ཕུགས་འདུན་གྱི་ཆེད་དུ་སྔར་བཞིན་འབད་འབུངས་བྱེད།
2023.05.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 57

 སྐབས27པའི“ཀྲུང་གོ་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཐོབ་མཁན་ཆོས་དབྱིངས་སྐྱིད་ཀྱི་གནས་ཚུལ་བཀོད་པ།


ཟླ5པའི་ཚེས3ཉིན།  སྐབས27པའི“ཀྲུང་གོ་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཀྱི་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། ཆོས་དབྱིངས་སྐྱིད་གཟི་བརྗིད་ལྡན་པའི་ངང་དེའི་ནང་དུ་ཚུད་ཡོད།

ཆོས་དབྱིངས་སྐྱིད་ལ་ཀྲུང་གོའི་ཕུལ་བྱུང་ན་གཞོན་གྱི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་འདི་ནི་ཐོབ་འོས་པ་ཞིག་རེད།

ཟླ3པའི་ཚེས30ཉིན་གྱི་དགོང་མོར། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་འདུར་རྒྱུག་བདམས་ཐོན་པ་ཆོས་དབྱིངས་སྐྱིད་ལ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐོབ་པ་གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས། 2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཀྱི་ཨང་དང་པོ་དང་ཨང་གཉིས་པ་གཉིས་ཀྱིས་ངར་སྐྱེད་སྨན་འཐུང་བའི་དབང་གིས་གྲུབ་འབྲས་མེད་པར་བཟོས་པ་རེད།

དོན་དངོས་སུ་ན་ནིང་གི་ཟླ3པར། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་མངའ་འོག་གི་རང་ཚུགས་བརྟག་དཔྱད་ལས་ཁུངས་ཀྱི“མཆོང་རྒྱུག་འཕེན་གསུམ་ཡིད་རྟོན་ཨུ་ཡོན་ལྷན་ཁང”གིས།  ཆོས་དབྱིངས་སྐྱིད་ལ་རིམ་གསབ་ཀྱིས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་ངོས་འཛིན་བྱེད་པར་ཡང་བསྐྱར་ཏག་ཏག་ལོ་ངོ་གཅིག་འགོར་བ་རེད།

“འདི་ལྟར་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་ཤེས་རྗེས། སེམས་སུ་བཤད་མི་ཤེས་པའི་དགའ་སྐྱོ་འདྲེས་མ་ཞིག་བྱུང་། དགའ་བ་ནི་ང་རང་ཉིད་ཀྱི་སེམས་ཁོང་གི་ཨང་དང་པོར་གྱུར་ཏེ། གསེར་གྱི་རྟགས་མ་ཐོབ་པས་ཡིན། དོན་དག་མང་པོ་ཞིག་སྔར་ནས་འདས་ཟིན་ལ་ལོངས་སུ་སྤྱོད་ཐབས་ཀྱང་མེད་མོད།  འོན་ཀྱང་ང་ལ་རང་ཉིད་བདེན་དཔང་བྱེད་སྤྱད་ཀྱི་གསེར་གྱི་རྟགས་མ་ཡོད་སོང་བ་རེད”ཅེས་ཆོས་དབྱིངས་སྐྱིད་ཀྱིས་པོད་འཕྲིན་དུ་བྲིས་པའི་སྐད་ཆ་ཚིག་འགའ་ཡིས་མོའི་སེམས་ཁོང་གི་དགའ་སྐྱོ་འདྲེས་མའི་ཚོར་སྣང་དེ་བརྗོད་ཡོད། “སྐྱོ་བ་ནི་ཨང་དང་པོའི་ཚོར་སྣང་དེ་ལོངས་སྤྱོད་བྱེད་མ་ཐུབ་ལ། ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་གཟི་བརྗིད་དེའང་ལོངས་སྤྱོད་མ་ཐུབ་པས་ཡིན། གཟི་བརྗིད་དེ་ནི་སྐད་ཅིག་ཙམ་གྱི་གཟི་བརྗིད་ཅིག་ཡིན་མོད། འོན་ཀྱང་སྐད་ཅིག་མ་དེའི་གཟི་བརྗིད་དེ་ངས་ལོངས་སྤྱོད་བྱེད་འདོད། ཐོབ་འོས་པའི་རང་སྟེང་གི་རིན་ཐང་དེ་ཐོབ་མ་ཐུབ་ནའང་། འདས་ཟིན་པ་ནི་འདས་ཟིན་པས། ངས་སྒྲུབ་ཐུབ་པ་ནི་སྔར་བཞིན་འབད་བརྩོན་བྱེད་རྒྱུ་དེ་ཡིན།”

