁ་ཤས་ཤིག་སློབ་སྦྱོང་ལ་སུན་སྣང་སྐྱེས་བཞིན་པའི་གནས་ཚུལ་མཐོང་སྐབས། མོས་ཁ་ཏ་སློབ་གསོ་བཏང་བས། སློབ་མ་དང་ཁྱིམ་བདག་ཡོངས་ཀྱིས་བསྟོད་བསྔགས་ཐོབ་ཡོད།

2017ལོར་འཛིན་གྲྭའི་ནང་གི་དུས་རྒྱུན་དུ་རྣམ་འགྱུར་ལེགས་ལ་སྦྱངས་འབྲས་བཟང་བའི་སློབ་མ་བསོད་ནམས་ལྷ་མོ་གློ་བུར་དུ་བསྟུད་མར་ཉིན་འགར་སློབ་ཁྲིད་ལ་མ་ཞུགས་པ་དང་། ཁྱིམ་བདག་གིས་ཁ་ཏ་སློབ་གསོ་ཇི་ལྟར་བཏང་རུང་ཕན་འབྲས་མ་ཐོན་པར་ཕ་ཡུལ་དུ་ལོག་ནས་ནོར་ལུག་འཚོ་རྒྱུའི་སེམས་ཐག་བཅད་ཟིན། བྱམས་པ་སྐྱིད་ཀྱི་ཡིད་ལ་ཕངས་སེམས་སྐྱེས་ཏེ་དཔའ་ཁས་ལེན་གྱིས་བསོད་ནམས་ལྷ་མོ་བཙལ་ཏེ་ཁ་བརྡ་བྱས་ནའང་ཕན་འབྲས་གང་ཡང་མ་ཐོན་པ་རེད། གནས་ཚུལ་དེ་མཐོང་རྗེས་མོས་བྱེད་ཐབས་བསྒྱུར་ཏེ་ཡུན་གྱིས་ཁྲིད་སྟོན་བྱས་པ་དང་། སློབ་གྲྭ་ནས་བུད་པའི་དགེ་སྐྱོན་ལ་དབྱེ་ཞིབ་ཟབ་མོ་བྱས་པས། དུས་ཚོད་གཉིས་ཀྱི་རྗེས་སུ་བསོད་ནམས་ལྷ་མོས་གཞི་ནས་མུ་མཐུད་དུ་སློབ་གྲྭར་ཡོང་རྒྱུ་ཁས་བླངས། ད་ལྟ་བསོད་ནམས་ལྷ་མོ་ནི་སྦྱངས་འབྲས་འབུར་དུ་ཐོན་པའི་མཐོ་གསུམ་སློབ་མ་ཞིག་ཡིན།

“སློབ་སྦྱོང་ལ་སུན་སྣང་སྐྱེས་པ་ནི་བྱིས་པའི་འཚར་ལོངས་ཁྲོད་ཀྱི་སྤྱིར་བཏང་གི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་སློབ་མ་རེ་རེར་རྒྱུ་རྐྱེན་མི་འདྲ་བ་རེ་ཡོད་པས། སུན་སྣང་སྐྱེས་པའི་ཚད་ཀྱང་མི་འདྲ་བ་རེད། དེ་བས་སློབ་མར་ཁྲིད་སྟོན་བྱེད་སྐབས་ཀྱང་ཐབས་ཇུས་ལ་མཉམ་འཇོག་དགོས།”ལོ་ངོ་མང་པོར་བྱིས་པ་ཚོར་འབྲེལ་འདྲིས་བྱས་པའི་དབང་གིས་བྱམས་པ་སྐྱིད་ཀྱིས་ཇི་ལྟར་སློབ་མ་རེ་རེར་སློབ་སྦྱོང་གི་དགོས་གལ་རང་བཞིན་རྟོགས་སུ་འཇུག་དགོས་པ་ཤེས་ཡོད་ལ། བྱིས་བློ་ཡལ་མེད་པའི་བྱིས་པ་འདི་དག་གི་སེམས་སུ་ཅི་ཞིག་དྲན་བཞིན་པའང་གསལ་པོར་ཤེས་པས། ལོ་ངོ25ཡི་རིང་ལ་བྱམས་པ་སྐྱིད་ཀྱི་སློབ་མའི་ཁྲོད་སློབ་སྦྱོང་ལ་སུན་སྣང་སྐྱེས་ཏེ་སློབ་གྲྭ་ནས་བུད་པའི་གནས་ཚུལ་གཅིག་ཀྱང་བྱུང་མ་མྱོང་།

