མཐོ་སྒང་ལ་ཕུལ་བའི་མི་ཚེ།
2022.10.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 108

ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྟེ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གོང་མ་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ལིག་ཞིག་ཆིན་གྱི་གནས་ཚུལབཀོད་པ།

ད་ལོ་ལོ་ན་ང་གཉིས་ལ་ཡིན་པའི་ལིག་ཞིག་ཆིན་གྱིས་ལོ་ཉེར་བརྒྱད་ཀྱི་རིང་དུ་དཔེ་ཁྲིད་མི་སྐྱོང་གི་བྱ་བ་བསྒྲུབས།  ལོ་ངོ་ཉེར་བརྒྱད་རིང་གི་དབྱར་དགུན་སྟོན་དཔྱིད་རེ་རེ་ཉིན་གཅིག་ལྟར་དཔེ་ཁྲིད་མི་སྐྱོང་གི་བྱ་བར་བརྩོན་པ་ལྷོད་མེད་བྱས་པས།  ལིག་ཞིག་ཆིན་ལ་ས་གནས་ཀྱི་འབྲོག་པ་མང་ཚོགས་དང་སློབ་མ་རྣམས་ཀྱིས་རྩིས་ཐང་དང་གོང་བཀུར་ཆེན་པོ་ཐོབ་ཡོད།

གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ལིག་ཞིག་ཆིན་སློབ་གསོའི་ལས་གནས་སུ་ཞུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཧུར་ཐག་འབད་བརྩོན་དང་ཏན་ཏན་ཏིག་ཏིག་གི་རྣམ་འགྱུར་གྱིས་སློབ་གསོའི་བྱ་བ་སྒྲུབ་བཞིན་ཡོད་ཅིང་། མོའི་ཆེས་ཆེ་བའི་རེ་འདུན་དེ་ཡང་སློབ་མ་རྣམས་ལ་སློབ་ཁྲིད་ཡག་པོ་ཞིག་བྱེད་རྒྱུ་དེ་རེད།   “དགེ་རྒན་གྱི་ཀུན་སྤྱོད་ལ་བརྟེན་ནས་རང་ཉིད་ཀྱི་སློབ་གསོའི་སློབ་ཁྲིད་བྱ་བ་ཚད་ལྡན་དུ་གཏོང་བ་དང་། དགེ་རྒན་ཡག་པོ་ཞིག་བྱེད་རྒྱུ་དེ་རང་ཉིད་ཀྱི་བྱ་བའི་བསྲུང་བྱའི་གདམས་ངག་ལ་བརྩིས་ནས་ཏང་ཡོན་ཞིག་གི་ཚད་གཞིའི་སྟེང་ནས་རང་ཉིད་ལ་བླང་བྱ་ནན་མོ་འདོན་དགོས” ལོ་ངོ་ཉེར་བརྒྱད་ཀྱི་དུས་ཚོད་དེ་ཉིན་གཅིག་དང་འདྲ་བར་ལིག་ཞིག་ཆིན་གྱིས་རྨིད་གཅིག་ལས་མེད་པའི་སློབ་ཁྲིད་སྟེགས་བུའི་སྟེང་དུ་རང་གི་མི་ཚེའི་རིན་ཐང་དེ་སློབ་གསོའི་བྱ་བར་ཕུལ།

གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བདུན་པར། ལིག་ཞིག་ཆིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཐུན་ཏེ་རྫོང་ཞོལ་མ་ཡུལ་ཚོ་སྟག་གསོད་སྡེ་བའི་བཅའ་སྡོད་སློབ་ཆུང་དུ་དགེ་རྒན་གྱི་ལས་ཀར་ཞུགས།    དེ་ནས་བཟུང་མོས་ལྷག་བསམ་ཟོལ་མེད་ཀྱིས་རང་གི་མི་ཚེའི་ལང་ཚོ་དེ་མཐོ་སྒང་གི་རྩྭ་ཐང་དེ་རུ་ཕུལ་མགོ་བརྩམས་ཤིང་།  སློབ་གྲྭ་དེའི་ལོ་རྒྱུས་སྟེང་གི་བུད་མེད་དགེ་རྒན་ཐོག་མར་གྱུར། ལིག་ཞིག་ཆིན་གྱིས“ད་ལྟ་ཕྱིར་དྲན་བྱས་ན། ཐེངས་དང་པོར་སློབ་གྲྭར་འབྱོར་ཐོ་བཀོད་ནས་ལས་ཀར་ཞུགས་པའི་སྐབས་དེ་ནས་བཟུང་། ངའི་མི་ཚེ་གཅིག་གི་སློབ་གསོའི་བྱ་བའི་བཤུད་ལམ་རིང་མོ་གཞི་ནས་མགོ་བརྩམས་སོང”ཟེར།

