ནུས་ཤུགས་ཡོད་རྒུ་བཏོན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས།
2023.02.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

 རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ལག་རྩལ་པུའུ་ཡི་པུའུ་ཀྲང་ཞུས་ཆིན་མེན་གྱི་གནས་ཚུལ།

“སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་ཚིས་བདེ་སྐྱིད་ཡིན། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ནི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པས། ང་ཚོས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་འབྲེལ་ཏེ། ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་ཁྲོད་ཀྱི་སྦགས་བཙོག་དངོས་པོ་གསར་པར་དབྱེ་ཞིབ་བྱེད་ཐབས་འཚོལ་ཞིབ་དང་གསར་འཛུགས་བྱེད་པ་དང་། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་ས་རྒྱུའི་ཁོར་ཡུག་གཙང་ཞིང་བརྟན་པོ་ཡོང་བར་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།”

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ལག་རྩལ་པུའི་པུའུ་ཀྲང་ཞུས་ཆིན་མེན་གྱིས་ལས་གྲོགས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་ལས་དོན་གྱི་ཇུས་གཞིར》དམིགས་ནས་སྦགས་བཙོག་དངོས་པོ་གསར་པའི་ཁོར་ཡུག་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་ཐབས་ཇི་ལྟར་འཛུགས་རྒྱུའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད།

“ལོ་རབས་བརྒྱད་ཅུ་བའི་རྗེས”ཀྱི་ཞུས་ཆིན་མེན་གྱིས2008ལོར་ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་བྱ་བ་སྒྲུབ་པའི་ཚུན་ལ།  དུས་ཡུན་རིང་བོར་ས་རྒྱུ་དང་ཞིང་སྡེའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་མ་དཔེ་བསྡུ་ལེན་དང་གཞི་གྲངས་ལ་དབྱེ་ཞིབ་དང་གདེང་འཇོག  དཔྱད་ཞིབ། ཡར་ཞུ་བཅས་དང་དེ་བཞིན་ཁོར་ཡུག་གི་སྤུས་ཚད་ཀྱི་སྙན་ཞུ་སྣ་ཚོགས་བཟོ་བ་སོགས་ཀྱི་བྱ་བ་བསྒྲུབས། མིག་སྔར་གཙོ་བོ་གཞི་གྲངས་ལ་ཞིབ་བཤེར་གཏན་འབེབས་དང་དབྱེ་ཞིབ་གདེང་འཇོག་གི་བྱ་བ་སྒྲུབ་བཞིན་ཡོད་པ་དང་།  ལོ་རེར་ས་རྒྱུའི་གཞི་གྲངས་སྣ་ཚོགས་སྟོང་ལྷག་དང་ཁོར་ཡུག་དབྱེ་ཞིབ་སྙན་ཞུའི་རེའུ་མིག་སྣ་ཚོགས་བརྒྱ་ཙམ་ལ་དཔྱད་ཞིབ་བྱེད་ཀྱིན་ཡོད། ལོ་གཅིག་ནང་ཁོས་ལོ་ཕྱེད་ཀྱི་དུས་ཡུན་ནང་ཕྱི་རོལ་དུ་མ་དཔེ་འཚོལ་བསྡུ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་བཞིན་ཡོད་ཅིང་། མ་དཔེ་འཚོལ་བསྡུ་དང་དབྱེ་ཞིབ་ཚོད་ལྟ་བྱས་ནས་སྙན་ཞུ་བཟོ་བའི་བར་གྱི་བརྒྱུད་རིམ་ཚང་མར“བདེན་པ་དང་། ཡང་དག་པ། ཆ་ཚང་བ”བཅས་ཀྱི་ཚད་གཞིར་སླེབས་པར་ཁག་ཐེག་བྱས།

“གྲོས་ཚོགས་ཁང་དང་། ཚོད་ལྟ་ཁང་། ལས་ཡུལ་དང་པོ་བཅས་སུ་མེད་ན་མ་དཔེ་འཚོལ་བསྡུ་དང་། བརྟག་དཔྱད་ཞིབ་འཇུག མཛུབ་སྟོན། ཞབས་ཞུ་བཅས་བྱེད་པའི་ལམ་དུ་ཡོད།”“ངལ་གསོ་བྱེད་པའི་དབང་དུ་བཏང་ནའང་བསམ་བློ་གཏོང་ཡུལ་ལས་ཀ་ཡིན།”ཞེས་པའི་སྟབས་བདེའི་སྐད་ཆ་དེ་དག་ནི་ལས་གྲོགས་ཚོས་ཞུས་ཆིན་མེན་གྱི་བརྩོན་འགྲུས་ལས་བཀུར་དང་དངོས་སྒྲུབ་འགན་འཁུར་གྱི་རྣམ་པར་ཆེས་ཐད་ཀར་གདེང་འཇོག་བྱས་པ་ཞིག་རེད།

