མང་ཚོགས་ཀྱི་ཁས་ལེན་ནི་ངའི་ཆེས་ཆེ་བའི་གྲུབ་འབྲས་ཡིན།
2022.11.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

—རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་ཨན་བན་བཀྲ་མེ་ཡི་གནས་ཚུལ་བཀོད་པ།

ཨན་བན་བཀྲ་མེ་ཡིས་བྱ་བའི་རུ་ཁག་གི་སྣེ་ཁྲིད་དེ་ཁྱིམ་ཚང་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

ཟླ10པའི་ཚེས30ཉིན་གྱི་ཞོགས་པར། ནམ་མཁའི་མཐའ་རུ་འོད་སྣང་ཉག་ཙམ་འཆར་བའི་སྐབས་སུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་བརྡ་ཆོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨན་བན་བཀྲ་མེ་སྔ་མོ་ནས་རྫོང་མཁར་དུ་འགྲོ་བའི་ལམ་དུ་ཆས།

ད་ལོར། བརྡ་ཆོ་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི་སྟེ་འདན་རོང་ལུང་ཁོག་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་ཡོང་འབབ་མི་བཟང་བས། ཨན་བན་བཀྲ་མེ་ཡི་སེམས་ལ་བྲེལ་བ་ལངས་ཏེ་སྡོད་མི་ཚུགས་པའི་ཚད་དུ་སླེབས། སེམས་ལ་བསམ་ཚུལ་གསར་པ་རེ་དྲན་ཐེངས་རེར། ཁོ་རང་མྱུར་དུ་རྫོང་མཁར་ལ་སོང་ནས་འབྲེལ་ཡོད་སྡེ་ཁག་ལ་བློ་འདྲི་བྱེད་པ་དང་། ལག་བསྟར་བྱེད་ཆོག་པ་ཡིན་ན་མྱུར་མོར་ཕྱིར་ལོག་སྟེ་གྲ་སྒྲིག་བྱ་བར་བྲེལ་བཞིན་ཡོད།

བརྡ་ཆོ་སྡེ་བ་ནི་སྔོན་ཆད་ཐག་ཉེ་རིང་ཀུན་ལ་གྲགས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་རའི་ནང་། “ལོ་རབས60པའི་རྗེས”སུ་སྐྱེས་པའི་ཨན་བན་བཀྲ་མེ་ཡིས་སྡེ་མི་ཚོའི་སྣེ་ཁྲིད་དེ་ཧུར་ཐག་གིས་དབུལ་ཐར་ཕྱུག་བསྒྱུར་བྱས་པས། མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་སྟོང་བརྒྱད་དང་དྲུག་བརྒྱ་གྱ་གསུམ་དུ་འཕར་ཐུབ་པ་བྱུང་ལ། དེ་དང་བསྟུན་ནས་ཁོ་ལའང“རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ།

“ལོ་ངོ་གཅིག་རིང་གི་དུས་ཚོད་འགོར་རུང་། མི་དམངས་ཚོགས་ཁང་ཆེན་མོའི་ནང་གི་རྣམ་པ་རེ་རེ་ཡིད་ལ་དྲན་ཐེངས་རེར་ངའི་སེམས་ལ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཀྱིན་འདུག”ཅེས་བཤད་ཞོར་ཨན་བན་བཀྲ་མེ་ཡི་གདོང་ལ་གཟི་བརྗིད་ཀྱི་ཉམས་ཤིག་ཤར་ཡོད། “སྐབས་ཐོག་དེར་ང་རང་གི་སེམས་ལ་ངས་བརྡ་ཆོ་སྡེ་བ་རུ་བསྒྲུབས་པའི་དོན་དག་ཡོད་ཚད་ནི་རིན་ཐང་ལྡན་པ་ཞིག་ཡིན་པ་རྟོགས་ཤིང་། མང་ཚོགས་ཀྱི་ཁས་ལེན་ནི་ངའི་ཆེས་ཆེ་བའི་གྲུབ་འབྲས་ཡིན་པ་ཚོར་བྱུང”ཟེར།