ལིག་ཞིག་ཆིན་གྱིས་སྐབས་དེའི་སློབ་གྲྭའི་ཆ་རྐྱེན་ཞན་པར་འདོད་ཡོད་ཀྱང་།  སློབ་གྲྭའི་གནས་ཚུལ་དངོས་སུ་མཐོང་དུས་མོ་རང་དངོས་གནས་ཧ་ལས་པར་གྱུར། སྐབས་དེར་སློབ་གྲྭ་དེ་རུ་དགེ་རྒན་བརྒྱད་དང་སློབ་མ་བརྒྱད་ཅུ་ལྷག་ཙམ་ཡོད་པ་དང་། སློབ་མ་དེ་དག་གི་ཁྲོད་དུ་བུད་མེད་སློབ་གྲོགས་ལྔ་ལས་མི་འདུག  ལིག་ཞིག་ཆིན་གྱིས་སློབ་མ་དེ་དག་གི་བབ་ཆགས་པའི་ངོ་གདོང་ལ་ལྟ་ཙམ་བྱས་རྗེས། ཁང་པ་དེའི་ཕྱོགས་བཞིར་མིག་མྱུལ་ཞིག་བྱས་པར།   ཕྱོགས་བཞིར་ས་ཕག་གི་གྱང་གིས་བསྐོར་ཡོད་པ་དང་སློབ་ཁང་དེར་སྒེའུ་ཁུང་ཆུང་ཆུང་ཞིག་བཏོད་ཡོད་པས། མཚན་མོ་རེ་རེར་བྱིས་པ་ཚོས་ཞིག་རལ་དུ་གྱུར་བའི་ཁང་པའི་གནམ་གཅལ་གྱི་བར་གསེང་ནས་ནམ་མཁའི་སྐར་མ་མཐོང་ཐུབ།

གནས་ཚུལ་དེ་དག་མཐོང་དུས་ལིག་ཞིག་ཆིན་གྱི་སེམས་ལ་ཅི་ནས་ཀྱང་གནས་དེའི་བྱིས་པ་རྣམས་ལ་ཅི་ཞིག་བསྒྲུབ་དགོས་པའི་བསམ་ཚུལ་སྐྱེས།

ཡིན་ནའང་ཕན་ཚུན་བར་སྐད་བརྡ་མི་འཕྲོད་པ་ནི་ལིག་ཞིག་ཆིན་ཞེས་པའི་སོག་རིགས་བུད་མེད་དེས་བྱ་བ་སྒྲུབ་པར་ཆེས་ཆེ་བའི་གེགས་རྐྱེན་དུ་གྱུར་ཡོད།

སློབ་མ་ཚང་མ་བོད་རིགས་བྱིས་པ་ཡིན་ཞིང་ལིག་ཞིག་ཆིན་གྱིས་བོད་སྐད་ཤེས་ཀྱི་མེད། བོད་རིགས་བྱིས་པ་དེ་དག་དང་འབྲེལ་འདྲིས་བྱེད་ཐུབ་པའི་ཆེད་དུ་མོས་རང་གི་སློབ་མ་རྣམས་ལ་རྒྱ་ཡིག་བསླབ་པ་དང་།   རང་གིས་སློབ་མ་དང་ས་གནས་མང་ཚོགས། སློབ་གྲྭའི་དགེ་རྒན་བཅས་ཀྱི་གམ་ནས་བོད་སྐད་སློབ་མགོ་བརྩམས། བརྩོན་འགྲུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བའི་ལིག་ཞིག་ཆིན་གྱིས་ལོ་གཉིས་ལྷག་ཙམ་གྱི་རྗེས་སུ་བོད་སྐད་ཐོགས་པ་མེད་པར་བཤད་ཐུབ་པར་གྱུར།

