ལྷ་རིས་པ་བན་དེ་རྒྱ་མཚོ་ལགས་ཀྱི་པིར་རྩེ་ལས་ཐོན་པའི་བརྩེ་སེམས།
2023.06.26 ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན། ཀློག་གྲངས། 33

 རྒྱལ་ཡོངས་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་ཀུན་སྤྱོད་འཛུགས་སྐྲུན་ལ་བཀྲག་མདངས་གསར་པ་སྤྲོས་ཤིང་། ཀུན་སྤྱོད་དཔེ་བཟང་གི་སྟོབས་ཤུགས་དེ་གསོན་ཉམས་དོད་པའི་ལག་ལེན་དུ་བསྒྱུར་རྒྱུར་སྐུལ་ལྕག་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཆེད་བསམ་པའི་སྒུལ་ཤུགས་དང་ཀུན་སྤྱོད་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་བཞིན་ཡོད།   སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་མི་སྣ་བན་དེ་རྒྱ་མཚོ་ལགས་ཀྱིས་ཏང་ཡོན་གྱི་འགན་འཁྲི་འཁུར་ནས་མི་དམངས་ལ་ཞབས་འདེགས་ཞུས་པའི་གཏམ་རྒྱུད་ཀྱིས་མི་སེམས་ལ་བརྩེ་བའི་དྲོད་ཁོལ་སྦྱིན་ཡོད།

ཡོན་ཏན་འཚོ་སྡོད་ནུས་པ་ཡིན།། ཀུན་སྤྱོད་མི་ཡི་གཞི་མ་ཡིན་ཞེས་པ་ལྟར་མ་ཡུམ་མེས་རྒྱལ་གྱི་འཛིན་མའི་ཁྱོན་ཡོངས་སུ་སྲིད་ཇུས་ཀྱི་ཉི་གཞོན་རིས་མེད་དུ་སྤྲོས་ཤིང་། སྤྱོད་བཟང་གི་མཛད་པ་བླ་རུ་མཐོ་བའི་གཞན་ཕན་ལས་ལ་འབད་རྩོལ་གནང་བཞིན་པའི་མི་སྣ་མང་པོས་མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བར་རོགས་རམ་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་ཡོད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་པ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་བཟོ་རྩལ་མཁས་ཅན་བན་དེ་རྒྱ་མཚོ་ལགས་ཀྱིས་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་གཞན་ཕན་གྱི་ལྷག་བསམ་དཀར་པོས་བུ་སློབ་མང་པོ་བསྐྱངས་བ་དང་། རྒས་ཁོགས་དང་ཁྱིམ་ཚང་གཉོམ་ཆུང་རིས་མེད་མཐའ་ནས་སྐྱོར་ཞོར་རི་མོའི་སྒྱུ་རྩལ་དང་ཞིང་དུད་མཉམ་ཕྱུག་ཟུང་དུ་འབྲེལ་བའི་ལས་དོན་མང་པོ་བསྒྲུབས་ཡོད།

གསེར་ས་འོག་ཏུ་ཡོད་རུང་འོད་ནམ་མཁར་ཟེར་བའི་དཔེ་ལྟར། འབྲེལ་ཡོད་སྡེ་ཚན་གྱིས་བན་དེ་རྒྱ་མཚོའི་གཤིས་འཇམ་གཞུང་དྲང་གི་གཤིས་རྒྱུད་དང་ལས་བརྩོན་གཞན་ཕན་གྱི་སྙིང་རུས་མཐོང་ཡོད་ལ། མང་ཚོགས་ཀྱི་དགའ་གུས་ཐོབ་པ་ནི་གསེར་རྟགས་དངུལ་རྟགས་ལས་གལ་ཆེ་བས། ཁོང་ལ་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་མཚན་སྙན་དང་།  རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་མཚན་སྙན། རྒྱལ་ཡོངས་ཀྱི་གཞན་ཕན་སྒྲུབ་པར་དགའ་བའི་དཔེ་བཟང་མི་སྣའི་མཚན་སྙན། སྐབས་བཞི་པའི་མཚོ་སྔོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་མི་སྣ། སྐབས་25པའི་མཚོ་སྔོན་གཞོན་ནུའི་ལྔ་བཞིའི་བྱ་དགའ། སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་མི་སྣའི་མཚན་སྙན་བཅས་ཐོབ་ཡོད།

བན་དེ་རྒྱ་མཚོ་ལགས་ཀྱིས་ཐང་ག་འབྲི་བའི་ལག་རྩལ་ལ་བརྩོན་ཞིབ་བྱས་པས་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ཐང་ག་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་པ་མ་ཟད། གོས་དྲུབས་དང་འབག་བཟོ་སོགས་ཀྱི་འཕེལ་ཕྱོགས་ལ་གཞིགས་ནས་ཉེ་འཁོར་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད་ཆེད། མང་ཚོགས་ཀྱི་ཁྲོད་ནས་ཐང་གའི་ལག་ཤེས་པ་མི་ཉུང་བ་ཞིག་བསྡུས་ནས་ཐང་ག་འབྲི་བཞེངས་དང་གྲོང་གསེབ་དར་སྤེལ་གྱི་ཕྱོགས་ལ་སྐུལ་ཁྲིད་བྱེད་བཞིན་མཆིས།