སེམས་ཤུགས་ཡོད་ཚད་སློབ་མའི་སྟེང་དུ་བཀོལ་བས། ཁྱིམ་ཚང་གི་བྱ་བ་རྩག་རྩིག་ལ་ཁ་ཡ་བྱེད་ཁོམ་མེད་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་བས་བྱམས་པ་སྐྱིད་ཀྱི་ཁྱོ་ག་སྟེ། མོ་དང་མཉམ་དུ་ཆ་ཚང་སློབ་ཆུང་གི་དགེ་རྒན་བྱས་ཡོད་པའི་སངས་གོ་ཡིས་རང་འགུལ་སྒོས་ཕ་མ་དང་བུ་ཕྲུག་སྙོར་སྐྱོང་བྱེད་པའི་འགན་ཁུར་ཕྲག་ཏུ་བླངས་ཡོད།“དང་ཐོག་ངས་འཁང་ར་བྱས་མྱོང་ལ། ཐ་ན་དེའི་ཆེད་དུ་ཁ་རྩོད་ཀྱང་བྱས་མྱོང་། ཡིན་ནའང་མོའི་གཤིས་ཀ་འདི་བསྒྱུར་ཐབས་མི་འདུག་པས། ནམ་ཡང་སློབ་ཁྲིད་དང་མོའི་སློབ་མ་རྣམས་གོ་གནས་ཨང་དང་པོར་བཞག་ཡོད”ད་ལྟ་སངས་གོ་སྔར་ནས“ལས་བགོས”འདི་ལ་ལོབས་ཟིན་པས། ཁོས་མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཆུང་མ་བྱམས་པ་སྐྱིད་ནི་ལས་རིགས་འདི་ལ་ངོ་གནོངས་མི་དགོས་པ་དང་། སློབ་མ་གཅིག་ལའང་ངོ་གནོངས་མི་དགོས་པའི་དགེ་རྒན་བཟང་པོ་ཡིན་ཟེར།

“ལོ་ངོ25ལ་སློབ་ཁྲིད་བྱས་པའི་འབྲོག་ཁུལ་གྱི་དགེ་རྒན་ཞིག་ལ་མཚོན་ན། དགེ་རྒན་བྱམས་པ་སྐྱིད་ཀྱི་བརྩོན་པ་ནི་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། སློབ་ཁྲིད་དང་སློབ་དཔྱོད། གཞན་ད་རུང་སྒྲིག་ལམ་སོགས་གང་ཞིག་གི་ཐད་ནས་ཀྱང་མོར་སྙན་གྲགས་ཡོད་ལ། རིམ་པ་གོང་མོའི་གཟེངས་བསྟོད་ཀྱང་ཐོབ་མྱོང་།”མདོ་གསུམ་ཡུལ་ཚོ་ལྟེ་གནས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་གཙོ་ཆོས་སྐྱོང་རྒྱལ་གྱིས་དེ་ལྟར་བཤད་པ་དང་། བྱམས་པ་སྐྱིད་ཀྱི་སློབ་གསོའི་ལས་དོན་ལ་བློ་དཀར་ཞིང་རང་འཁྲིའི་ལས་འགན་ཁུར་དུ་ལེན་པ། ཡོད་ཚད་ཕངས་པ་མེད་པར་ཕུལ་བ། རང་གཅུན་ནན་མོ་དང་གཞན་ལ་མིག་དཔེ་སྟོན་པ་བཅས་ཀྱི་སློབ་ཁྲིད་བྱེད་སྟངས་ནི་དགེ་རྒན་ཡོངས་ཀྱིས་སློབ་སྦྱོང་བྱེད་འོས་པ་ཞིག་རེད།

2015ལོའི་ཚུན་དུ། བྱམས་པ་སྐྱིད་ལ་སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་བཅས་རིམ་པ་སོ་སོའི་སྲིད་གཞུང་དང་སློབ་གསོ་སྡེ་ཁག་གིས་གནང་བའི་དགའ་རྟགས་དང་གཟི་བརྗིད་མཚན་སྙན30ལྷག་ཐོབ་པ་དང་། དེའི་ཁྲོད་དུ2018ལོའི་ཟླ9པར་བདམས་པའི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་དུ་བྱུང་བའི་གྲོང་གསེབ་དགེ་རྒན་ཞེས་པ་དང་། 2019ལོའི་ཟླ9པར་ཐོབ་པའི་རྒྱལ་ཡོངས་དཔེ་ལེགས་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་སོགས་འདུས་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།