“མཐོ་སྒང་གི་གཅེས་ནོར” གཙོད་ཀྱི་ལྟ་སྲུང་པ།
2023.01.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

“མགོ་གཙོ་ལགས། དེ་རིང་ས་ཚིགས་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ་གཉིས་ཀྱི་སར་ང་ཚོས་གཙོད43མཐོང་བའི་ནང40ནི་གཙོད་མོ་རེད”ཅེས་ཁ་པར་ཐོན་པ་ན། ཀརྨ་གཡང་འཕེལ་གྱིས་ལྭ་བའི་ཁུག་མ་ནས་ཟིན་བྲིས་བླངས་ཏེ། ཕྱོགས་གཅིག་ནས་ནན་ཏན་གྱིས་ཁ་པར་ལ་ཉན་པ་དང་། ཕྱོགས་གཞན་ཞིག་ནས་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པའི་གཙོད་ཀྱི་གྲངས་འབོར་དང་གནས་ཡུལ་ཞིབ་ཚགས་ངང་ཟིན་ཐོར་བཀོད།

ཀརྨ་གཡང་འཕེལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་གཞོན་པ་ཡིན་ལ། 2022ལོ་ནི་ཁོ་རང་ཨ་ཆེན་གངས་རྒྱབ་ཏུ་ཐོན་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ནང་ཞུགས་པའི་ལོ15པ་རེད།

དགུན་གྱི་དུས་སུ། ཨ་ཆེན་གངས་རྒྱབ་ཀྱི་གྲང་ངར་ཧ་ཅང་ཆེ་བས་རུས་པའི་རྐང་ལ་ཟུག་འགྲོ། སྲུང་སྐྱོབ་ས་ཚིགས་ཀྱི་རི་སྐོར་རུ་མིས་གྲང་འགོག་གྱོན་ཆས་གྱོན་ཏེ་རྒྱང་མཐོང་དང་པར་ཆས། དེ་བཞིན་ལས་ཀའི་སྒྲིག་ཆས་གཞན་དག་འཁྱེར་ནས་རླངས་འཁོར་ནང་བསྡད་ཅིང་རི་མགོར་སྐོར་ཞིབ་ཏུ་འགྲོ་མགོ་བརྩམས། མིག་ལམ་དུ་དུས་ངེས་མེད་ཀྱིས་མངོན་ཡོང་བའི་གཙོད་དང་། སྤྱང་ཀི འབྲོང་སོགས་རི་སྐྱེས་སྲོག་ཆགས་ཀྱིས་རི་སྐོར་རུ་མི་ཚོའི་ཐང་སྟོང་གི་འཚོ་བར་སྤྲོ་སྣང་ཕྲན་ཙམ་སྦྱིན་ཡོད།

མིག་སྔར། གཙོད་རྣམས་རྒྱུད་སྤེལ་གྱི་དུས་ཚིགས་ལ་སླེབས་ཡོད། གཙོད་མང་པོ་ཞིག་ཨ་ཆེན་གངས་རྒྱབ་སྨུག་པ་ལ་སྒང་ས་ཁུལ་དུ་འགྲོ་བཞིན་ཡོད། རི་ལུང་སྐོར་ཞིབ་བྱེད་པའི་རུ་མི་ཚོའི་ཉིན་རེའི་ལས་འགན་གཙོ་བོ་ནི་ལྟ་ཞིབ་ཚད་ལེན་ཐུབ་པའི་གཙོད་ཀྱི་གྲངས་འབོར་དང་དེའི་འགུལ་སྐྱོད་ས་ཁོངས་གང་ཡིན་པ་ཟིན་ཐོར་གསལ་པོར་འགོད་རྒྱུ་དེ་རེད།

རང་རྒྱལ་གྱི་མཚོ་བོད་མཐོ་སྒང་གི་དབུས་སུ་གནས་པའི་ཨ་ཆེན་གངས་རྒྱབ་ཀྱི་ཆ་སྙོམས་མཚོ་འཕང་ལ་མུས4600ཡོད་པ་དང་དབྱང་དབུགས་འདུས་ཚད་ཧ་ཅང་དམའ་བ་རེད། དེ་བས་གནས་དེ་ནི་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གི་སྤྲོ་སྐྱིད་གླིང་དུ་གྱུར་པས། “མཐོ་སྒང་གི་གཅེས་ནོར”ཅེས་འབོད་པའི་རི་དྭགས་གཙོད་ནི་གཙོ་བོ་ས་དེ་གར་འཚོ་སྡོད་བྱས་ཡོད།

གཙོད་རྣམས་ལོ་རེར་ཐེངས་རེར་གཞི་ཁྱོན་ཆེན་པོའི་ངང་གནས་སྤོ་བྱེད་པ་དེར་མི་རྣམས་རྒྱུས་མངའ་ཆེན་པོ་ཡོད། མོ་གཙོད་དག་གིས་ལོ་རེའི་ཟླ11པ་ནས་ཟླ12པའི་བར་རྒྱུད་སྤེལ་བྱས་རྗེས་ཕྱི་ལོའི་ཟླ5པར་ཨ་ཆེན་གངས་རྒྱབ་འབྲོང་ནག་མཚོ་དང་ཉི་མ་མཚོ་སོགས་སུ་གཙོད་ཕྲུག་བཙའ་བར་བསྐྱོད་པ་དང་། ཟླ7པ་ནས་ཟླ8པའི་བར་གཙོད་ཕྲུག་བཙས་རྗེས་གཅིག་རྗེས་གཉིས་མཐུད་ངང་དེ་སྔའི་འཚོ་གནས་བྱེད་ཡུལ་དུ་ལོག་སྟེ་ཕོ་གཙོད་དག་དང་མཉམ་དུ་འདྲེས་པ་རེད།

