འཇའ་ཐང་རྩྭ་ཐང་གི“གླག་རྒོད”།
2023.05.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

 མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་ཚེ་རིང་དབང་པོའི་གནས་ཚུལ་བཀོད་པ།

ཚེ་རིང་དབང་པོས་དུས་ཡུན་རིང་པོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་འདམ་མདའ་གྲོང་རྡལ་དང་རྫ་སྟོད། ཁྲི་དབང་སོགས་སུ་མངག་གཏོང་ཁང་གི་བྱ་བ་གཉེར། སྔོན་ཐོན་མི་སྒེར་ཐེངས་གསུམ་དང་བྱ་དགའ་ཆེན་པོ་ཐེངས་གསུམ། བྱས་རྗེས་རིམ་པ་གཉིས་པའི་བྱ་དགའ་ཐེངས་གཅིག་དང་བྱས་རྗེས་རིམ་པ་གསུམ་པའི་བྱ་དགའ་ཐེངས་གཅིག་བཅས་ཐོབ་མྱོང་།  2023ལོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ”ཡི་མཚན་སྙན་གནང་།

ཉིན་ཁར་ཟླ་དང་ཟླ་ཁར་ལོ་བརྩེགས་ཏེ་མཐོ་སྒང་གི་སྨུག་ཕྱིའི་འོད་དྲག་པོས་གཙེས་པས། ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་དབང་པོ་ལ་ན་མཉམ་ཚོ་དང་བསྡུར་ན་རྒས་ཉམས་ཤིག་ངང་གིས་ཤར་འདུག་མོད། འོན་ཀྱང་ཁོའི་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་ཡོད།

2000ལོའི་ཟླ7པར། ཉེན་རྟོག་པའི་སློབ་གླིང་ནས་མཐར་ཕྱིན་མ་ཐག་པའི་ཚེ་རིང་དབང་པོ་ཕ་ཡུལ་དུ་ལོག་པ་དང་། ཁོ་དང་འདམ་མདའ་གྲོང་རྡལ་བར་གྱི་ལོ་ངོ་བཞིའི་དུས་ཆད་ཀྱང་དུས་དེ་ནས་བཟུང་ལག་ཏུ་བསྟར་མགོ་བརྩམས།

སྐབས་ཐོག་དེར། འདམ་མདའ་མངག་གཏོང་ཁང་གི་ཆ་རྐྱེན་ཧ་ཅང་ཞན་ཏེ། གཞུང་སྒྲུབ་ཁང3ལས་མེད་ལ། ཐ་ན་ཉེན་རྟོག་པའི་མལ་ཁང་ཡང་མེད། ཞག་འདུག་བྱེད་ན་སྤྱི་ལེ་གཅིག་གི་མཚམས་སུ་ཡོད་པའི་ཞིང་ཁྱིམ་དུ་སོང་ནས་གནས་ཚང་གཡར་དགོས་པ་རེད། ཆ་རྐྱེན་དེ་འདྲ་ཞན་པའི་གནས་བབ་འོག ཚེ་རིང་དབང་པོས་ལོ་ངོ4ཡི་རིང་ལ་གནས་དེར་བྱ་བ་བསྒྲུབས་ཏེ།  ན་གཞོན་མངོན་ཆུང་ཞིག་ནས་ཉེན་དོན་ལ་བྱང་ཆ་ལྡན་པ་ཞིག་ཏུ་གྱུར།

དཀའ་ཚེགས་དང་ངལ་དུབ་གང་གིས་ཀྱང་ཚེ་རིང་དབང་པོའི་མདུན་སྐྱོད་ཀྱི་གོམ་ཁ་འགོག་མ་ཐུབ། ཉེན་རྟོག་པའི་ལས་ཀར་ཞུགས་ནས་ལོ་ལྔ་འགོར་བའི་སྐབས་དེར། ཁོ་རང་རྫ་སྟོད་གྲོང་རྡལ་དུ་ལས་གནས་སྤར་བ་དང་། རྫ་སྟོད་གྲོང་རྡལ་མངག་གཏོང་ཁང་དུ་ཉེན་རྟོག་པའི་ལས་ལ་ཞུགས་པའི་དམ་ཚིག་ལག་ཏུ་བསྟར་ཅིང་།  ཁོའི“ལོ་ངོ་བཞིའི་དུས་ཆད”གཉིས་པ་ལག་ལེན་དུ་བསྟར།