འདུར་རྒྱུག་གི་འགྲན་ལམ་སྟེང་ལོ་ངོ15རིང་འབད་ནའང་། གདུག་རྩུབ་ཆེ་བའི་འགྲན་སྡུར་གྱིས་ཆོས་དབྱིངས་སྐྱིད་ལ་བཞག་པ་ནི་ཐེངས་གཅིག་གཉིས་ཙམ་གྱི་བློ་ཕམ་མིན་མོད། འོན་ཀྱང་ཐེངས་འདིའི་བློ་ཕམ་ནི་ཆེས་ལྕི་བ་དེ་རེད། ཐོབ་འཕྱི་བའི་གསེར་གྱི་རྟགས་མ་དང་། འཚོལ་ཐབས་བྲལ་བའི་གཟི་བརྗིད་སོགས་ཆོས་དབྱིངས་སྐྱིད་ལ་མཚོན་ན། ལོ་ངོ11ལྷག་གི་རྗེས་སུ་ཐོབ་པའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་འདིའི་སྟེང་དུ་མོའི་བརྩེ་བ་མང་པོ་ཞིག་ཐིམ་ཡོད།

ལོ་འདི་དག་གི་རིང་ལ། ཆོས་དབྱིངས་སྐྱིད་ཀྲུང་གོའི་འདུར་རྒྱུག་གི་སྣེ་ཁྲིད་མི་སྣ་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་ལམ་སྟེང་འགྲན་སྡུར་ཆེ་མ་ཆུང་གསུམ་དུ་ཞུགས་པས། རྒྱལ་ཁབ་རུ་ཁག་དང་མཚོ་སྔོན་ཞིང་ཆེན་རུ་ཁག་གི་གཙོ་ཤུགས་སུ་གྱུར་ཡོད།

ཆོས་དབྱིངས་སྐྱིད་ཀྱིས“གསེར་གྱི་རྟགས་མ་ཐོབ་འཕྱི་ཞིང་གཟི་བརྗིད་འཚོལ་ཐབས་བྲལ་ནའང་། འདུར་རྒྱུག་སྔར་བཞིན་མཛེས་སྡུག་ལྡན”ཞེས་པའི་སྐད་ཆ་འགའ་ལ་བརྟེན་ནས་རང་ཉིད་ལ་སེམས་གསོ་བྱས།

