རྩེ་གཞུང་རྩྭ་ཐང་གི་སྐྱེ་ཁམས་བདག་སྐྱོང་པ།
2023.03.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 51

དཔྱིད་དུས་ཀྱི་རྩེ་གཞུང་རྩྭ་ཐང་གི་ནམ་མཁའ་སྔོ་ཞིང་བསངས། ཉེ་ཆར་སྐད་གྲགས་དྲ་ལམ་དུ་ཁྱབ་པའི“དྲ་གྲགས”སྐྱེ་ཁམས་བདག་སྐྱོང་པ་གཡུ་སྒྲས་ནམ་རྒྱུན་དང་འདྲ་བར་ནངས་སྔ་མོའི་ཉི་འོད་བསུས་ཏེ། ཉིན་གཅིག་གི་སྐོར་སྐྱོད་ལྟ་སྲུང་བྱེད་མགོ་བརྩམས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་སྐྱེ་ཁམས་བདག་སྐྱོང་པ་སྟོང་གཉིས་དང་དྲུག་བརྒྱ་གྱ་གཉིས་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། ཁོས་ཀྱང་ལས་གྲོགས་རྣམས་དང་འདྲ་བར་ཉིན་རེའི་ཞོགས་པར་རྩྭ་ཐང་ས་ཚིགས་སུ་འགྲོ་བ་དང་། དེ་ནས་རང་ཉིད་ཀྱི་སྐོར་སྐྱོད་ལྟ་སྲུང་ལས་འགན་བསྣམས་ནས། ལས་འགན་ཧྲིལ་པོ་དེ་ལས་འགན་རེ་རེར་བསྒྱུར་ཏེ། ཁྱོན་ཡོངས་ནས་བྱ་བ་སྒྲུབ་མགོ་ཚུགས་ཤིང་། རྩེ་གཞུང་རྩྭ་ཐང་གོམ་པས་འཇལ་ནས། ས་ཆ་རེ་རེར་སྐོར་སྲུང་དང་གནས་རེ་རེར་འཚོལ་ཞིབ་བྱས།

གཡུ་སྒྲས་དགོར་ཞོར་དུ་བཤད་རྒྱུར། ང་ཚོས་ཕལ་ཆེར་སྔ་མོ་ནས་ལས་ཀ་མགོ་བརྩམས་པ་ཡིན་ལ་ཁྱིམ་དུ་སླེབས་སྐབས་ཕལ་ཆེར་ས་རུབ་ཡོད། ཁྱད་པར་དུ་དབྱར་ཁར་སླེབས་ཏེ། རྩྭ་ཐང་གི་གནོད་འཚེ་ཆེས་གཅིག་བསྡུས་ཀྱི་དུས་སུ་སྐྱེ་ཁམས་བདག་སྐྱོང་པ་ཚོས་རྒྱུན་པར་སྦྲ་གུར་དང་ལམ་རྒྱགས་འཁྱེར་ནས་རྩྭ་ཐང་དུ་བསྐྱོད་པ་ཡིན་ལ། སྐོར་སྐྱོད་ལྟ་སྲུང་བྱེད་པའི་དུས་མཚུངས་སུ་རྩྭ་ཐང་འཛུགས་སྐྲུན་དང་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱས་པ་དང་། འཕྲིན་གཏོང་བརྡ་རྟགས་སྡུད་ལེན་བྱེད་མི་ཐུབ་པའི་ས་ཆ་མང་པོ་ཞིག་ཏུ་ཉིན་ཁ་ཤས་སྡོད་དགོས་པའི་སྐབས་ཀྱང་ཡོད་ཟེར།  འདི་ལས་སྐྱེ་ཁམས་བདག་སྐྱོང་པའི་ལས་ཀ་ཧ་ཅང་ལྕི་བ་ཤེས་ཐུབ།