ཁོས“ལོ་ངོ་བཞིའི་དུས་ཆད”གསུམ་པ་ལག་ལེན་དུ་བསྟར་སྐབས། ཚེ་རིང་དབང་པོས་ཁྲི་དབང་མངག་གཏོང་ཁང་དུ་མཛུབ་སྟོན་པའི་འགན་བཞེས་ཤིང་། ཁོ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཧུར་ཐག་གིས་ཟབ་ཞུགས་བྱས་ནས། མང་ཚོགས་ཀྱིས་ཅི་བསམ་རེ་འདོད་བསྐངས་ཤིང་མང་ཚོགས་ལ་ཞབས་འདེགས་ཞུ་ཅི་ཐུབ་བྱས།

ཁྲི་དབང་མངག་གཏོང་ཁང་གི་ལོ་ཟླ་གླེང་ཡོང་ན། ཚེ་རིང་དབང་པོའི་དྲན་ངོགས་སུ་གསལ་ལེར་འཆར་བཞིན་པ་ནི་མང་ཚོགས་ཀྱིས་ཁོའི་མཚང་མིང་ལ“ཁ་ལག་མི་བཀྲུ་བའི་མཛུབ་སྟོན་པ”ཞེས་བཏགས་མྱོང་བ་དེ་རེད།  དོན་དེ་གླེང་སྐབས།  ཚེ་རིང་དབང་པོ་དགོད་ཞོར་དུ“ང་རང་དངོས་གནས་ངོ་ཚ་བོ་བྱུང་སོང”ཟེར།  མ་གཞི་དེ་ནི་ཁོས་ཁ་ལག་མ་བཀྲུས་པ་མ་ཡིན་པར་སྐབས་དེའི་ཆ་རྐྱེན་ཞན་དྲག་པའི་སྟབས་ཀྱིས་རེད། 2010ལོར། ཡུས་ཧྲུའུ་ས་ཡོམ་བྱུང་སྐབས།  ཁོས་དུས་ཐོག་ཏུ་རྫོང་སྤྱི་བདེ་ཅུས་ཀྱི་ཡོམ་འགོག་གནོད་སྐྱོབ་གདོང་མཆོང་རུ་ཁག་ཏུ་ཞུགས་རྒྱུའི་རེ་བ་ཞུས། བསྐྱར་སྐྲུན་བྱེད་པའི་ལོ་ངོ་གསུམ་གྱི་རིང་ལ། ཁོས་གཉིད་ཆག་ཟས་བརྗེད་ཀྱིས་ཧ་ལམ་ཉིན་རེར་བདེ་སྲུང་གྱོད་དོན་དང་འགལ་བའི་རྩོད་གཞི་བརྒྱ་ཕྲག་ལྷག་ཐག་གཅོད་བྱས་པ་རེད། ཡུས་ཧྲུའུ་ས་ཡོམ་གྱི་གནོད་ཤུལ་བསྐྱར་སྐྲུན་སྐབས་སུ། རྒྱལ་ལམ214དུ་རླངས་འཁོར་གྱི་འགྲོ་འོང་གེགས་སེལ་བྱས་པ་དང་། རླངས་འཁོར་ཆེ་གྲས་བདེ་བླག་ངང་སྐྱོད་པར་རོགས་རམ་བྱས། ཁོས་ཉིན་མཚན་དབྱེར་མེད་དུ་ལས་ཡུལ་དང་པོར་བརྟན་སྲུང་བྱས་ལ། ཁ་ལག་ཐེངས་ཤིག་བཀྲུ་བའི་ཆ་རྐྱེན་ཡང་མེད་པས།  མཚང་མིང་དེ་འདྲ་ཞིག་ཐོགས་སོང་བ་རེད།

