མང་ཚོགས་སེམས་ལ་བཅངས་ནས་དོན་དངོས་བསྒྲུབས། ཟོལ་མེད་ཞབས་ཞུས་མི་སེམས་དྲོད་ཀྱིས་བསྐྱང་།
2023.06.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

——སྐབས་བཞི་པའི་མཚོ་སྔོན་ཞིང་ཆེན་གྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”མཚོ་ལྷོ་ཁུལ་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་གཞོན་པ་དཀོན་མཆོག་སྒྲོལ་མའི་གནས་ཚུལ་བཀོད་པ།

ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་དེ་སྔོན་ཐོ་འགོད་དང་ཡིད་རྟོན་ལྟ་སྐུལ་དོ་དམ་ཚན་ཁག་གི་ཚན་གཙོའི་འགན་ཁུར་མྱོང་བའི་དཀོན་མཆོག་སྒྲོལ་མས་ཞབས་ཞུ་ལྟེ་གནས་ཀྱི་བྱ་བར་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པ་མཐོང་བ་ན། གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས། བྱ་བ་སྒྲུབ་ཏུ་ཡོང་བའི་མང་ཚོགས་ལ་ལྟ་བཞིན་ཁོ་མོས་བཤད་རྒྱུར“ད་ལྟ་ངས་མཚོ་ལྷོ་ཁུལ་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་གཞོན་པའི་འགན་འཁུར་ཡོད་པས། བྱ་བའི་ནང་དོན་དང་ལས་གནས་ལ་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་། ལས་གནས་གང་ན་ཡོད་ཀྱང་། འགྱུར་བ་མེད་པ་ནི་ངས་མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཐོག་མའི་སེམས་འདུན་དེ་ཡིན”ཟེར།

གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོ་ནགས་མཐའ་སྡེ་བའི་སྡེ་དམངས་ཝང་ཀྲུང་ཞིན་གྱིས་ད་ལྟ་ཡང་བརྗེད་པར་དཀའ་བ་ནི་དཀོན་མཆོག་སྒྲོལ་མས་དངོས་སུ་ཁོ་ལ་སྒྲུབ་པའི་བྱ་བ་ཞིག་རེད། ཝང་ཀྲུང་ཞིན་གྱིས་སྔོན་ཆད་ཧྲན་ཏུང་ཆིན་ཏའོ་ལའེ་ཞི་ནས་འཐེན་ཐུག་ཟ་ཁང་ཞིག་ཕྱེ་བ་དང་། རིམས་ནད་ཀྱི་དབང་གིས2022ལོའི་ཟླ6པར་ཕྱིར་ཕ་ཡུལ་དུ་ལོག

ཝང་ཀྲུང་ཞིན་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར“ངའི་དྲན་ངོར་ཤར་བ་ནི་སྐབས་དེར། ཧྲན་ཏུང་ཆིན་ཏའོ་ལའེ་ཞིའི་ཁྲོམ་རའི་ལྟ་སྐུལ་ཅུའུ་ཡིས་ང་ལ་དུས་ཚོད་ལྟར་དྲ་ཐོག་ནས་ལོ་འཁོར་སྙན་ཞུའི་ཆ་འཕྲིན་སྤྱི་སྒྲོག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། གལ་སྲིད་དེ་ལྟར་སྒྲུབ་མ་ཐུབ་ན་ཆད་པ་གཅོད་ངེས་ཡིན་ཟེར། ཡིན་ཡང་། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱི་ལམ་ཐག་རིང་ལ། ཕར་རྒྱུག་ཚུར་རྒྱུག་བྱས་ན་དུས་ཚོད་འགོར་འགྱང་བྱེད་པར་མ་ཟད། ཡུན་རིང་ལ་ཚོང་སྒོ་ཕྱེ་མ་ཐུབ་པས་ང་ལ་མཚོན་ན་ལམ་གླ་ཡང་འགྲོ་སོང་ཆེན་པོ་ཞིག་རེད། དེ་བས། ངས་དཀོན་མཆོག་སྒྲོལ་མ་བཙལ་ནས་བློ་འདྲི་བྱས་པ་ཡིན། ཁོ་མོས་བྱ་བ་རྙོག་འཛིང་ཆེ་བར་དོགས་ནས་ཕྱི་བསྣུར་མ་བྱས་པར། ཇི་ལྟར་མྱུར་དུ་ང་ལ་རོགས་བྱས་ནས་དཀའ་ཁག་དེ་ཐག་གཅོད་བྱེད་པའི་ཐད་བསམ་བློ་བཏང་བ་རེད”ཟེར།