རྩེ་ཁོག་རྫོང་རྩྭ་ཐང་ས་ཚིགས་ཀྱི་མགོ་གཙོ་གདུགས་དཀར་རྒྱལ་གྱིས་ངོ་སྤྲོད་བྱས་དོན། རྩེ་ཁོག་ལ་ད་ལྟ་དངོས་སུ་བེད་སྤྱད་ཆོག་པའི་རྩྭ་ས་མུའུ་ས་ཡ་བདུན་དང་འབུམ་དྲུག་ཁྲི་གཅིག་སྟོང་གསུམ་ཉིས་བརྒྱ་ཡོད་པ་དང་། ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་པའི་ངོས་ནས། ས་ཆ་ཉུང་ལ་མི་འབོར་མང་བའི་གནས་ཚུལ་དང་ཡང་འཕྲད་ཡོད་པས་རྩྭ་ཐང་ལ་རྟེན་ཤུགས་ཧ་ཅང་ཆེན་པོ་ལྡན་ཞིང་རྩྭ་ཐང་དོ་དམ་སྲུང་སྐྱོབ་ཀྱི་བྱ་བ་དེ་ཡང་འགྲན་སློང་དྲག་པོར་འཕྲད་ཡོད། མི་རབས་ནས་མི་རབས་བར་གནས་དེ་གར་འཚོ་སྡོད་བྱས་པའི་འབྲོག་པར་ཤ་རུས་ཀྱི་གཏིང་ན་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་གོམས་གཤིས་ཡོད་མོད། འོན་ཀྱང་ཕྱོགས་སྒོ་མོའི་ཆ་རྐྱེན་གྱི་དབང་གིས་གཅིག་གྱུར་ཡོང་བར་དཀའ་ལས་ཤིན་ཏུ་ཆེ་ཞིང་། རྫོང་ཡོངས་ཀྱི་ནགས་དཔོན་རྩྭ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་བསྟུན་ནས། རིམ་པ་དྲུག་པའི་མཉམ་འབྲེལ་སྲུང་སྐྱོབ་བྱེད་སྟངས་དེས་རྩྭ་ཐང་དོ་དམ་སྲུང་སྐྱོབ་བྱ་བ་རྒྱུན་ལྡན་གྱི་ལམ་བུའི་ཐོག་བསྐྱོད་དེ་གཅིག་གྱུར་གྱི་རྣམ་པ་ཞིག་ཆགས་ཡོད། ང་ཚོའི་རྩྭ་ཐང་དོ་དམ་པར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ཁ་རྒྱུགས་ཡིག་རྒྱུགས་གཉིས་ཀའི་ནང་ཞུགས་ཏེ་བསལ་འདེམས་བྱེད་དགོས་པ་དང་རྩིས་འཁོར་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱས་པ་བརྒྱུད་གཞི་ནས་ལས་གནས་ཐོག་བསྐྱོད་དགོས་པ་དེ་རེད་ཅེས་ཟེར།

ཡོངས་བསྒྲགས་ཀྱི་དཔྱད་ཡིག་ལས་མངོན་པ་ལྟར་ན། རྒྱལ་ཁབ་ཀྱིས་ནགས་དཔོན་རྩྭ་དཔོན་ལམ་ལུགས་ཀྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཞིང་ཆེན་དང་ཁུལ་གྱི་རིམ་པ་སོ་སོས་འབྲེལ་ཡོད་ཚོགས་འདུ་རབ་དང་རིམ་པ་ཚོགས་པར་མ་ཟད་གཏན་འབེབས་བཏོན་པའི་རྗེས་སུ། རྩེ་ཁོག་རྫོང་གིས2021ལོའི་ཟླ11པའི་ཚེས5ཉིན་རྫོང་ཡོངས་ཀྱི་ནགས་དཔོན་རྩྭ་དཔོན་ལམ་ལུགས་ཀྱི་བྱ་བའི་ཚོགས་འདུ་ཐེངས་དང་པོ་ཚོགས་ཤིང་། དུས་དེ་ནས་བཟུང་རྩེ་ཁོག་གི་དོན་དངོས་དང་ཤིན་ཏུ་འཚམ་པའི་རྫོང་ཡོངས་ཀྱི་རྩྭ་ཐང་བདག་སྐྱོང་བྱེད་པའི་བྱ་བའི་མགོ་བརྩམས་ཏེ། གཞི་འཛིན་སའི་ཁྲིམས་ཡོད་པ་དང་བསྲུང་བྱའི་སྒྲིག་སྲོལ་ཡོད་པར་གྱུར་པས། རྩེ་ཁོག་གི་སྐྱེ་ཁམས་བརྟན་བརླིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡིད་རྟོན་རུང་བའི་འགན་ལེན་འདོན་སྤྲོད་བྱས་ཡོད།