“དཀའ་ལས་ཅུང་ཙམ་བྱས་ཀྱང་སྐྱོན་མེད་པས་མ་དཔེ་འཚོལ་བསྡུ་བྱེད་པའི་མྱུར་ཚད་དང་མ་དཔེ་འཚོལ་བསྡུ་བྱེད་པའི་སྤུས་ཚད་ཁག་ཐེག་བྱེད་དགོས།”ཕྱི་རོལ་དུ་བྱ་བ་སྒྲུབ་སྐབས་ཞུས་ཆིན་མེན་ནི་སྐབས་འགར་རི་ཁྲོད་དང་ནགས་གསེབ་དུ་འགྲོ་བ་དང་སྐབས་འགར་ཞིང་ཁ་སོགས་སུ་འགྲོ་གྱིན་ཡོད།  སྐབས་འགར་ས་རྒྱུའི་མ་དཔེ་ཞིག་བསྡུ་ལེན་བྱེད་པའི་ཆེད་དུ། ཁོ་དང་ལས་གྲོགས་ཚོས་ནངས་སྔ་ལང་དང་དགོང་འཕྱི་ཉལ་གྱིས་བསྟུད་མར་ལས་ཀ་གཉེར་ནས་ལྷམ་ཐོག་ཏུ་འདམ་གྱིས་ཁེངས་པ་དང་། ལྭ་བ་རྔུལ་ཆུའི་བརླན་ནས་ས་རྒྱུའི་མ་དཔེ་བསྡུ་ལེན་དང་བཟོ་སྐྲུན་གྲ་སྒྲིག འཁོར་རྒྱུག་གི་བྱ་བ་ལེགས་འགྲུབ་བྱས་པ་རེད།  རང་འཁྲིའི་བྱ་བ་ལེགས་སྒྲུབ་བྱེད་པ་དང་མཉམ་དུ་ཞུས་ཆིན་མེན་གྱིས་ད་དུང་དུས་ཚོད་སྔར་ལས་མང་བ་སྤྱད་དེ་གཞི་རིམ་གྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས། མང་ཚོགས་ཀྱིས་བློ་འདྲི་བྱས་པའི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་འདེབས་པ་དང་འབྲེལ་ཡོད་བསམ་འཆར་བསྡུ་ལེན་དང་ལེགས་སྒྲིག་བྱེད་ཀྱིན་ཡོད།

“ལོ་མང་པོར་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་ཁོར་ཡུག་སྲུང་སྐྱོབ་ཙམ་ནས།  རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ་ཁོར་ཡུག་དོ་དམ་གྱི་རྨང་རྡོ་དང་།   སྲོག་རྩ་ཞིག་ཏུ་གྱུར་ཏེ། སྐྱེ་ཁམས་ཁོར་ཡུག་དོ་དམ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྲ་ཞིང་བརྟན་པའི་འདེགས་སྐྱོར་མཁོ་འདོན་བྱས་པ་དེས་ངའི་ཕྲག་སྟེང་གི་འགན་འཁྲི་སྔར་ལས་ལྕི་རུ་ཕྱིན་པ་དང་སེམས་ཁོང་གི་རེ་བ་སྔར་ལས་ཆེ་རུ་གྱུར་བའི་ཚོར་སྣང་སྟེར་བྱུང་”ཞེས་ཞུས་ཆིན་མེན་གྱིས་དེ་ལྟར་བཤད། ཞུས་ཆིན་མེན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཀྱི་ཐབས་ཇུས་ཇུས་འདོན་ལ་གདེང་འཇོག་དཔྱད་ཞིབ་དང་འགན་ཁུར་ནས། རྨང་གཞིའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་བཏང་ཡོད།2022ལོར་ཞུས་ཆིན་མེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་དཔེ་མཚོན་ལས་རིགས་མཐའ་འཁོར་གྱི་ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་ལག་བསྟར་ཇུས་གཞི》དང་།《མཚོ་སྔོན་ཞིང་ཆེན་ས་ཁོངས་ཀྱི་ས་རྒྱུའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱེད་པའི་ལག་བསྟར་ཇུས་གཞི》ཞེས་པའི་ལག་རྩལ་ཆེད་དོན་ཇུས་གཞི་གཉིས་བཟོ་སྒྲིག་བྱེད་པར་ཞུགས་པར་མ་ཟད་ཡོངས་འགྲུབ་བྱས་ཏེ།  རྒྱལ་ཁབ་ཀྱི་ལག་རྩལ་ཞིབ་བཤེར་བདེ་བླག་ངང་བྱས་པ་དང་འབྲེལ་ཀྲུང་དབྱང་གི་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་ཡང་ཐོབ་ཡོད། དེ་དང་ཆབས་ཅིག《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་འཆར་འགོད》འགོ་འཛིན་བྱས་ནས་ཡོངས་འགྲུབ་བྱས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས་ཀྱི་མ་དཔེ་བསྡུ་ལེན་དང་།  མཚོ་སྔོན་པོའི་ལྟ་ཞིབ་ཚད་ལེན་སོགས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཆེད་དོན་ལྟ་ཞིབ་ཚད་ལེན་སོགས་རྣམ་གྲངས་མང་པོ་ལེགས་འགྲུབ་བྱས་ནས། སྔ་རྗེས་སུ་ལག་རྩལ་གྱི་ཚད་གཞིའམ་ཡང་ན་ལག་རྩལ་ཡིག་ཆ30ལྷག་གི་བསམ་འཆར་བསྡུ་ལེན་ལ་ལན་བཏབ་པ་རེད།