2019ལོར། ཆོས་དབྱིངས་སྐྱིད་ལ་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ལེ20ཅན་གྱི་བུད་མེད་འདུར་རྒྱུག་འགྲན་སྡུར་ཁྲོད་འཛམ་གླིང་ཆ་བསགས་ཨང་རིམ་གྱི་ཨང་དང་པོ་ཐོབ་པ་དང་། འཛམ་གླིང་གི་ཨང་རིམ་བཅུ་ཡི་བདམས་ཐོན་པའི་ཁྲོད་ཀྱི་ཀྲུང་གོའི་བདམས་ཐོན་པ་གཅིག་པུ་ཡིན། བློ་ཕམ་མང་པོ་ཞིག་ཁ་གསབ་ཐབས་མེད་ནའང་མོས་ཀྲུང་གོའི་འདུར་རྒྱུག་དང་ཐ་ན་ཀྲུང་གོའི་རྩལ་འགྲན་ལུས་རྩལ་ཐད་བཞག་པའི་རིན་ཐང་ནི་སྔར་ནས་བྱ་དགའི་རྟགས་མ་ལས་བརྒལ་ཡོད། མོ་ནི་ཀྲུང་གོའི་ལུས་རྩལ་ལོ་རྒྱུས་སྟེང་གི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་བོད་རིགས་ཀྱི་བདམས་ཐོན་པ་ཨང་དང་པོ་ཡིན་ལ། ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་སྟེགས་བུའི་སྟེང་བུད་པའི་བོད་རིགས་ཀྱི་བདམས་ཐོན་པ་ཨང་དང་པོ་ཡིན་པར་མ་ཟད། ཐེངས་གསུམ་ལ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་མཁན་གྱི་བོད་རིགས་བདམས་ཐོན་པ་ཨང་དང་པོའང་ཡིན།

ད་ལོའི་ཟླ3པར། 2023ལོའི་རྒྱལ་ཡོངས་འདུར་རྒྱུག་བྱ་དགའ་ཆེན་མོའི་འགྲན་སྡུར(ས་ཚིགས་དང་པོ)དང་འཛམ་གླིང་གཟེངས་རྟགས་འགྲན་སྡུར། ཡ་གླིང་ལུས་རྩལ་འགྲན་ཚོགས་བཅས་ཀྱི་འདེམས་སྒྲུག་འགྲན་སྡུར་བསྡུས་པ་དང་། ལིའུ་ཧོང་དང་དབྱང་ཅ་ཡུས་འདུས་པའི་ལུས་རྩལ་པ་གྲགས་ཅན་སྐོར་ཞིག་ལུས་རྩལ་ར་བར་འདུས་ཡོད་ལ། ཁོ་མོ་ཚོའི་འགྲམ་དུ་ཆོས་དབྱིངས་སྐྱིད་ཀྱང་མེད་དུ་མི་རུང་ངོ་།

ས་ཚིགས་འདིའི་འགྲན་སྡུར་ཁྲོད། ཆོས་དབྱིངས་སྐྱིད་ནི་མོ་རང་ཆེས་འཇོན་པའི་སྤྱི་ལེ20ཅན་གྱི་འདུར་རྒྱུག་ནང་ཞུགས་མེད་པར། མོའི་འགྲན་རྩལ་ལ་འགྲན་སློང་ཆེ་བའི་སྤྱི་ལེ35ཅན་གྱི་འདུར་རྒྱུག་རྣམ་གྲངས་ནང་ཞུགས་འདུག མོས་དངུལ་གྱི་རྟགས་མ་བླངས་པའི་དུས་སྐབས་དེར། མོའི་འགྲན་ཡ་དང་འགྲན་གྲོགས་གཉིས་ཀ་ཡིན་པའི་ལིའུ་ཧོང་གིས་ཡིད་འགུལ་ཚད་མེད་ཐེབས་པའི་ངང“མོ་ལོ་ན33ལ་འབུད་གྲབས་ཡིན།  འགྲན་རྩལ་ད་དུང་ཡང་འདི་འདྲའི་བཟང་བའི་ཁར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་འདུག ངོ་མ་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་རེད”ཅེས་བཤད་བྱུང་།

ཆོས་དབྱིངས་སྐྱིད་ལ་རྒྱུས་མངའ་ཟབ་པའི་མི་ཞིག་ཡིན་ཕྱིན། སྐབས་དེར་མིང་དུ་གྲགས་པའི་ལུས་རྩལ་པ་ལིའུ་ཧོང་གིས་དེ་ལྟར་གདེང་འཇོག་གནང་བ་ནི་རང་ག་བ་ཞིག་མིན་པ་ཤེས་ངེས།