དཀོན་མཆོག་སྒྲོལ་མས་བཤད་རྒྱུར“ངས་དུས་ཐོག་ཏུ་ཧྲན་ཏུང་ཆིན་ཏའོ་ལའེ་ཞིའི་ཁྲོམ་རའི་ལྟ་སྐུལ་ཅུའུ་ལ་འབྲེལ་བ་བྱས་པ་དང་། ཁོ་ལ་རོགས་བྱས་ནས་རྒྱལ་ཁབ་ཁེ་ལས་ཡིད་རྟོན་སྤྱི་སྒྲོག་མ་ལག་ནས་ལོ་འཁོར་སྙན་ཞུ་ཁ་གསབ་བྱས་པར་མ་ཟད། དྲ་ཐོག་ནས་ཀྱང་ཐོ་འགོད་བྱས་པ་ཡིན། ཧྲན་ཏུང་ཆིང་ཏའོ་ལའེ་ཞིའི་ཁྲོམ་རའི་ལྟ་སྐུལ་ཅུས་ལ་དྲ་ཐོག་ནས་ཐོ་སུབ་རྒྱག་དགོས་པའི་སྙན་ཞུའང་བྱས་པ་ཡིན”ཟེར།

“ལས་སྒོ་ཆ་ཚང་ཁྲལ་དོན་གསལ་འབྱེད་བྱས་མེད་ཀྱང་། དཀོན་མཆོག་སྒྲོལ་མ་སུན་སྣང་མེད་པར་ལའེ་ཞིའི་ཁྲལ་དོན་དང་ཁྲོམ་རའི་ལྟ་སྐུལ་སོགས་སྡེ་ཁག་ལ་ཡང་ནས་བསྐྱར་དུ་ཁ་པར་བཏང་སྟེ། ང་ལ་ཁྲལ་དོན་གསལ་འབྱེད་ཀྱི་སྙན་ཞུ་ལེན་རོགས་བྱས་པ་དང་། མཇུག་མཐར། ཁོ་མོའི་རོགས་སྐྱོར་འོག ངས་ཞིང་ཆེན་བརྒལ་ནས་ལོ་འཁོར་སྙན་ཞུ་དང་ཚོང་གཉེར་ལག་ཁྱེར་ཐོ་སུབ་རྒྱག་ཐུབ་སོང་། དཀོན་མཆོག་སྒྲོལ་མས་དངོས་ཡོད་འགུལ་སྐྱོད་ཀྱིས་མི་དམངས་ཀྱི་སྤྱི་ཞབས་པས་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་བླ་མེད་ཀྱི་འདུན་པ་གསལ་འགྲེལ་བྱས།”འདས་དོན་དེ་གླེང་སྐབས་ཝང་ཀྲུང་ཞིན་གྱི་གདོང་ལ་དྲིན་ཚོར་བའི་ཉམས་ཤིག་ཤར་འདུག

དོན་དངོས་སུ་ལས་སྒོ་འདིའི་རིགས་དཀོན་མཆོག་སྒྲོལ་མས་ཅི་འདྲའི་མང་པོ་ཞིག་སྒྲུབ་པ་རང་གིས་ཀྱང་མི་ཤེས། ལོ་མང་པོའི་རིང་ལ་ནམ་རྒྱུན་དང་འདྲ་བར་རང་སར་མི་བཞག་ནས་མང་ཚོགས་ལ་སེམས་ཁུར་དང་། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ། ཁོ་མོའི་བསམ་ཚུལ་ལྟར་ན་བྱེད་ཐབས་བཟང་པོ་གཏན་ཆགས་ཀྱི་ལམ་ལུགས་ལ་བསྒྱུར་ནས་སྒྲིག་སྲོལ་ལེགས་པོ་ཆགས་ན། ད་གཟོད་མང་ཚོགས་ལ་སྔར་ལས་ལེགས་པ་དང་རྒྱུན་རིང་པོའི་ཞབས་ཞུ་སྒྲུབ་ཐུབ། ཁོ་མོས་ཐོ་འགོད་སྒེའུ་ཁུང་ནས“ཕྱི་བསྣུར་མེད་པ། བར་ཐག་མེད་པ། སྤུང་གསོག་མེད་པ། ནོར་འཆུག་མེད་པ”བཅས་ཀྱི་མེད་པ་བཞི་ཡི་བྱ་བའི་ཞབས་ཞུའི་ཐབས་ལམ་གསར་གཏོད་རང་བཞིན་གྱིས་སྤེལ་བ་དང་། ཐོ་འགོད་ལས་རིམ་ཇེ་ཉུང་དང་། ཁེ་ལས་སྒོ་འབྱེད་ཀྱི་ལས་རིམ་དུས་ཚོད་ཇེ་ཐུང་དུ་བཏང་། ལོ་མང་པོར་འབད་བརྩོན་བྱས་མཐར། མཚོ་ལྷོ་ཁུལ་རིམ་པའི་ལས་གཉེར་གཙོ་གཞིའི་ཚོང་གཉེར་ལག་རྟགས་དུས་ཚོད་དང་། ལས་སྒྲུབ་གོ་རིམ། གོ་རིམ་ཆ་ཚང་གློག་རྡུལ་ཅན་དུ་བསྒྱུར་བ་བཅས་ཀྱི་དམིགས་འབེན་ཁག་གསུམ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་གྱུར་ཡོད།