ཉེ་ལམ། ཞུས་ཆིན་མེན་གྱི་ཉིན་རེའི་ལས་ཀ་བཀོད་སྒྲིག་བྱས་པ་ཧ་ཅང་མང་བས། ཚོགས་འདུ་སྣ་ཚོགས་ནང་ཞུགས་པ་དང་རྣམ་གྲངས་ཇུས་འགོད་དང་མཐུན་སྦྱོར་སྒྲིག་འཛུགས་བྱེད་པ། ཁོར་ཡུག་དབྱེ་ཞིབ་སྙན་ཞུ་འབྲི་བ་སོགས་ཉིན་གཅིག་གི་ལས་ཀ་བསྒྲུབས་ཚར་རྗེས། ཞུས་ཆིན་མེན་གྱིས་ཟིན་བྲིས་འགོད་དེབ་གྱི་ཁ་ཕྱེ་ནས་འཐུས་མིའི་བསམ་འཆར་འོག་སླར་ཡང་ཡིག་ཕྲེང་གསུམ་ལྔ་ཙམ་ཁ་གསབ་བྱས་ཏེ། པེ་ཅིན་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་རྒྱུར་གྲ་སྒྲིག་བྱས།

“གསར་དུ་བདམས་ཐོན་བྱུང་བ་དང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ནས་ཡོང་བའི་གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་ཐུབ་པ་བྱུང་བར་སེམས་འགུལ་ཆེན་པོ་ཐེབས་ཤིང་། འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་།”ཞུས་ཆིན་མེན་གྱིས་བལྟས་ན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ནི་གཟི་བརྗིད་ལྡན་པའི་འབོད་སྟངས་ཤིག་ཁོ་ན་མ་ཡིན་པར་ལྷག་ཏུ་དམངས་ཀྱི་མགྲིན་ཚབ་བྱེད་པའི་ལས་གནས་ཤིག་དང་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཀྱང་ཡིན་པར་འདོད་ཡོད།

འགན་འཁྲི་སྒྲུབ་རྒྱུའི་སྐོར་གླེང་སྐབས་ཞུས་ཆིན་མེན་གྱིས་བཤད་རྒྱུར།“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་དང་མི་རིགས་ཀྱི་མ་འོངས་བ་དང་འབྲེལ་བ་ཡོད་པས། ངས་བརྟག་ཞིབ་ལས་དོན་བཟང་བོར་སྒྲུབ་ནས།  དམིགས་སའི་རང་བཞིན་ལྡན་པ་དང་ལག་བསྟར་བྱེད་འཐུས་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་ཏེ། ཁྲིམས་གྱིས་གཏན་འབེབས་གནང་བའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་མི་དམངས་ཀྱི་ཁེ་ཕན་གྱི་ཚབ་བྱས་ནས། ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་ཆེད་ཧུར་ཐག་གིས་འབོད་སྐུལ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་ངར་ཤུགས་གཅིག་སྒྲིམ་དང་། དམིགས་འབེན་གཏན་འབེབས་བྱས་ཏེ།  བྱ་སྤྱོད་དངོས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་རྨང་གཞིའི་བྱ་བ་འདི་བཟང་བོར་བསྒྲུབས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ།དངོས་སྦྱོང་སློབ་མ་དབང་མོ་རྒྱལ།