“གལ་ཏེ་ཉིན་གཅིག་ལ་སྤྱི་ལེ30བརྒྱུགས་པའི་དབང་དུ་བྱས་ན། ཉི་མ300ལ་སྤྱི་ལེ9000དང་།  ལོ་བཅུ་ལ་སྤྱི་ལེ་ཁྲི9བརྒྱུགས་ཡོད”ཅེས་ཆོས་དབྱིངས་སྐྱིད་ཀྱིས་དེ་ལྟ་བུའི་གྲངས་ཀ་ཞིག་བརྩིས་ནས་དུས་རྟག་པར་སྦྱོང་བརྡར་བྱེད་པའི་སློབ་ཁྲིད་ཀྱི་ངང་ཚུལ་བརྗོད་བྱུང་ལ།  ཆོས་དབྱིངས་སྐྱིད་ནི་དེ་ལྟ་བུའི་གྲོགས་མེད་ཁེར་རྐྱང་གི་སྦྱོང་བརྡར་གོ་རིམ་དེར་ཞུགས་ནས་ལོ་བཅུ་ཕྲག་ཅིག་འགོར་འདུག  ཨོ་རྩལ་འགྲན་ཚོགས་ལ་ཐེངས་གསུམ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཐེངས་གསུམ་ཞུགས་རྒྱུ་ནི་རང་དགར་མངོན་འགྱུར་ཐུབ་པ་ཞིག་མིན་ཏེ། ལོ4རེའི་ནང་ཐེངས་རེ་སྤེལ་གྱིན་ཡོད་ལ། དེར་ཆ་མི་འཚལ་བའི་འགྱུར་ལྡོག་རབ་དང་རིམ་པས་ཁེངས་འདུག  དུས་དེ་རིང་མོས་བླངས་པའི་གཟི་བརྗིད་མཐའ་དག་ནི་འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ལ་ཆུ་ཐིགས་བཞིན་བསགས་པའི་གཟི་བརྗིད་དང་ཕམ་ཁ། རྨས་པ་དང་ན་བ། ཡིད་ཕམ། ཐེ་ཚོམ། བསྐྱར་ཞུགས། ཡང་བསྐྱར་ལམ་ལ་ཆས་པ་བཅས་ལས་བྱུང་བ་ཤ་སྟག་ཡིན།

2019ལོར། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་པའི་འདེམ་སྒུག་པར་གྱུར་པའི་སྐབས་སུ། སྨྱན་བྱད་ཀྱིས་ཆོས་དབྱིངས་སྐྱིད་ལ་འདི་ལྟ་བུའི་ཚིག་ཅིག་བྲིས་ཡོད་དེ། “ལོ་བཅུ་ཕྲག་ལ་འདུར་རྒྱུག་ལུས་རྩལ་གྱི་ལས་རིགས་ལ་འཇུག་པའི་མི་ཚེའི་བརྒྱུད་རིམ་ཁྲོད། མོས་ཐུན་མོང་མ་ཡིན་པའི་བློ་རྩ་དང་ཞུམ་པ་མེད་པའི་སྡུག་རུས། ད་དུང་བློས་གཏོང་ཆེན་པོ་བཅས་ལ་བརྟེན་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་མཚམས་མ་ཆད་པར་བླངས་ཏེ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཀུན་གྱིས་སློབ་སྦྱོང་བྱེད་པའི་མིག་དཔེར་གྱུར་ཡོད།”

