རྒྱལ་ཡོངས་ཕུལ་བྱུང་གུང་གཞོན་ཚོགས་པའི་ལས་བྱེད་པ་འཇམ་དབྱངས་སྒྲོལ་མས་ལོ་ཆུང་གདོང་ལེན་རུ་ཁག་ཆེ་བའི་རོགས་ཁྲིད་པའི་འགན་འཁུར་རྗེས། ལོ་ངོ་བཅུའི་རིང་ལོ་ཟླ་རིང་མོར་ལོ་ཆུང་བྱིས་པ་རྣམས་ལ་བརྩེ་བ་ཟབ་མོ་བཅངས་ནས་རྔུལ་ཁྲག་ཡོད་ཚད་སྐེ་དཀྲིས་དམར་པོའི་ལས་དོན་གྱི་ཐད་དུ་བསྟིམས། རོགས་ཁྲིད་པས་གཟའ་འཁོར་གཅིག་ལ་ལོ་ཆུང་གདོང་ལེན་རུ་ཁག་གི་ཚད་ལྡན་བྱ་འགུལ་སློབ་ཐུན་གཅིག་རེ་བསྡུས་པར་ཁོ་མོས་མཛུབ་སྟོན་བྱས་པས་ཚང་མར་སློབ་གླིང་བྱ་འགུལ་གྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་ཚོར་དུ་བཅུག
ཉེ་བའི་ལོ་འགའི་རིང་ལ། གཅན་ཚ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འཇམ་དབྱངས་སྒྲོལ་མས་སློབ་ཆུང་ལོ་ཆུང་གདོང་ལེན་རུ་ཁག་གི་མཐུད་སྦྲེལ་གནད་འགག་དུས་སྐབས་ལ་རྐང་བཙུགས་ཏེ། ཚད་ལྡན་ཅན་གྱི་གུང་གཞོན་ཚོགས་མི་སྐྱེད་སྲིང་བྱེད་ཅིང་། གུང་གཞོན་ཚོགས་པར་མ་ཞུགས་གོང་གི་སློབ་གསོ་རྒྱུ་སྤུས་མཐོར་འདེགས་བཏང་ལ། གུང་གཞོན་ཚོགས་པར་ཞུགས་པའི་འགག་སྒོ་དམ་འཛིན་བྱས་ཤིང་། དྲིལ་སྒྲོག་རྒྱ་ཆེན་དང་སྐུལ་སློང་ཧུར་ཐག་བྱས་པས། ལོ་ཆུང་གདོང་ལེན་པས་གུང་གཞོན་ཚོགས་པར་ངོས་འཛིན་བྱེད་པའི་ཚོར་བ་མངོན་གསལ་གྱིས་ཇེ་མཐོར་སོང་ཞིང་ལོ་ཆུང་གདོང་ལེན་པའི་སྔོན་ཐོན་རང་བཞིན་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད།
རྒྱལ་ཡོངས་ཕུལ་བྱུང་གུང་གཞོན་ཚོགས་པའི་ལས་བྱེད་པ་འཇམ་དབྱངས་སྒྲོལ་མས་བཤད་རྒྱུར། “དུས་རབས་གསར་པའི་གུང་གཞོན་ཚོགས་མི་བཟང་བོ་བརྩོན་ལེན་བྱེད་པ”དང“ཨ་མྱེས་ཞི་ལགས་ཀྱི་སློབ་སྟོན་སེམས་སུ་འཛིན་པ”། “ཆུང་དུས་ནས་གདོང་ལེན་པ་བྱེད་པ”ཞེས་པ་སོགས་ཀྱི་བརྗོད་དོན་བྱ་འགུལ་ཧུར་བརྩོན་གྱིས་སྤེལ་བ། དུས་ཆེན་གལ་ཆེན་གོ་སྐབས་སུ་བརྩིས་ཏེ་ལོ་ཆུང་གདོང་ལེན་པ་རྣམས་ལ་གསར་བརྗེ་སྲོལ་རྒྱུན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་དུ་བཅུག་སྟེ་རྒྱལ་གཅེས་དང་དྲིན་ཤེས་ཀྱི་སློབ་གསོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་དང་སྲོལ་རྒྱུན་ཡ་རབས་ཀྱི་སློབ་གསོ་མྱོང་དུ་བཅུག་པ་ཡིན་ཟེར།
