རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་མཁན།
2023.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

—སྐབས་གསུམ་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་གྱི་བྱ་དགའ་ཐོབ་པའི་སྔོན་ཐོན་མི་སྒེར་དང་། ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཡན་ལག་རུ་ཁག་གི་རུ་གཙོ་སྒྲོལ་དཀར་ཚེ་མཚོའི་གནས་ཚུལ་བཀོད་པ།

སྒྲོལ་དཀར་ཚེ་མཚོས་བྱ་བ་སྒྲུབ་བཞིན་པ།

གལ་ཏེ་མོ་ལ་རྒྱུས་མངའ་མེད་ཚེ། བབ་ཆགས་པའི་བོད་རིགས་བུད་མེད་འདི་དང་རྒྱུན་ལྡན་མཚོ་འཕང་སྨི4000ཡན་དུ་བྱ་བ་སྒྲུབ་བཞིན་པ། གཞི་རིམ་གྱི་ཁྲིམས་འཛིན་ལས་ཡུལ་དང་པོར་བྱ་བ་སྒྲུབ་པའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་བྱེད་དཀའ།

ཁོ་མོ་ནི་སྒྲོལ་དཀར་ཚེ་མཚོ་ཡིན་ལ། མཚོ་སྔོན་གྱི་གཞི་རིམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་གཞོལ་ནས་ལོ25འགོར་ཡོད་པའི་རིང་། ཁོ་མོས་འགན་འཁྲི་འཁུར་ཕོད་པ་དང་རང་འགན་ནན་སྒྲུབ་བྱེད་པ། ཉེ་རིང་ཕྱོགས་ལྷུང་མེད་པ་བཅས་བྱས་པས་ཡུས་ཧྲུའུ་ཡི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་དཔུང་སྡེའི་སྣེ་ཁྲིད་པར་གྱུར་ཡོད།

ལས་གནས་སུ་ཞུགས་མ་ཐག་པའི་དྲུང་ཡིག་གི་བྱ་བ་ནས་ད་ལྟ་ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཡན་ལག་རུ་ཁག་གི་རུ་གཙོའི་འགན་ཁུར་ཡོད་པ་དང་། སྒྲོལ་དཀར་ཚེ་མཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔའ་བོ་རྒྱས་བཟང་བསོད་ནམས་དར་རྒྱས་མིག་དཔེར་བྱས་ནས། བྱ་བའི་ཁྲོད་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བཞིན་ཡོད།

མི་ཞིག་དང་ཟིན་བྲིས་གཅིག གནས་ཚུལ་ཞིབ་ལྟ་བྱེད་ཤེས་པའི་མིག་ཟུང་བཅས་ནི་སྒྲོལ་དཀར་ཚེ་མཚོས་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་བྱ་བའི་ཁྲོད་ཞུགས་པའི་ཚད་གཞི་ཞིག་རེད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་ཁྲིམས་འཛིན་གྱི་ལས་རིགས་འདི་འདེམས་དོན་ཅི་ཡིན་པ་གླེང་སྐབས། ས་སྐྱེས་རྡོ་སྐྱེས་ཀྱི་ཡུས་ཧྲུའུ་བ་ཞིག་ཡིན་པའི་ཁོ་མོས་ཆུང་དུས་ནས་རྩྭ་ཐང་དུ་འཚོ་བ་རོལ་བས་ཕ་ཡུལ་གྱི་རྩྭ་རྩི་ཤིང་ལ་ཞེན་ཆགས་ཆེན་པོ་བྱེད་ཀྱིན་ཡོད།

2016ལོར། ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཡན་ལག་རུ་ཁག་དངོས་སུ་བཙུགས་པ་དང་། སྒྲོལ་དཀར་ཚེ་མཚོ་ཡན་ལག་རུ་ཁག་དང་པོའི་རུ་གཙོར་གྱུར། “ངས་རང་ཉིད་ལ་རེ་བ་ནན་མོ་འདོན་པ་དང་། སྣང་བརྙན་བཟང་པོ་བསྐྲུན་པ། དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱེད་དགོས། དེ་ལྟར་མ་བྱས་ཚེ་རྗེས་ཕྱོགས་རྒྱུན་འཛིན་བྱེད་མཁན་བློ་མཐུན་ཚོས་བྱ་བ་ཇི་ལྟར་སྤེལ་དགོས་སམ།” སྒྲོལ་དཀར་ཚེ་མཚོ་ལ་མཚོན་ནས་བཤད་ན། ལས་གནས་གང་དུ་ཡོད་ན་འགན་འཁྲི་གང་དུ་ཡོད་པ་དང་། འགན་འཁྲི་གང་དུ་ཡོད་ན་སེམས་པ་དེ་རུ་ཡོད།