མོས་གནས་སྐབས་སུ་རང་ཉིད་ཐུན་མོང་དང་ཁ་གྱེས་དགོས་པའི་འཚོ་བ་ཞིག་བདམས་ནས།  ཁེར་རྐྱང་དང་བག་ལྷོད།  རང་ཉིད་རང་གིས་བརྗེད་པ་ལྟ་བུའི་ཁོར་ཡུག་དང་གནས་བབ་ཅིག་ཏུ་སླེབས་ཏེ། རང་གིས་ཚོད་མ་ཉོ་བ་དང་ཟ་མ་གཡོས་སྦྱོར་བྱེད་པ། གྲོགས་པོ་རེ་གཉིས་བོས་ནས་ཁ་བརྡ་བྱེད་པ་དང་རྒྱུག་པ། རང་ཁྱིམ་གྲུ་བཞིར་འཛུལ་ནས་གློག་བརྙན་ལ་བལྟ་བ་སོགས་བྱས་ཤིང་། མོའི་འཚོ་བ་ནི་མ་གཞི་ནས་དེ་ལྟ་བུ་ཞིག་ཡིན་པ་འདྲ།

“ངུས་མྱོང་། ཡོད་ཚད་ཡིད་ཕམ་བྱུང་བས་ཡིན་པ་འདྲ།”བཅར་འདྲི་བྱེད་སྐབས། ཆོས་དབྱིངས་སྐྱིད་ཀྱིས་དེ་ལྟར་ལྷད་མེད་རྣམ་དག་དང་མ་གསང་དྲང་བོར་བརྗོད་བྱུང་ལ། ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་བླངས་པའི་མོས་སྔར་བཞིན་ཁེངས་སྐྱུང་དང་ཉམ་ཆུང་གི་སྣང་བ་ཞིག་སྦྱིན་ཡོང་།

མོས་མོ་རང་ཡང་བསྐྱར་འགྲན་སྡུར་ནང་ཞུགས་རྒྱུའི་བློ་ཐག་བཅད་པ་ལ་སྤྲོ་སེམས་ཀྱིས་བརྟས་འདུག་སྟེ།  “ངས་ད་དུང་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ང་རང་འགྲན་ལམ་དུ་ཞུགས་ཚེ། ད་གཟོད་ཅི་ཡང་འབྱུང་སྲིད། མ་མཐའ་ཡང་ང་རང་གི་སེམས་ཁོང་ནས་སྨོན་པའི་དམིགས་འབེན་དང་དེ་འདྲའི་རྒྱང་ཐག་རིང་བོ་མི་འདུག”ཅེས་བཤད།

བདེན་ཏེ། ཡང་གཅིག་བཤད་ན་མོ་རང་དངོས་གནས་ཐོག་མའི་འདུན་མ་དང་ཕན་ཚུན་ཇེ་ཉེར་འགྲོ་བཞིན་ཡོད་ཀྱང་སྲིད།

ད་ལོའི་ཟླ3པར་བླངས་པའི་གྲུབ་འབྲས་དེས་མོ་ལ་པུའུ་ཏ་ཕེ་སིའི་འཛམ་གླིང་གཟེངས་རྟགས་འགྲན་སྡུར་གྱི་ཐོབ་ཐང་ཐོབ་པའི་དུས་མཚུངས་སུ། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་ཧང་ཀྲིག་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་བྱེད་ཐབས་ནང་། པུའུ་ཏ་ཕེ་སིའི་གཟེངས་རྟགས་འགྲན་སྡུར་གྱི་ཚན་ཆུང་རེའི་འགྲན་སྡུར་ནང་ཞུགས་པའི་ཀྲུང་གོའི་འགྲན་ཞུགས་པ་གསུམ་པོའི་ཁྲོད་ཨང་དང་པོ་དང་གཉིས་པ་ཐོབ་མཁན་ལ་ཧང་ཀྲིག་ཡ་གླིང་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་ཐོབ་ཡོད་ཅེས་བསྒྲགས་པ་ལྟར་ན།  ཆོས་དབྱིངས་སྐྱིད་དང་ཀླུ་མོ་འཚོ་གཉིས་ཀྱི་གཅིག་ལ་ཧང་ཀྲིག་ཡ་གླིང་འགྲན་ཚོགས་ཀྱི་ཐོབ་ཐང་ཐོབ་ཡོད་པ་རེད།