དཀོན་མཆོག་སྒྲོལ་མས་ཐོ་འགོད་དང་ཡིད་རྟོན་ལྟ་སྐུལ་དོ་དམ་ཚན་ཁག་གི་ཚན་གཙོའི་འགན་ཁུར་བར་མ་ཟད། ལས་ཁུངས་ཐོ་འགོད་སྒེའུ་ཁུང་གི་དབུ་བཞུགས་སྐུ་ཚབ་ཀྱི་འགན་ཡང་འཁུར་ཡོད།

དཀོན་མཆོག་སྒྲོལ་མས་བཤད་རྒྱུར“བཅོས་བསྒྱུར་ནི་མཆོང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ། སྔོན་ལ་བསྐྱོད་ཕོད་པ་དེ་ཡིན་ལ། མཆོང་བསྐྱོད་ཀྱི་སྙིང་སྟོབས་མེད་ཚེ། ལམ་བུ་གསར་པར་བསྐྱོད་མི་ཐུབ་པ་དང་། ལས་དོན་བཟང་པོ་ཞིག་ཀྱང་སྒྲུབ་མི་ཐུབ”ཟེར། ཁོ་མོས་མཆོང་བསྐྱོད་བྱེད་ཕོད་པ་དང་ཉམས་ཞིབ་བྱེད་ཕོད་པའི་སྙིང་སྟོབས་ཀྱིས་ཚོད་ལྟ་བྱས་ཏེ། མཚོ་ལྷོ་ཁུལ་གྱི་དོན་དངོས་དང་མཐུན་པའི་ཚོང་དོན་ལམ་ལུགས་བཅོས་བསྒྱུར་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་པ་དང་། བཅོས་བསྒྱུར་སྲིད་གསར་གྱིས་སྔར་ལས་མང་བ་དང་སྔར་ལས་ལེགས་པའི་སྒོ་ནས་དམངས་ལ་ཕན་བཏགས་པ་རེད།

དུས་ཡུན་རིང་པོ་ཞིག་ལ། དཀོན་མཆོག་སྒྲོལ་མས་ཕྱོགས་གཅིག་ནས་ཐོ་འགོད་གོ་རིམ་ལེགས་བཅོས་དང་། ཐོ་འགོད་ཞིབ་བཤེར་ཆོག་མཆན་གྱི་དུས་བཀག་ཇེ་ཐུང་དུ་བཏང་བ་དང་། ཕྱོགས་གཅིག་ནས་ཐོ་འགོད་སྒེའུ་ཁུང་ལེགས་སྒྲིག་བྱས་པ་དང་། “དཔང་མང་གཞི་གཅིག”གི་ཁྱད་ལྡན་ཞབས་ཞུའི་སྒེའུ་ཁུང་ཁ་སྣོན་དང་།“གཅིག་འདུས་ཅན་གྱི་ཞིབ་བཤེར་མཆན་འགོད”ལག་བསྟར་བྱས། དུས་མཚུངས་སུ། མང་ཚོགས་ཀྱི་ཐོ་འགོད་དུས་ཐོག་ཏུ་དང་ལེན་དང་། ལས་ཆོད་མཐོ་བའི་སྒོ་ནས་ཐག་གཅོད་ཡོང་བར་ཁག་ཐེག་བྱེད་ཆེད། ཁོ་མོས་ཁུལ་ཡོངས་ཀྱི་ཐོ་འགོད་མི་སྣའི་ལས་སྒོའི་ཆེད་དོན་བགྲོ་གླེང་ཐེངས་མང་པོར་སྤེལ་བ་དང་། བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་ཚོད་ལྟ་བྱས། ཁོ་མོས་འབད་བརྩོན་དང་སྐུལ་འདེད་ལ་བརྟེན་ནས་ཐོ་འགོད་མ་དངུལ་དངོས་སྤྲོད་ལམ་ལུགས་ནས་སྤྲོད་འོས་ལམ་ལུགས་སུ་བསྒྱུར་པ་དང་། “གནས་གཅིག་པར་མང”དང“པར་གཅིག་གནས་མང”“སྔོན་དཔང་རྗེས་པར”བཅས“སྔོན་པར་རྗེས་དཔང”དང་“དཔང་མང་གཅིག་ཅན”“སྐབས་བསྟུན་གཉིས”“གསལ་བཤད་གཉིས”སོགས་སུ་བསྒྱུར་ནས་བཅོས་བསྒྱུར་བྱེད་ཐབས་རབ་དང་རིམ་པ་དུས་ཐོག་ཏུ་ཐོ་འགོད་སྒེའུ་ཁུང་ནས་སྐུལ་འདེད་ལག་བསྟར་བྱས། བཅོས་བསྒྱུར་བྱས་རྗེས་ཀྱི་ལས་ཕྱོད་མཐོ་བའི་བྱ་བས་མང་ཚོགས་དང་ཁེ་ལས་ལ་སྔར་ལས་མང་བའི་བཅོས་བསྒྱུར་གྱི་ཁེ་སྤོགས་ཐོབ་ཏུ་བཅུག་པ་རེད།