ལིག་ཞིག་ཆིན་ནི་སློབ་གྲྭའི་བུད་མེད་དགེ་རྒན་གཅིག་པུ་ཡིན་པའི་ཆ་ནས། རང་འགུལ་ངང་སློབ་གྲྭའི་སློབ་མ་རྣམས་ལ་བདག་སྐྱོང་བྱེད་པའི་ལས་འགན་འཁུར་ཡོད། དུས་རྒྱུན་ལིག་ཞིག་ཆིན་གྱིས་རང་འགུལ་ངང་བྱིས་པ་ཚོའི་ཉལ་ཆས་སོགས་འཁྲུད་བཞིན་ཡོད་པར་མ་ཟད།   སློབ་མ་རྣམས་ཀྱི་གྱོན་ཆས་རལ་བར་གྱུར་ཚེ་ཁོ་མོས་ཁབ་སྐུད་བཀོལ་ནས་འཚེམ་ཀྱི་ཡོད་པ་དང་། སྐྲ་ལོ་རིང་བོར་གྱུར་བའི་སློབ་མ་རྣམས་ཀྱི་སྐྲ་ཡང་བཞར་གྱི་ཡོད།

ཞོལ་མ་ཡུལ་ཚོ་སྟག་གསོད་སྡེ་བའི་བཅའ་སྡོད་སློབ་ཆུང་ནི་ཐུན་ཏེ་རྫོང་གི་ས་བབ་མཐོ་ཤོས་དང་རྫོང་མཁར་དང་བར་ཐག་རིང་ཤོས་ཀྱི་སློབ་ཆུང་ཞིག་ཡིན་ཞིང་། ཐག་རིང་ལུང་ཁུག་དང་རི་བོ་མཐོ་ལ་གྲོག་རོང་ཟབ་པ། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བའི་གནས་སུ་ཆགས་ཡོད་པས་གནས་དེར་རླངས་འཁོར་སོགས་འགྲོ་མཁན་ཧ་ཅང་ཉུང་ཉུང་རེད། ཐུན་ཏེ་རྫོང་མཁར་ནས་སློབ་གྲྭའི་བར་དུ་སྤྱི་ལེ105ཡི་ལམ་ཐག་ཡོད་ཅིང་ལིག་ཞིག་ཆིན་ལོ24རིང་ལ་དེ་རུ་ཕར་འགྲོ་ཚུར་ཡོང་བྱས་པ་རེད།  1994ལོ་ནས1998ལོའི་བར་ལིག་ཞིག་ཆིན་ནམ་རྒྱུན་དུ་་ལུག་བལ་འདྲུད་མཁན་གྱི་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་སོགས་ལ་བསྡད་དེ་སློབ་གྲྭ་དང་ཁྱིམ་དུ་ཕར་འགྲོ་ཚུར་ཡོང་བྱས་པ་དང་།  1999ལོར་མོས་ཆེས་ཐོག་མར་འཕྲུལ་རྟ་ཞིག་ཉོས་པ་ནས་བཟུང་རྒྱུན་དུ་རླངས་འཁོར་འཚོལ་དགོས་པའི་དཀའ་གནད་དེ་གཞི་ནས་མཇུག་བསྒྲིལ་བ་རེད།

ཐག་རིང་ལུང་ཁུག་གི་སློབ་གྲྭ་དེ་རུ་ནམ་རྒྱུན་དུ་ལིག་ཞིག་ཆིན་གྱིས་སློབ་མ་ཚོར་ནད་གཞི་ཕོག་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།  ཐེངས་ཤིག་སློབ་མ་ཞིག་ལ་གློ་བུར་དུ་ནད་གཞི་ཕོག་ནས་ཕོ་བ་ན་སྟེ་ཟུག་གཟེར་བཟོད་མི་ཐུབ་པ་སྐྱེས། ལིག་ཞིག་ཆིན་གྱིས་གནས་ཚུལ་དེ་མཐོང་རྗེས་མྱུར་དུ་སློབ་མ་དེ་ཁུར་ནས་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་སོང་།  ཉིན་དེར་ཆར་པ་ཆེན་པོ་འབབ་བཞིན་འདུག་པས་འཕྲོད་བསྟེན་ཁང་དུ་ཐོན་དུས་ཁོ་མོའི་ལུས་ཡོངས་ཆར་པས་བརླན་པར་བྱས་འདུག  སྐབས་དེར་ཡུལ་ཚོ་འཕྲོད་བསྟེན་པང་གི་སྨན་པས་སློབ་མ་དེར་སྨན་ཞིག་འཐུང་དུ་བཅུག་རྗེས་ཁབ་ཅིག་བརྒྱབ་པ་ན་སློབ་མའི་ལུས་ཕུང་གཞི་ནས་བདེ་ལ་བབས་སོང་། ཡིན་ནའང་སྐབས་དེར་ལིག་ཞིག་ཆིན་གྱི་ངོ་གདོང་གཞི་ནས་སྐྱ་བོར་གྱུར་ཅིང་ནད་ཕོག་འདུག  སྐབས་དེར་ནད་ཕོག་པའི་ལིག་ཞིག་ཆིན་མལ་ཁྲིའི་སྟེང་དུ་ལོག་ནས་ ངལ་གསོ་བྱེད་དགོས་པར་གྱུར།  སློབ་མ་ཚོས་དགེ་རྒན་ལིག་ཞིག་ཆིན་ལ་ནད་ཕོག་པ་ཤེས་རྗེས་ཚང་མ་མོ་ཡོད་སའི་སྨན་ཁང་དུ་ལྟ་རུ་ཐོན།  སྐབས་དེ་དུས་ལིག་ཞིག་ཆིན་གྱི་བསམ་པར་རང་ཉིད་ཀྱིས་བསྒྲུབས་དང་སྒྲུབ་བཞིན་པའི་བྱ་བ་ཐམས་ཅད་ནི་རིན་ཐང་ཡོད་པ་ཞིག་ཏུ་བསམ་བྱུང་།