“བརྡ་ཆོ”ཅེས་པ་ནི་བོད་སྐད་ཡིན་ལ། རྫ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཚོ་ཞེས་པའི་དོན་རེད། དེ་ནི་ཞིང་ཕྱུགས་མཉམ་གཉེར་བྱེད་ཀྱིན་པའི་བོད་རིགས་རྐྱང་རྐྱང་གི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཡོངས་ལ་བསྡོམས་པས་རུ་ཁག་ལྔ་དང་། ཁྱིམ་ཚང་སུམ་བརྒྱ་སོ་དྲུག་དང་མི་གྲངས་སྟོང་གཅིག་དང་བདུན་བརྒྱ་ཞེ་གཉིས་ཡོད། བརྡ་ཆོ་སྡེ་བའི་རྒྱབ་ཕྱོགས་སུ་ཁ་ལ་རོང་སྒོ་རི་བོ་ཡོད་པ་དང་རྫ་ཆུ་བསིལ་མ་སྡེ་མདུན་ནས་བཞུར་གྱིན་ཡོད་པས། ས་བབ་དང་གནས་ཡུལ་ཁྱད་པར་བ་འདིས་སྔོན་ཆད་སྡེ་མི་ཚོར“དཀའ་སྡུག”གང་མང་མྱོང་དུ་བཅུག

“ང་ཚོའི་བརྡ་ཆོ་སྡེ་བར་མཚོན་ན་ཟམ་པ་ཞིག་བསྐྲུན་རྒྱུ་ནི་སྡེ་བ་འདིའི་མི་རབས་འགའི་རེ་འདུན་དུ་གྱུར་ཡོད”ཅེས་འདས་ཟིན་གྱི་ལོ་ཟླར་ཕྱིར་དྲན་བྱེད་སྐབས། ཨན་བན་བཀྲ་མེ་ལ་ཚོར་སྣང་ཟབ་མོ་ཡོད།

2007ལོར། སྡེ་མི་ཚོས་འདེམ་བསྐོ་བྱས་པ་བརྒྱུད། ཨན་བན་བཀྲ་མེ་ལ་སྡེ་མི་ཡོངས་ཀྱི་ཡིད་ཆེས་ཡོད་ཚད་ཐོབ་པས། སྦྱིན་བདག་ཞིག་ནས་བརྡ་ཆོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རུ་གྱུར་ལ། ཕྱི་ལོར་ཨན་བན་བཀྲ་མེ་ཡིས་རང་ཉིད་ཀྱི་ཚོང་ལས་གཉེར་སྐབས་བསགས་པའི་གསོག་དངུལ་སྤྱད་དེ། རྫ་ཆུའི་འགྲམ་གཉིས་ཀྱི་མང་ཚོགས་ལ་ལྕགས་ཟམ་ཞིག་ལས་ནས། འགྲམ་གཉིས་ཀྱི་མང་ཚོགས་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན།

ལྕགས་ཟམ་དེ་མིང་དོན་མཚུངས་པའི་ཟམ་ཆེན་ཞིག་ཏུ་བསྒྱུར་ཏེ། སྡེ་མི་ཚོའི་འགྲོ་འོང་ལ་སྟབས་བདེ་མི་ཉུང་བ་བསྐྲུན་རྒྱུ་ནི་ནམ་ཡང་ཨན་བན་བཀྲ་མེ་ཡི་འབད་བརྩོན་གྱི་ཁ་ཕྱོགས་རེད། དེ་བས་རེ་བ་དེ་མངོན་འགྱུར་བྱེད་ཆེད། ཁོས་ཡར་མར་ལ་འབྲེལ་གཏུག་བྱས་པས་སྒོར་ས་ཡ་དྲུག་ལྷག་གི་བགྲོད་ལམ་འཛུགས་སྐྲུན་ལས་གཞི་བརྩོན་ལེན་བྱས་མོད། འོན་ཀྱང་ས་ཆ་གཞུང་སྤྱོད་རྩོད་གཞིའི་དབང་གིས་ལས་གཞི་དེ་དུས་ཡུན་རིང་པོར་ལས་མགོ་རྩོམ་མ་ཐུབ་པ་རེད། ལམ་རྒྱུད་ཀྱི་སྡེ་མི་རྣམས་དང་མཐུན་སྦྱོར་ཐེངས་མང་བྱས་ཀྱང་གྲུབ་འབྲས་མ་ལོན་པས། ཨན་བན་བཀྲ་མེ་ཡི་སེམས་ལ་བྲེལ་བ་ཆེན་པོ་ལངས། ཁོས་ཡང་བསྐྱར་རང་ངོས་ནས་སྒོར་ཁྲི་གསུམ་ཁ་བསྣན་ཏེ། སྡེ་མི་རྣམས་ལ་ས་ཆ་གཞུང་བསྡུ་བྱེད་པར་ཁ་གསབ་བྱས་པས། ལམ་ལས་པའི་དོན་དག་དེ་ད་གཟོད་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་།