དུས་ཡུན་རིང་པོའི་ནང་ལས་ཡུལ་དང་པོར་སྐོར་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པའི“ཁོར་ཡུག་སྲུང་སྐྱོབ་ཀྱི་སྲུང་དམག”ཡིན་པའི་ཆ་ནས། སྒྲོལ་དཀར་ཚེ་མཚོས་ཐོག་མཐའ་བར་གསུམ་དུ་ཁེ་ལས་དང་ཡུལ་དངོས་སུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་བྱེད་ཐབས་དང་རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་སྣ་ཚོགས་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ནང་གི་རིགས་སོ་སོའི་གཙོ་གནད་ཁོར་ཡུག་སྤུས་ཚད་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་གདེང་འཇོག་བྱས་པ་དང་། “ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་ལ་སྒྱིད་ལུག་བྱེད་མི་རུང་བར་ཡུལ་དངོས་སུ་བསྐྱོད་དགོས་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་བརྡར་གཅོད་བྱེད་དགོས། དེ་ལྟར་དངོས་སུ་ལས་སྒྲུབ་བྱས་ཚེ་གཞི་ནས་གནད་དོན་ཤེས་ཐུབ་པ་དང་དྲང་གཞག་གཞུང་དྲང་གི་སྒོ་ནས་ཁྲིམས་འཛིན་དབང་ཆ་སྤྱོད་ཐུབ”ཅེས་སྒྲོལ་དཀར་ཚེ་མཚོས་དེ་ལྟར་བཤད།

“ཁོ་མོ་ནི་ལོ་ངོ་དུ་མའི་རིང་ཡུས་ཧྲུའུ་ཡི་སྐྱེ་ཁམས་ཁོར་ཡུག་གི་ལས་ལ་གཞོལ་མཁན་ཁྲིམས་འཛིན་ཡན་ལག་རུ་ཁག་གི་སྲུང་སྐྱོབ་མཁན་རེད།

ཁྲིམས་འཛིན་ཡན་ལག་རུ་ཁག་བཙུགས་མ་ཐག སྒྲོལ་དཀར་ཚེ་མཚོས་མི་རྣམས་ཀྱི་སྣེ་ཁྲིད་དེ་ཁེ་ལས་ཆུང་གྲས་ཤིག་ཏུ་རྟོག་ཞིབ་བྱེད་དུ་སྐྱོད་སྐབས། ཁེ་ལས་ཀྱི་འགན་འཁུར་བས“སྡེ་ཁག་དེ་འདྲ་ཞིག་ཡོད་པ་ཐོས་མ་མྱོང”ཞེས་པའི་སྐད་ཆ་དེས་ཁོ་ཚོར་ཁ་ཡ་མ་བྱས་པ་དང་། མཐུན་སྦྱོར་ཐེངས་མང་བྱས་ཀྱང་མཇུག་འབྲས་མེད་པར་གྱུར། དཀའ་ངལ་དེ་དག་གི་མདུན་དུ་ཁོ་མོས་སེམས་མ་ཕམ་པར་ཕྱོགས་གཅིག་ནས་ཁེ་ལས་ལ་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གོ་རིམ་ལྟར་ཁྲིམས་འཛིན་བྱ་བ་སྤེལ་ཏེ་མཐར་ཁེ་ལས་དེར་གནས་པའི་གནད་དོན་ཤེས་རྟོགས་བྱུང་པ་དང་འབྲེལ་ཆད་པ་ཡང་དང་ལེན་བྱས།

ད་དུང་སྒྲིག་འགལ་ངང་བཙོག་ཆུ་ཕྱིར་གཏོང་བྱེད་མཁན་ཁེ་ལས་ཆེ་གྲས་ཤིག་གིས་དངུལ་ཆད་སྒོར་འབུམ་གསུམ་ལ་སྣང་ཆུང་བྱས་པ་མ་ཟད། ཐ་ན་གོང་རིམ་སྡེ་ཁག་ཏུ་སྒྲོལ་དཀར་ཚེ་ཞུ་གཏུག་བྱེད་དགོས་ཞེས་ཀྱང་བཤད། གནོན་ཤུགས་ཆེན་པོའི་མདུན་དུ་ཁོ་མོས་ཕྱིར་བཤོལ་སྤུ་ཙམ་ཡང་མ་བྱས་པར་ཐོག་མཐའ་བར་གསུམ་དུ་གཞུང་དྲང་ངང་ཁྲིམས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། ཁེ་ལས་ཀྱིས་རང་ངོས་ཀྱི་ནོར་འཁྲུལ་ཤེས་རྟོགས་བྱུང་ནས་དངུལ་ཆད་འདང་ངེས་འཇལ་བ་རེད།