ཞོལ་མ་ཡུལ་ཚོ་སྟག་གསོད་སྡེ་བའི་བཅའ་སྡོད་སློབ་ཆུང་གི་ལོ་ངོ24ཡི་སློབ་ཁྲིད་བརྒྱུད་རིམ་ཁྲོད། སློབ་གྲྭ་དེའི་སློབ་མའི་གྲངས་ཀ་སྔར་ཡོད་ཀྱི་སློབ་མ80ལྷག་ཙམ་ནས་སློབ་མ700ལྷག་ཙམ་བར་མང་དུ་འཕར་ཡོད་པར་མ་ཟད། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་སྔོན་ཆད་དང་བསྡུར་ན་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་དང་།  མོས་སློབ་ཁྲིད་ཀྱི་འགན་འཁུར་ཡོད་པའི་རིག་ཚན་གྱི་གྲུབ་འབྲས་དེ་ནམ་ཡང་མདུན་གྲས་སུ་ཡོད་ཅིང་།  སློབ་གྲྭ་དེ་ནི་རྫོང་ཡོངས་སུ་སློབ་ཞུགས་ཀྱི་ཚད་དང་སྲ་བརྟན་གྱི་བསྡུར་ཚད་མཐོ་ལ་གཞི་ཁྱོན་ཆེས་ཆེ་བའི་སློབ་གྲྭར་གྱུར་ཡོད།   ལིག་ཞིག་ཆིན་གྱིས་ལས་གནས་བརྟན་སྲུང་བྱས་ཏེ།   ཏང་གི་སློབ་གསོའི་བྱ་གཞག་ཡིད་ལ་བརྟན་པོར་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་ཞིག་གི་ཚད་གཞིའི་མཐོ་ཚད་ནས་རང་ཉིད་ལ་བླང་བྱ་ནན་མོ་འདོན་བཞིན་ཡོད།

ལིག་ཞིག་ཆིན་གྱིས“དགེ་རྒན་གྱི་བྱ་བ་ནི་བྱིས་པའི་མི་ཚེ་ཧྲིལ་པོར་རྨང་གཞི་འདིང་རྒྱུ་དང་བྱིས་པ་ཚོར་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ལ་དེ་ནི་ངའི་གཟི་བརྗིད་ཀྱང་ཡིན”ཟེར། སྔོན་ཆད་བོད་སྐད་མི་ཤེས་པའི་ལིག་ཞིག་ཆིན་གྱིས་ད་ལྟ་བོད་སྐད་ནི་ཐོགས་པ་མེད་པར་བཤད་ཐུབ་ཀྱི་ཡོད།   སློབ་གྲྭ་དེ་རུ་ཁོ་མོ་ནི་དགེ་རྒན་ཙམ་དུ་མ་ཟད། ད་དུང་སློབ་གྲྭའི་སློབ་མ་དང་ས་གནས་མི་དམངས་མང་ཚོགས་ཀྱིས་ཁོ་མོར་དུས་རྒྱུན་འཚོ་བའི་ཁྲོད་དུ་བྱམས་བརྩེ་ལྡན་པའི་སྒོ་ནས“ཨ་མ་རྒན་ལགས”དང“ཨ་མ་ཞའོ་ལིག”ཅེས་འབོད་ཀྱི་ཡོད་པ་རེད།