ཡུན་རིང་མ་འདས་པར། ལམ་ལས་ཚར་བས་མང་ཚོགས་ཀྱི་ཕྱུག་འགྱུར་འཕེལ་རྒྱས་ཐད་ཚོང་ལས་ཀྱི་གོ་སྐབས་བསྐྲུན། ཨན་བན་བཀྲ་མེ་ཡིས་ཐོག་མར་སྡེ་བའི་ནང་དུ་བཀྲ་མེ་སྐྱེལ་འདྲེན་རུ་ཁག་བཙུགས།

“ངས་ཅིས་ཀྱང་ཚང་མར་སྣེ་ཁྲིད་དགོས”ཞེས་ཨན་བན་བཀྲ་མེ་ཡིས་དེ་ལྟར་བཤད། དང་ཐོག་ལེགས་འགྲུབ་འབྱུང་མིན་མི་ཤེས་པས། སྔོན་ལ་གྲོགས་པོ་འགའ་ཁྲིད་དེ་ཚོད་ལྟ་བྱས་པ་རེད། དུས་དེ་ནས་བཟུང་། རྒྱལ་ལམ214མཚོ་བོད་ལམ་ཐིག་སྟེང་དུ་ལྗིད་ཐེག་སྐྱེལ་འདྲེན་རླངས་འཁོར་གསུམ་ཇེ་མང་དུ་སོང་ཞིང་། དེ་དག་གིས་བོད་ལྗོངས་ཆབ་མདོ་དང་ཡུས་ཧྲུའུ་སྐྱེ་རྒུ་སོགས་ཀྱི་ས་ཆར་རྒྱུན་ཆད་མེད་པར་དངོས་རྫས་སྐྱེལ་འདྲེན་བྱས། ལོ་ངོ་གཅིག་ཙམ་གྱི་རིང་ལ། སྐྱེལ་འདྲེན་རུ་ཁག་གིས་ཡོང་སྒོ་མི་ཉུང་བ་ཞིག་བཙལ་ཐུབ་སོང་།

སྒོར་མོ་བཙལ་ཐུབ་པ་བྱུང་བས་ཨན་བན་བཀྲ་མེ་ལ་གཏིང་ཤུགས་ཡོད་པར་གྱུར། ཁོས་སྡེ་བའི་ནང་གི་འབྲོག་པ་མང་ཚོགས་ཀྱང་སྐྱེལ་འདྲེན་རུ་ཁག་ནང་དུ་ཞུགས་པར་སྐུལ་སློང་བྱས། ལོ་འགའ་འགོར་རྗེས། སྡེ་མི་སྔར་ལས་མང་པོ་སྐྱེལ་འདྲེན་རུ་ཁག་ནང་ལ་ཞུགས་པ་དང་། སྐྱེལ་འདྲེན་རུ་ཁག་གི་རླངས་འཁོར་ཡང་ཇེ་མང་ནས་ཇེ་མང་དུ་གྱུར། དེ་དག་བརྡ་ཆོ་སྡེ་བ་ཕྱུག་པོར་བསྒྱུར་བའི་ཐབས་མཆོག་ཏུ་གྱུར་པར་མ་ཟད། ད་དུང་རྫོང་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་ལའང་སྐུལ་ཁྲིད་བྱས། ད་ལྟ། བཀྲ་མེ་སྐྱེལ་འདྲེན་རུ་ཁག་ལ་རླངས་འཁོར་ཆེ་གྲས་སོགས་ཀྱི་འཁོར་རིགས་གཙོ་བྱས་པའི་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ང་གཉིས་དང་ལས་སྒོ་རླངས་འཁོར་ཆུང་གྲས་གསུམ་ཡོད།

བརྡ་ཆོ་སྡེ་བའི་སྡེ་མི་ཆོས་དབྱིངས་དབང་བསོད་ནི་སྐྱེལ་འདྲེན་རུ་ཁག་གི་རུ་མི་ཞིག་ཡིན་ལ། ཁོས་བཤད་རྒྱུར། “སྲིད་གཞུང་གི་སྲིད་ཇུས་ལེགས་པོའི་གཞོགས་འདེགས་འོག ང་ཚོ་ཧྲུའུ་ཅིའི་རྗེས་འབྲངས་ནས་སྐྱེལ་འདྲེན་རུ་ཁག་ཏུ་ཞུགས་པས། གཏན་འཇགས་ཀྱི་ཡོང་སྒོ་སྣ་གཅིག་ཇེ་མང་དུ་སོང་ཡོད་ལ། ངེད་བཟའ་མི་གང་པོའི་འཚོ་བར་ཡང་སྔར་ལས་ཇེ་བཟང་དུ་གྱུར་ཡོད”ཟེར།