གོང་གི་དོན་ཆེན་དེ་གཉིས་བརྒྱུད་ནས། ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཡན་ལག་རུ་ཁག་གི་སྒོ་བྱང་བཀལ་བ་དང་། སྒྲོལ་དཀར་ཚེ་མཚོ་ཡང་མི་སྣ་གྲགས་ཅན་ཞིག་ཏུ་གྱུར། མི་སྔར་ལས་མང་པོ་ཞིག་གིས་ཁྲིམས་འཛིན་ཡན་ལག་རུ་ཁག་ལ་མགོ་སྐོར་གཏོང་དཀའ་བ་དང་ཉེ་རིང་ཕྱོགས་ལྷུང་མེད་པའི་བུད་མེད་རུ་དཔོན་ཞིག་ཡོད་པ་ཤེས།

སྒྲོལ་དཀར་ཚེ་མཚོ་རྒྱུན་དུ་ལས་ཡུལ་དང་པོར་བསྐྱོད་པ་དང་། ཨ་ཆེན་གངས་རྒྱབ་མི་མེད་ཁུལ་དུའང་ཧ་ལམ་སོང་ཚར་ཡོད། འོན་ཀྱང་ཁོ་མོས་ནམ་ཡང་དེ་དག་དཀའ་སྡུག་ཅིག་ཏུ་མི་སྣང་བར་བྱ་བར་འབད་བཞིན་ཡོད། 2021ལོའི་ཟླ5པར། ཁོ་མོས་ན་གཞོན་རུ་མི་ཁ་ཤས་ཁྲིད་དེ་རྒྱལ་ལམ109ཡི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་བརྒྱུད་དེ་སྨིག་པ་ལ་སྒང་དུ་སྐོར་ཞིབ་བྱས་པ་དང་། ལམ་བར་དུ་ཁོ་མོར་དབྱང་དབུགས་མི་འདང་བའི་ནད་རྟགས་ཐོན་ནས་མགོ་ན་བ་དང་མགོ་ཡུ་འཁོར་བ་རེད། སྣང་ཚུལ་དེ་རིགས་ཁོ་མོར་ཕལ་ཆེར་བྱུང་མ་མྱོང་། ལོ་ངོ་མང་པོའི་རིང་། ཁོ་མོ་ཆུང་མ་དང་ཨ་མ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྲུང་དམག་བཅས་ཀྱི་བར་རྒྱུན་དུ་ཐོབ་ཐང་བརྗེ་རྒྱུར་བྱེད་པར་གོམས་ཡོད་པ་དང་། ལྗིད་རྫོབ་ཆེ་ལ་ཛ་དྲག་ཆེ་བའི་བྱ་བར་འགན་འཁུར་རྒྱུར་གོམས་ཡོད། ཐེངས་དེར་ཁོ་མོས་སྔར་བཞིན་རང་འགན་གཞན་དཀྲི་དང་གཡོལ་ཐབས་བྱས་མེད་པས། དབྱང་དབུགས་རྔུབ་ནས་ཉིན་གསུམ་བཞི་ལ་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲིར་ངོ་མི་གནོང་བར་བྱས།

ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཡུལ་དང་པོར་འབད་བརྩོན་བྱས་ནས་ལོ25འགོར་ཡོད་པ་དང་། སྒྲོལ་དཀར་ཚེ་མཚོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་འཕོ་འགྱུར་ཆེན་པོ་དཔང་པོ་བྱས་པ་མ་ཟད། ལས་གནས་སྟེང་འབུར་དུ་ཐོན་པའི་བྱས་རྗེས་ཕུལ་ཡོད། ཁོ་མོས་འགན་ཁུར་བའི་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ཞིང་ཆེན་ཡོངས་ཀྱི་སྔོན་གྲལ་དུ་ཕྱོགས་ཡོངས་ལ་ཁེབས་ཡོད། ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་ཁྲོད་ཁོ་མོས་རང་འགུལ་ངང་ལས་ཡུལ་དང་པོར་རྐང་བཙུགས་ནས་ཡུས་ཧྲུའུ་ཡི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚད་གཞི་ཅན་གྱི་འཛུགས་སྐྲུན་བརྟན་པོའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་དང་། ཁོ་མོས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཁྲིམས་འཛིན་སྟོབས་ཤུགས་མཉམ་འབྲེལ་བྱས་ནས་ཁྲིམས་ལག་བསྟར་བྱེད་པའི་བྱ་ཐབས་བཏོན་པར་ཕན་འབྲས་བཟང་པོ་ཐོབ་པ་མ་ཟད། ད་དུང་ཞིང་ཆེན་ཡོངས་སུ་ཁྱབ་གདལ་གཏོང་བཞིན་ཡོད། ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རི་བོ་སྔོ་ཞིང་ཆུ་མོ་དྭངས་ལ། མཛེས་སྡུག་ལྡན་པའི་ངོ་གདོང་ལས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁོར་སྲུང་པའི་ཞུམ་མེད་དཔའ་ངར་ལྡན་པ་དང་། རང་ལ་ཡིད་ཆེས་ཡོད་པ།མཛེས་སྡུག་ལྡན་པར་འགྱུར་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།