2018ལོའི་ཟླ9པར་ལིག་ཞིག་ཆིན་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གོང་མ་བཅའ་སྡོད་སློབ་ཆུང་དུ་ལས་གནས་སྤར།  ལིག་ཞིག་ཆིན་གྱིས་ད་ལྟ་འང་ད་དུང་ཡིད་ལ་དྲན་བཞིན་པ་ནི། ཉིན་དེར་ཁོ་མོ་རླངས་འཁོར་ལ་བསྡད་ནས་ཞོལ་མ་ཡུལ་ཚོའི་གཞུང་ལམ་བརྒྱུད་ནས་ཡོང་དུས།  གཞུང་ལམ་གཡས་གཡོན་གྱི་འགྲམ་གཉིས་སུ་ལིག་ཞའོ་ཆིན་གྱི་སློབ་མ་དང་ཁྱིམ་བདག་མང་པོ་ཞིག་གིས་ཆེད་དུ་བོད་ལྭ་ཡག་པོ་གྱོན་ནས་གནས་དེར་ཡོང་སྟེ་མོ་ལ་སྐྱེལ་མ་བྱས་པའི་རྣམ་པ་དེ་རེད།  དཔེ་ཁྲིད་མི་སྐྱོང་གི་བྱ་བར་ཞུགས་ནས་ལོ་ཉེར་བརྒྱད་འགོར་བའི་ལིག་ཞིག་ཆིན་གྱིས་མོའི་ཨ་མར་ནད་གཞི་ལྕི་མོ་ཕོག་པའི་སྐབས་སུ་ཉིན་བཅུ་ལ་གནང་བ་ཞུས་མྱོང་བ་མ་གཏོགས། དེ་ལས་གཞན་པའི་དུས་ཚོད་ནང་དུ་ལས་གནས་དང་གཏན་ནས་ཁ་འབྲལ་མྱོང་མེད།  དེ་བས་ལིག་ཞིག་ཆིན་གྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱང་རིང་གི་ཁྱིམ་ཚང་དང་ཨ་མ་ལ་བདག་སྐྱོང་བྱེད་ཐུབ་ཀྱི་མེད་མོད། ཡིན་ནའང་རང་གི་སློབ་མ་རྣམས་ལ་ཨ་མ་ཞིག་དང་འདྲ་བར་བདག་སྐྱོང་བྱས་ནས་བརྩེ་སེམས་དང་དྲོ་སྐྱིད་སྩོལ་བཞིན་ཡོད།

ལོ་ངོ28རིང་། ལིག་ཞིག་ཆིན་གྱིས་རང་གི་ཡོད་ཚད་མཐོ་སྒང་དུ་ཕུལ་ནས་སེམས་ནུས་ཡོད་རྒུས་བརྩེ་སེམས་ལ་བརྟེན་ནས་དཔེ་ཁྲིད་མི་སྐྱོང་བྱས་ཏེ། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆར་བརྟེན་ནས་སློབ་མ་ཚང་མར་ཤེས་སུ་འཇུག་པ་དང་། སློབ་ཚན་གྱི་ནང་དོན་ལ་གོ་བ་སྔར་ལས་གསལ་བོར་ལོན་པའི་ཆེད་དུ།  སློབ་ཁྲིད་ཀྱི་སྐབས་སུ་རྒྱུན་དུ་རྒྱ་སྐད་ཀྱི་ལམ་ནས་ཐེངས་གཅིག་ཁྲིད་རྗེས་སླར་ཡང་བོད་སྐད་ཀྱི་ལམ་ནས་ཐེངས་གཅིག་རེར་ཁྲིད་ཀྱི་ཡོད།  ཞིང་སྡེའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ལིག་ཞིག་ཆིན་གྱིས་རང་གི་མི་ཚེ་མཐོ་སྒང་ལ་ཕུལ་ནས། འབད་བརྩོན་ཆེན་པོས་དཔེ་ཁྲིད་མི་སྐྱོང་གི་བྱ་བ་གཉེར་ཏེ།     བྱ་སྤྱོད་དངོས་ཀྱི་སྟེང་ནས་སློབ་གསོའི་བྱ་གཞག་ལ་འབད་འབུངས་ལྷོད་མེད་བྱེད་པའི་དགེ་རྒན་ཞིག་གི་མི་ཚེའི་དད་སེམས་མཚོན་པར་བྱས་ཡོད།

                                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།