གཡུ་སྒྲ་དང་མཉམ་དུ་རྩྭ་ཐང་ལ་སྐོར་ཞིབ་ལྟ་སྲུང་བྱེད་པའི་ལམ་བར་དུ། ཁོ་རང་འཁྱགས་པས་བསྡམས་པའི་རྩེ་ཆུའི་འགྲམ་དུ་བསྡད་དེ། གསར་འགོད་པར་མ་ཡུམ་ཆུ་བོ་དེའི་མགོ་ཁུངས་གང་དུ་ཡོད་པ་དང་། གང་ལ་བཞུར་གྱིན་པ་ངོ་སྤྲོད་བྱས་ཤིང་། གདོང་ལ་སྤོབས་པའི་ཉམས་ཀྱིས་ཁེངས་ཡོད།  ང་ཚོས་སྐོར་སྐྱོད་ལྟ་སྲུང་བྱེད་པའི་གོ་རིམ་ཁྲོད། རྩྭ་ཐང་དང་ཆུ་བོར་ལྟ་སྲུང་བྱེད་དགོས་པར་མ་ཟད། ད་དུང་ལམ་བར་གྱི་འབྲོག་ཁྱིམ་དག་ལ་སྲུང་སྐྱོབ་ཀྱི་ཤེས་བྱ་དང་སྲིད་ཇུས་གསར་ཤོས་དྲིལ་སྒྲོག་བྱེད་དགོས་ཞེས་གཡུ་སྒྲས་བཤད།

གཡུ་སྒྲ་དང་མཉམ་དུ་སྐོར་སྲུང་བྱེད་པའི་ལམ་བར་དུ་མི་ལ་ཚོར་སྣང་ཟབ་མོ་མང་པོ་བསྐྱེད་པ་ཞིག་རེད། རྩྭ་ཐང་གི་སྐྱེ་ཁམས་བདག་སྐྱོང་པ་ནི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཡིན་པས། ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་དགོས་པ་སྨོས་མེད་རེད། མི་རབས་ནས་མི་རབས་བར་རྩྭ་ཆུ་བཟང་སར་འཚོ་སྡོད་བྱེད་མཁན་གྱི་འབྲོག་པ་ཡིན་པའི་ངོས་ནས། ཁོ་ཚོ་ལས་ལྷག་པའི་རྩྭ་ཐང་ལ་རྒྱུས་མངའ་ཆེ་བ་དང་རྩྭ་ཐང་ལ་དགའ་པོ་བྱེད་མཁན་ཞིག་མེད། དམངས་ཡོངས་མཉམ་དུ་འགུལ་སྐྱོད་བྱེད་བཞིན་པའི་རྩྭ་སྲུང་ལྗང་གཅེས་ཀྱི་རྣམ་པའི་འོག “དྲ་གྲགས”སྐྱེ་ཁམས་བདག་སྐྱོང་པའི་དྲིལ་སྒྲོག་ལ་རིན་ཐང་ཆེན་པོ་ལྡན་ཞིང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་བཞིན་ཡོད།

གཡུ་སྒྲ་མི་སྒེར་གྱི་རེ་འདུན་ནི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུན་མོང་གི་བསམ་འདུན་དང་འདྲ་བར། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དང་བྱ་སྤྱོད་དེ་དམངས་ཡོངས་ཀྱི་སེམས་ནང་དུ་འཇགས་ཤིང་། སྤྱི་ཚོགས་ཧྲིལ་པོའི་ཁྲོད་སྔར་ལས་བརྟན་པོ་གནས་རྒྱུ་དེ་རེད།

                                                                                    རྩོམ་སྒྲིག་པ། གཡང་འབུམ་རྒྱལ།