ལོ་ཆུང་གདོང་ལེན་རུ་ཁག་གི་བཅོས་བསྒྱུར་དོན་ཐོག་ཏུ་འཁྱོལ་ཆེད། འཇམ་དབྱངས་སྒྲོལ་མས་སློབ་གྲྭ་ཆུང་འབྲིང་གི་ལོ་ཆུང་གདོང་ལེན་བཅོས་སྒྱུར་གྱི་ལས་འགན་གཙོ་བོའི་རྩིས་ཐོ་ལྟར། སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་བཟོས་ཏེ་རིམ་བཞིན་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་འཐུས་ཚང་དུ་བཏང་བ་དང་། དཔུང་སྡེ་འཛུགས་སྐྲུན་དང་ལམ་ལུགས་འཛུགས་སྐྲུན། གཡུལ་ས་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཆ་ཚང་དུ་བཏང་ལ། ལོ་ཆུང་གདོང་ལེན་རུ་ཁག་ཆེ་འབྲིང་ཆུང་གསུམ་འཐུས་ཚང་དུ་བཏང་བ། རུ་ཁག་ཆེ་འབྲིང་ཆུང་གསུམ་གྱི་རོགས་ཁྲིད་པ་ཁ་ཚང་དུ་སྡེབ་སྒྲིག་བྱས་ཤིང་། ལམ་ལུགས་སྣ་ཚོགས་གཏན་འབེབས་བྱས་ཏེ་བྱ་བ་ཚད་ལྡན་དུ་བཏང་། “གྲོང་གསེབ་སློབ་གྲྭའི་ན་ཆུང་ཁང་”སེམས་བསམ་པས་བསྐྲུན་པར་མ་ཟད་ན་ཆུང་ཁང་གི་སྣེ་ཁྲིད་འབྱེད་འཕྲོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྣམ་པ་སྣ་མང་གི་ལོ་ཆུང་གདོང་ལེན་བྱ་བ་བསྒྲུབས།
འཇམ་དབྱངས་སྒྲོལ་མས་བཤད་རྒྱུར། ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པའི་འགན་འཁུར་པའི་ལོ་ངོ10ཡི་རིང་ལ། ངས་ཧུར་བརྩོན་གྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་སྣེ་འདྲེན་པ་བྱས་པ་ཡིན་ལ། ལྷད་མེད་ཀྱི་བརྩེ་བས་བྱིས་པ་རྣམས་ཀྱི་སེམས་གཏིང་གི་ལྷག་བསམ་དེར་འོད་སྣང་སྦྱིན་ཞིང་ལང་ཚོའི་མེ་ཏོག་བཞད་ནས་སྐེ་དཀྲིས་དམར་པོ་དང་མཉམ་དུ་འཚར་ལོངས་འབྱུང་དུ་བཅུག་པ་ཡིན་ཟེར།
གཅན་ཚ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་དང་པོའི་དགེ་རྒན་ཀྲུའུ་ཆོན་ཀྲིང་གིས་བློ་མཐུན་འཇམ་དབྱངས་སྒྲོལ་མ་ནི་བྱ་བར་ནན་ཏན་གྱིས་འགན་འཁུར་མཁན་ཞིག་ཡིན་པས། སློབ་མ་མང་པོ་ཞིག་ཁོ་མོར་དགའ་བར་མ་ཟད་ལས་གྲོགས་དང་སློབ་གྲྭའི་འགོ་ཁྲིད་ཀྱི་ཁས་ལེན་ཐོབ་ནས། ཐེངས་གང་མང་ལ་ཕུལ་བྱུང་སློབ་གསོ་ལས་སྒྲུབ་པར་བདམས་མྱོང་། ཁོ་མོ་ལོ་ཆུང་བྱིས་པར་དགའ་ལ་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བ་ལའང་དགའ་བས། ང་ཚོ་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ་རྣམས་ཀྱི་སློབ་སྦྱོང་བྱ་ཡུལ་གྱི་དཔེ་སྟོན་པ་ཡིན་ཟེར།
གཅན་ཚ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་དང་པོའི་སློབ་མ་བཀའ་འབུམ་རྒྱལ་གྱིས། ངས་བལྟས་ན་དགེ་རྒན་འཇམ་དབྱངས་སྒྲོལ་མ་ནི་འགན་ཧ་ཅང་འཁུར་མཁན་ཞིག་ཡིན་ལ། ང་ཚོ་ལའང་ཧ་ཅང་བདག་སྐྱོང་བྱེད་པའི་དགེ་རྒན་ཞིག་ཡིན། ང་ལ་མཚོན་ན་སློབ་སྦྱོང་དང་འཚོ་བའི་སྟེང་དུ་སེམས་འཁུར་དང་རོགས་རམ་མང་པོ་བྱས་མྱོང་ཟེར།