2018ལོར། ཨན་བན་བཀྲ་མེ་ཡིས་ཁྱད་ལྡན་ཡུལ་སྐོར་དང་གནས་ཡུལ་གྱི་ཆ་རྐྱེན་ལ་བརྟེན་ནས། རྫོང་གི་དབུལ་སྐྱོར་ལས་གཞི་བརྩོན་ལེན་བྱས་རྗེས། བརྡ་ཆོ་སྡེ་བའི་འདན་རོང་ལུང་པར་ཡུལ་སྐོར་དབུལ་སྐྱོར་ལས་གཞིའི་མ་དངུལ་སྒོར་ས་ཡ་གསུམ་བཏང་བ་དང་། སྨི་གྲུ་བཞི་མ་ཉི་ཤུ་ལྷག་ཅན་གྱི་ཤིང་ཁང་དང་། སྨི་གྲུ་བཞི་མ་བཞི་བརྒྱ་ཡི་ཤིང་སྐས་དང་རྡོ་སྐས། སྦྲ་གུར་ཕུབ་ས། ཤེལ་བཟོས་ལྗོངས་ལྟ་སྟེགས་བུ་སོགས་ལས་པ་དང་། ད་ཡོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་གཏོང་བའི་རྨང་གཞིའི་སྟེང་། སྲོལ་རྒྱུན་དང་དེང་རབས་ཀྱི་བཟོ་རྩལ་ཟུང་འབྲེལ་བྱེད་པའི་ཐབས་ལམ་ལ་བརྟེན་ནས། སྤུས་ལེགས་ཡུལ་སྐོར་ལམ་ཐིག་བསྐྲུན། དེ་ལྟར་ཡང་ལས་བསྐྱར་ལས་ཐེངས་མང་བྱས་པས། སྔོན་ཆད་ཁུ་སིམ་མེར་གནས་པའི་བརྡ་ཆོ་སྡེ་བ་སྐད་ཅིག་ཉིད་དུ་འདུ་ལོང་འཁྲུག་པོར་གྱུར།

ད་ལྟ་སྤྲོ་གསེང་སྡེ་བ་རུ་ཡིད་དུ་འོང་བའི་ཤེལ་བཟོས་འཕྲང་ལམ་དང་ལྷུན་ཆགས་རི་བོའི་བར་དུ་གྱ་གྱུར་འབབ་བའི་རྦབ་ཆུ། བཟོ་དབྱིབས་ཁྱད་མཚར་བའི་ཤིང་ཁང་དང་རི་སུལ་ཤིང་སྐས། བོད་ལུགས་ཁྱད་ལྡན་སྦྲ་གུར་སོགས་ཡོད་པས། རྒྱང་ནས་བལྟས་ན། ཡོད་ཚད་མཛེས་སྡུག་པིར་གྱིས་བྲིས་པའི་གྲོང་གསེབ་ཀྱི་རི་ཆུ་མངོན་པའི་མཛེས་སྡུག་གི་རི་མོ་ཞིག་དང་ཀུན་ནས་མཚུངས།

བརྡ་ཆོ་སྡེ་བའི་འབྲོག་པ་བུ་ཆུང་གིས་བཤད་རྒྱུར། “2019ལོར་ང་རང་སྡེ་བས་རྩ་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་གོ་ཆོད་པའི་རྩལ་ནུས་མི་ཉུང་བ་ཞིག་སྦྱངས་ཐུབ་སོང་། ད་ལྟ་སྤྲོ་གསེང་གླིང་དུ་ཞབས་ཞུ་བའི་ལས་ཀ་གཉེར་གྱིན་ཡོད་ལ། ཟླ་རེར་གཏན་འཇགས་ཀྱི་ཟླ་ཕོགས་སྒོར2000རེ་བཙལ་ཐུབ”ཟེར།