ཚོང་དོན་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱས་ནས་ལེགས་འགྲུབ་བྱུང་བ་དེས། མཚོ་ལྷོ་ཁུལ་གྱི་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་དང་། ད་ལྟ། མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་གི་ཁེ་ལས་གསར་སྒྲུབ་ཀྱི་དུས་ཚོད་ཆ་སྙོམས་ཀྱིས་ལས་ཀའི་ཉིན་གཅིག་ལ་ཇེ་ཐུང་དུ་བཏང་ཡོད་པ་དང་། གོ་རིམ་ཡོངས་གློག་རྡུལ་ཅན་དུ་བསྒྱུར་བའི་ཚད100%སླེབས་ཡོད། ཚོང་གཉེར་གཙོ་གཞི་ཐོ་འགོད་བྱེད་མཁན་ཆ་སྙོམས་ཀྱིས་ཉིན་རེར17དང་། ཁུལ་ནང་ཁུལ་གྱི་རིགས་སོ་སོའི་ཚོང་གཉེར་གཙོ་གཞི་ཁྲི་གསུམ་དང་སྟོང་གཉིས་དྲུག་བརྒྱ་བཅུ་གཉིས་ཡོད་པ་དང་། ཐོ་འགོད་མ་དངུལ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་བྱེ་བ་དྲུག་ས་ཡ་གསུམ་ལ་སླེབས་ཡོད། ཁོ་མོའི་སྣེ་ཁྲིད་འོག ད་རུང“རེའུ་མིག་གཅིག སྦྲེལ་བ་གཉིས། གཏན་འཁེལ་གསུམ། གཏན་འབེབས་བཞི”ཡི་ལོ་འཁོར་སྙན་ཞུའི་སྤྱི་བསྒྲགས་སྒྲིག་སྲོལ་གསར་གཏོད་རང་བཞིན་གྱིས་གསར་འཛུགས་བྱས་པ་དང་། མཚོ་ལྷོ་ཁུལ་གྱི་ཚོང་གཉེར་གཙོ་གཞིའི་ལོ་འཁོར་སྙན་ཞུས་བསྟུད་མར་ལོ་བརྒྱད་ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བླངས།

མ་འོངས་པའི་རེ་བ་གླེང་བ་ན། དཀོན་མཆོག་སྒྲོལ་མས་བཤད་རྒྱུར“ཚོང་གཉེར་གཙོ་གཞི་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བ་ནི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དང་འབྲེལ་ཡོད། ཁྲོམ་རའི་ལྟ་སྐུལ་སྡེ་ཁག་གིས་ཁྲོམ་རའི་ནང་ཞུགས་བདེ་བའི་བྱེད་ཐབས་རྒྱུན་མཐུད་ནས་ཇེ་ལེགས་སུ་གཏོང་བ་དང་། རྒྱུན་མཐུད་ནས་མཐོར་འདེགས་གཏོང་བའི་བར་སྟོང་འཚོལ་བ། ནང་རྐྱེན་འཛུགས་སྐྱོང་དང་ལས་རིམ་ཇེ་ཉུང་དུ་གཏོང་བ། ལས་ཕྱོད་མཐོར་འདེགས་གཏོང་བ། ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཤུགས་འདོན་པ་དང་། ཚོང་གཉེར་གཙོ་གཞི་ལ་ནང་དུ་ཞུགས་པ་དང་ཚོང་གཉེར་པ་ཕྱིར་འབུད་པ་བཅས་ཀྱི་གོ་རིམ་ཆ་ཚང་གི་ཞབས་ཞུ་མཁོ་འདོན་བྱེད་པར་ཤུགས་སྣོན་བྱས་ཏེ། ཁུལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།