རི་དྭགས་གཙོད་གནས་སྤོ་བྱེད་པའི་དུས་ཚིགས་ལ་སླེབས་ཐེངས་རེར། ཨ་ཆེན་གངས་རྒྱབ་ཀྱི་རི་མགོའི་སྐོར་ཞིབ་རུ་མིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགྲིམ་འགྲུལ་ས་མཚམས་སུ་དོ་དམ་དང་ཚོད་འཛིན་བྱས་ཏེ། མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་གཙོད་གནས་སྤོ་བར་འགོག་རྐྱེན་བཟོ་བའི་གནས་ཚུལ་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། ཚེ་སྲོག་གི་འགྲུལ་བཞུད་དེར་གཡས་གཞོགས་གཡོན་འདེགས་བྱེད་ཀྱིན་ཡོད།

དུས་རབས20པའི་ལོ་རབས80པར། ཨ་ཆེན་གངས་རྒྱབ་ཏུ་དུས་སྐབས་ཤིག་གི་རིང་ལ། རི་དྭགས་ལྐོག་ཏུ་རྔོན་པའི་གནས་ཚུལ་ཡ་ང་བ་བྱུང་ཞིང་། ལོ་འགའི་ནང་གཙོད་ཀྱི་གྲངས་འབོར་འབུམ་གཉིས་ལྷག་ཙམ་ནས་ཁྲི་གཉིས་བར་ཉུང་དུ་ཕྱིན་ཡོད། ཨ་ཆེན་གངས་རྒྱབ་ཀྱི་རི་མགོའི་སྐོར་ཞིབ་པ་མི་རབས་དུ་མས་ལོ་རེ་བཞིན་བློ་དཀར་སེམས་དཀར་དང་ཟུངས་ཁྲག་དྲོན་མོར་བརྟེན་ནས“མཐོ་སྒང་གི་གཅེས་ནོར”ཅེས་འབོད་པའི་རི་དྭགས་ཀྱི་ཁྱུ་ཚོགས་འདི་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད།

ལོ་རབས་དགུ་བཅུ་པའི་རྗེས་སུ་སྐྱེས་པའི་བློ་བཟང་རྒྱ་མཚོ་ནི་ཅུང་མ་འགོར་བའི་སྔོན་ལ་སྲུང་སྐྱོབ་ས་ཚིགས་སུ་ཡོང་ནས་འབྱོར་ཐོ་བཀོད་པ་དང་། ཁོས་རྒན་རབས་པ་ཚོའི་ཞབས་རྗེས་དེད་དེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་འགྱུར་བའི་ཕུགས་བསམ་སྙིང་ལ་བཀོད་ཡོད།

“ང་ཚོའི་ས་ཚིགས་སུ་ད་ལོར་ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་རུ་མི་གསུམ་ཡོང་བས། སྟོབས་ཤུགས་གསར་པ་སྔར་ལས་མང་པོ་ཞིག་ང་ཚོའི་རུ་ཁག་འདིའི་ནང་ཞུགས་པ་དང་། དེས་ང་ཚོའི་ལས་ཀ་འདི་གཟི་བརྗིད་ཅན་ཞིག་ཡིན་པ་མཚོན་པར་མ་ཟད། རྒྱུན་འཛིན་བྱེད་མཁན་ཡང་ཡོད་པའི་ཚོར་བ་ཞིག་སྐྱེས་བྱུང”ཞེས་ཀརྨ་གཡང་འཕེལ་གྱིས་མྱོང་ཚོར་ཟབ་མོ་ལྡན་པའི་ངང་ནས་དེ་ལྟར་བཤད་བྱུང་།

རི་མགོའི་སྐོར་ཞིབ་རུ་མི་མི་རབས་དུ་མས་བློས་བཏང་བ་བརྒྱུད། མིག་སྔར་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་གཙོད་ཀྱི་གྲངས་འབོར་ཁྲི་བདུན་ལྷག་ཇེ་མང་དུ་ཕྱིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་མགོ་ཁུངས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་པ་ཟླ་བ་སྒྲོལ་མས་གསར་འགོད་པར་བཤད་རྒྱུར། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། 2022ལོར་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་སྤྱིའི་གནས་སྤོའི་བསྡོམས་འབོར་དང་ཕྱིར་གནས་སྤོ་བྱེད་པའི་གྲངས་འབོར་སོ་སོར3885དང6225ཡོད་པ་དེ་ལོ་སྔོན་མ་དག་ལས་ཅུང་མང་དུ་ཕྱིན་ཡོད།

“ཨ་ཆེན་གངས་རྒྱབ་ནི་ནག་ནོག་གི་དྲི་མས་མ་གོས་པའི་ཡུལ་གྲུ་ཞིག་ཡིན་ལ། ང་ཚོས་མི་རབས་རྗེས་མར་བཞག་པའི་ཤུལ་བཞག་གལ་ཆེན་ཞིག་ཀྱང་ཡིན། སྐྱེ་ཁམས་བདག་སྐྱོང་གི་ལས་དོན་ལ་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་བྱ་བ་འདི་ལ་དོན་སྙིང་ཆེན་པོ་ལྡན་པས་ང་ཚོས་མི་རབས་ནས་མི་རབས་བར་བརྟན་སྲུང་བྱེད་རྒྱུ་ཡིན”ཞེས་ཀརྨ་གཡང་འཕེལ་གྱིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།