ཆོས་དབྱིངས་སྐྱིད་ཀྱིས་པུའུ་ཏ་ཕེ་སིའི་གཟེངས་རྟགས་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་ཐོབ་པ་ཤེས་རྗེས་བཤད་རྒྱུར།“འགན་འཁུར་གྱི་མགོ་བརྩམས་མ་ཐག་པ་ཡིན་པས།  ཕྱིན་ཆད་ཀྱི་ཟླ་ངོ5ཡི་གྲ་སྒྲིག་ཁྲོད། སློབ་ཐུན་རེ་རེར་སྦྱོང་བརྡར་ལེགས་པོ་བྱེད་པ་དང་གོམ་པ་རེ་རེ་ལེགས་པར་སྤོས་ནས། རྒྱལ་ཁ་ཐོབ་པའི་དམིགས་འབེན་ལ་བསྙེགས་ནས་ཧུར་ཐག་འབད་ཐག་བྱས་ཏེ། སྔར་ལས་ཕུལ་དུ་བྱུང་བའི་གྲུབ་འབྲས་བརྩོན་ལེན་བྱ་རྒྱུ་ཡིན”ཟེར།

མ་གཞི། མོས་ནམ་ཡང་གོ་སྐབས་འཆོར་དུ་བཅུག་མེད་པ་རེད།

ད་ལྟ། ཆོས་དབྱིངས་སྐྱིད་ཀྱིས་རྩལ་ཁྲིད་པ་དང་ལུས་རྩལ་པའི་ཐོབ་ཐང་གཉིས་ཕྲག་ཏུ་འཁུར་འདུག འདུར་རྒྱུག་ལུས་རྩལ་ནི་ལུས་རྩལ་ཆུང་གྲས་སུ་གཏོགས་མོད། འོན་ཀྱང་ཆོས་དབྱིངས་སྐྱིད་ཀྱི་ཤུགས་རྐྱེན་འོག ན་གཞོན་ལུས་རྩལ་པ་སྐོར་ཞིག་འཚར་ལོངས་བྱུང་སྟེ་རྒྱལ་ཡོངས་ཀྱི་འགྲན་རར་རང་མགོ་རང་གིས་ཐོན་ཡོད། ད་ལོའི་ཟླ4པར། 2023ལོའི་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་གྱི་བྱ་དགའ་ཆེན་མོའི་འགྲན་སྡུར(ས་ཚིགས་གཉིས་པ)དང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་འདུར་རྒྱག་འགྲན་སྡུར་གྱི་སྐོར་སྐྱོད་འགྲན་སྡུར་སྟེང་། ཆོས་དབྱིངས་སྐྱིད་ཀྱི་དགེ་སྤུན་ཆུང་བ་རྣམས་ཀྱིས་བྱ་དགའ་དང་པོ་དང་གཉིས་པ་བརྩད་དེ་རྒྱུན་ཆད་མེད་པར་ཐོད་བརྒལ་མངོན་འགྱུར་བྱུང་ཞིང་། འདི་ཡང་ཆོས་དབྱིངས་སྐྱིད་ཀྱི་སེམས་ཁོང་གི་རེ་བ་རེད།

འགྲན་རར་སྐྱོད་ཐེངས་རེར་ཡོད་ཚད་གོམ་པ་དང་པོ་ནས་མགོ་རྩོམ་དགོས། ཕུགས་བསམ་ལ་ནམ་ཡང་འགྱུར་བ་མེད་པས། བློ་སྤོབས་ནི་ནམ་ཡང་ཉམས་མི་སྲིད། ང་ཚོའི་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་དང་པོ་ཐོབ་མཁན་གྱིས་རིམ་པ་རྗེས་མའི་བྱ་དགའ་ཨང་དང་པོའི་འདུན་མར་སྙེག་པའི་སྒང་རེད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།