ལོ་འདི་གཉིས་ཀྱི་རིང་ལ། འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་བསྟུན་ནས། མི་ཚང་མས་ཟས་རིགས་བདེ་འཇགས་ལ་སྔར་ལས་མཐོང་ཆེན་བྱེད་བཞིན་ཡོད། ཨན་བན་བཀྲ་མེ་ཡི་སེམས་སུ་དེ་ནི་སྦགས་བཙོག་མེད་པའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་ལེགས་པོ་ཞིག་རེད་སྙམ་གྱིན་ཡོད།

ཁོ་རང་ཁྱིམ་ཚང་རེ་རེར་སོང་ནས་མང་ཚོགས་ལ་ཁ་ཏ་དང་སྐུལ་ལྕག་བཏང་སྟེ། བརྡ་ཆོ་སྡེ་བའི་ས་རྒོད་ཁ་ཤས་མཉམ་དུ་བསྡུས་ནས་སྤྱི་ཆིང20ཡི་སར་ཞོག་ཁོག་དང་ནས་སོགས་ཀྱི་ཞིང་ལས་ལོ་ཏོག་འདེབས་འཛུགས་བྱས། ལོ་འགའི་དུས་ཡུན་ནང་འབྲུ་རིགས་སྤྱི་རྒྱ་ཁྲི་གསུམ་དང་སྟོང་དགུ་དགུ་བརྒྱ་དང་ཞོག་ཁོག་སྤྱི་རྒྱ་ཁྲི་བཞི་དང་སྟོང་གཉིས་བདུན་བརྒྱ་ལྔ་བཅུའི་ཡོང་འཕར་བྱུང་བ་རེད། དེ་དང་ཆབས་ཅིག་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རྫོང་ཞིང་ཕྱུགས་ཅུའུ་དང་འབྲེལ་འདྲིས་བྱས་པ་བརྒྱུད། སྡེ་བའི་ནང་དུ་སྤྱིལ་ཁང་ལས་ནས་སྔོ་ཚོད་འདེབས་འཛུགས་བྱེད་མགོ་བརྩམས་ཤིང་། དེ་ལས་ཐོན་པའི་སྔོ་ཚོད་རྣམས་ཁྲོམ་རའི་ཆ་སྙོམས་ཀྱི་རིན་གོང་ལས་དམའ་བའི་སྒོ་ནས་སྡེ་བའི་རོང་འབྲོག་མང་ཚོགས་ལ་བཙོང་བས། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནོན་ཤུགས་ཇེ་ཆུང་དུ་བཏང་།

ཚོང་ལམ་རྒྱ་བསྐྱེད་ཆེད། ཨན་བན་བཀྲ་མེ་ཡིས་ཁྲོམ་རའི་ཆ་སྙོམས་ཀྱི་རིན་གོང་ལྟར། གན་རྒྱ་འཇོག་པའི་རྣམ་པ་བརྒྱུད་དེ་ལས་ཁུངས་སོ་སོའི་ཟ་ཁང་ལ་ཉིན་རེར་སྔོ་ཚོད་སྤྱི་རྒྱ་བརྒྱ་དང་ལྔ་བཅུ་རེ་འཚོང་བཞིན་ཡོད་པས། སྡེ་མི་ཚོས་ཧུར་ཐག་གིས་འདེབས་འཛུགས་བྱེད་རྒྱུ་ལས་ཚོང་ལམ་ལ་འདང་རྒྱག་མི་དགོས། ཁོས“ང་ཚོས་ལྗང་མདོག་ཟས་རིགས་གཙིགས་སུ་འཛིན་བཞིན་ཡོད་ལ། ཞིང་སྨན་གང་ཡང་སྤྱད་མ་མྱོང་བས། ང་ཚོའི་ཚོང་ཟོང་གི་མངགས་ཉོ་རྟག་པར་གཏན་འཇགས་ཡིན་ཞིང་། དེའི་མཚུངས་སུ་སྡེ་བས་ལོ་རེར་ཕྱིར་འཚོང་ཡོང་འབབ་ཀྱི་ཆ་ཤས་ཤིག་བླངས་ནས་ལྔ་སྐྱོང་ཁྱིམ་ཚང་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་བཞིན་ཡོད”ཟེར།

ད་ལྟ། གྲོང་གསེབ་དར་སྤེལ་བྱེད་མགོ་བརྩམས་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བསྒྲུབས་མྱོང་བའི་ཨན་བན་བཀྲ་མེ་ཡིས་བརྡ་ཆོ་སྡེ་བའི་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།