གཅན་ཚ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་དང་པོའི་སློབ་མ་ཚེ་རིང་གཡང་སྐྱིད་ཀྱིས། ང་རང་སྐེ་དཀྲིས་དམར་པོའི་འགྲེལ་བཤད་པ་ཞིག་ཡིན་པའི་ཆ་ནས། དགེ་རྒན་འཇམ་དབྱངས་སྒྲོལ་མས་ང་ལ་རོགས་རམ་ཆེན་པོ་བྱས་མྱོང་། ལོ་ཆུང་གདོང་ལེན་པའི་གཟི་བརྗིད་དང་དཔེ་མཚོན་ཇི་ལྟར་དྲིལ་སྒྲོག་བྱེད་པ་དང་། གསར་བརྗེའི་གཏམ་རྒྱུད་ལེགས་པོར་བརྗོད་པ། ཕུལ་བྱུང་གི་སྐེ་དཀྲིས་དམར་པོའི་རྒྱུན་འཛིན་པ་ཅི་ལྟར་བྱེད་པ་སོགས་ཀྱི་ཐད་ནས་སློབ་ཁྲིད་མང་པོ་བྱེད་མྱོང་ཟེར།
ལོ་ངོ་མང་པོའི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པའི་ཁྲོད་དུ་སྐྱིད་སྡུག་གཉིས་ཀ་ཡོད་ལ། ཐོབ་ཤོར་གཉིས་ཀ་མྱངས་ཡོད། སློབ་གྲྭའི་འགོ་ཁྲིད་དང་རོགས་ཁྲིད་པ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་བཀའ་དྲིན་གྱིས་སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བར་གྲུབ་འབྲས་ལེགས་པོ་བླངས་པ་སྟེ། 2015ལོར“ཞིང་ཆེན་རིམ་པའི་སྐེ་དཀྲིས་དམར་པོའི་དཔེ་སྟོན་སློབ་གྲྭ”དང་། 2017ལོར།“མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན”གྱི་གཟི་བརྗིད་མཚན་སྙན་ཐོབ། 2018ལོར“རྨ་ལྷོ་ཁུལ་གྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་ཆེན་མོ”ཡི་གཟི་བརྗིད་མཚན་སྙན་ཐོབ། དུས་མཚུངས་སུ་འཇམ་དབྱངས་སྒྲོལ་མར་སྔ་གཞུག་ཏུ“མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན”གྱི་གཟི་བརྗིད་མཚན་སྙན་དང་། “ཀྲུང་གོའི་དགེ་རྒན་མིང་གྲགས་མནའ་འབྲེལ•རེ་བའི་བཟོ་འགོད་ཀྱི་ལྡུམ་སྐྱོང་མཁན”། 2015ལོར “མེ་སྟག་རྟགས་མའི”རྒྱལ་ཡོངས་ལོ་ཆུང་བྱིས་པའི་རི་མོ་ཡིག་གཟུགས་པར་ལེན་འགྲན་སྡུར་སྐབས་ལྔ་པའི་ཁྲོད་ནས་རོགས་ཁྲིད་པའི་དུས་དེབ་དང་མེ་སྟག་རྟགས་མའི་རྒྱལ་ཡོངས་ལོ་ཆུང་བྱིས་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨུ་ཡོན་ལྷན་ཁང་གིས“རོགས་ཁྲིད་ཕུལ་བྱུང་རྩ་འཛུགས”ཀྱི་བྱ་དགའ་གནང་། 2017ལོ་དང2019ལོར་རྨ་ལྷོ་ཁུལ་གྱི“ཁུལ་ཡོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པར”བདམས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།