2014ལོའི་ཟླ7པའི་ཚེས27ཉིན། ཁྲི་འདུ་རྫོང་སྤྱི་བདེ་ཅུའུ་ལ་སྐྱེས་པ་ཞིག་གི་ཉེན་ཞུ་ཁ་པར་འབྱོར་བར“ངེད་ཚང་གི་ལོ3ལའང་སོན་མེད་པའི་བྱིས་པ་བཙན་ཁྲིད་བྱས་སོང་། བཙན་ཁྲིད་མཁན་གྱིས་བླུ་རིན་བྱིན་ཟེར”ཞེས་ཞུས།    ཉེན་ཞུ་ཁ་པར་འབྱོར་རྗེས།  ཁྲི་འདུ་རྫོང་སྤྱི་བདེ་ཅུའུ་ཏང་ཨུས་མཐོང་ཆེན་ཚད་མཐོན་པོ་གནང་བར་མ་ཟད།  དུས་ཐོག་ཏུ་ཆེད་དམིགས་གྱོད་དོན་ཚན་ཆུང་བཙུགས།

རྒྱུས་ལོན་བྱས་པ་བརྒྱུད། གྱོད་དོན་དེ་ནི་དྲིན་ཆེན་གྲོང་རྡལ་དུ་བྱུང་བ་ཡིན་ལ། ཕ་མ་གཉིས་ཀྱིས་སྣང་མེད་དུ་བསྐྱུར་བའི་དབང་གིས་བྱིས་པ་བཙན་ཁྲིད་བྱས་པ་རེད། ཚེ་རིང་དབང་པོ་སོགས་ཀྱིས་དེ་འཕྲལ་བརྟག་དཔྱད་དང་འདྲི་རྩད་བྱས་ཤིང་། ཁུངས་སྣེ་འདྲི་རྩད་གང་མང་བྱས་པ་བརྒྱུད། བྱིས་པ་རླངས་འཁོར་ཞིག་གི་ནང་དུ་བཀག་ཡོད་པ་ཤེས། ཡུན་རིང་མ་འགོར་བར་ཚེ་རིང་དབང་པོ་དང་ལས་གྲོགས་ཚོས་བྱིས་པ་བདེ་འཇགས་ངང་བསྐྱབས་པར་མ་ཟད། དོགས་ཡོད་ཉེས་ཅན་ཡང་འཛིན་བཟུང་བྱས་པས། གྱོད་དོན་གཞི་ནས་མཇུག་བསྒྲིལ།

གྱོད་དོན་འདི་ནི་ཚེ་རིང་དབང་པོས་བསྒྲུབས་པའི་གྱོད་དོན་མང་པོའི་གྲིབ་གཟུགས་ཙམ་ཡིན་ཏེ། ཚེ་རིང་དབང་པོས་གྱོད་དོན་ཆེ་ཤོས་དང་གྱོད་དོན་གལ་ཆེན་རབ་དང་རིམ་པའི་མྱུལ་ཞིབ་དང་དོགས་ཡོད་ཉེན་ཅན་འཛིན་བཟུང་བྱ་བའི་ཁྲོད་གདོང་མཆོང་དཔུང་གཏོར་དང་ཧུར་ཐག་འབད་ཐག་བྱས།

ཉེན་རྟོག་པའི་བྱ་བར་ཞུགས་པའི་ཚུན་དུ། ཚེ་རིང་དབང་པོས་ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་དཀར་པོ་དང་ལྷད་མེད་ཀྱི་བརྩེ་བ་དེ་དངོས་ཡོད་འགུལ་སྐྱོད་དུ་བསྒྱུར་ཏེ་རང་ཉིད་ཆེས་དགའ་བའི་སྤྱི་བདེ་བྱ་གཞག་སྟེང་ཤ་འབད་རུས་འབད་བྱས་ལ། སྤྱི་བདེ་སློབ་གླིང་གི་མཐར་ཕྱིན་སློབ་མ་ཞིག་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚད་ལྡན་ཞིག་ཏུ་འགྱུར་བ་མངོན་འགྱུར་བྱས།

ཚེ་རིང་དབང་པོས་ལྷག་བསམ་དཀར་པོའི་བརྩེ་བ་དེ་འཇའ་ཐང་རྩ་ཐང་ལ་ཕུལ་ཞིང་། ལང་ཚོའི་གཟི་དཔལ་གྱིས་ཉེན་རྟོག་པའི་དཔའ་ངར་ཞུམ་མེད་ཀྱི་རང་མདངས་མངོན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།