2010ལོ་ནས་བཟུང་། ཁོས་ལོ་ལྟར་སྒོར་ས་ཡ་གཉིས་བཏོན་ནས་ཁྱིམ་ཚང་གི་དཀའ་ངལ་ཡོད་པའི་སློབ་མར་སློབ་ཡོན་མི་དགོས་པའི་སློབ་སྦྱོང་དང་ཟ་མ་སོགས་ཀྱི་ཁ་གསབ་སྤྲོད་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་དར་སྤེལ་གཏོང་ཆེད་ལེགས་སྐྱེས་ཕུལ་བ་མ་ཟད་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་ལ་གཞིགས་ཏེ་ལོ་རེར་འཚམས་འདྲི་ཐེངས་མང་བྱས་མྱོང་།

བན་དེ་རྒྱ་མཚོ་ལགས་ནི་སྤྱི་ཕན་གྱི་ལས་ལ་དགའ་ཞིང་། ས་སྐྱེས་རྡོ་སྐྱེས་ཀྱི་རེབ་གོང་ས་ཆའི་རིག་གནས་དང་གནས་དེར་འཚོ་བ་སྐྱེལ་བཞིན་པའི་མང་ཚོགས་ལ་དེ་བས་ཀྱང་དགའ་ཞེན་ཆེན་པོ་བྱེད་ཀྱིན་ཡོད། 2014ལོ་ནས་བཟུང་ཁོས་མང་ཚོགས་ལ་དཀའ་ངལ་ཡོད་ཚེ། ཏང་ཡོན་གྱིས་སྒྲུབ་འོས་པའི་ལས་འགན་ཞིག་ཏུ་རྩིས་ནས་འགན་ལེན་བྱེད་པ་དང་། དམངས་ཀྱི་ཆེད་དུ་ཡོད་ཚད་འབུལ་བ་དང་། ཡོད་ཚད་དམངས་ཀྱི་ཆེད་དུ་སྒྲུབ་པའི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ཏེ།  བསྟུད་མར་ལོ་འགར་མི་ཧྲེང་རྒན་རྒོན་དང་། ཁྱིམ་ཚང་དབུལ་པོ། གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་ཐད་ཞལ་འདེབས་ཕུལ་ཡོད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རེ་ཞུ་རང་འགུལ་ངང་ཤེས་རྟོགས་དང་ནུས་ཤུགས་ཡོད་རྒུས་ཁོ་ཚོར་གནད་དོན་ཐག་གཅོད་བྱེད་རོགས་བྱས་པར་ས་གནས་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པར་མ་ཟད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་མཚན་སྙན་དང་རྒྱལ་ཡོངས་ཀྱི་སྣེ་ཁྲིད་གཉིས་ཀྱི་གྲོང་གསེབ་ཕྱུག་འགྱུར་གཞོན་ནུ་སྔོན་ཐོན་མི་སྒེར་སོགས་ཀྱི་མཚན་སྙན་ཡང་ཐོབ་ཡོད། རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་ཐང་ག་སྦྱོང་བཞིན་པའི་སློབ་མ་སངས་རྒྱས་མཚོ་ཡིས་རི་མོ་འབྲི་བའི་རས་ཆའི་ཐོག་རི་མོ་འབྲི་ཞོར་དུ་རང་ཉིད་ཀྱི་ལག་རྩལ་སྣ་གཅིག་ལ་བརྟེན་ནས་དཔལ་འབྱོར་ཡོང་འབབ་ཐོབ་པར་བྱེད་པ་དང་ཆབས་ཅིག རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་རེབ་གོང་སྒྱུ་རྩལ་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་རྒྱུའི་རེ་བ་བཅངས་བཞིན་ཡོད་ཅེས་འདི་གར་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་བ་རེད།

ཀུན་སྤྱོད་དཔེ་བཟང་མི་སྣ་ནི་ཀུན་སྤྱོད་ལག་ལེན་གྱི་མིག་དཔེ་ཡིན་པ་དང་། གསོན་ཉམས་ལྡན་པའི་རིན་ཐང་ལྟ་བ་དང་དངོས་ཡོད་ཀྱི་དྲང་ནུས་ཡིན། སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་མི་སྣའི་མཚན་སྙན་སྐོར་གླེང་སྐབས། བན་དེ་རྒྱ་མཚོ་ཡིས་མི་དམངས་ཚོགས་ཁང་ཆེན་མོར་མཚན་སྙན་དེ་དང་ལེན་བྱེད་སྐབས། ངའི་སེམས་པ་ལྷོད་དུ་འབབ་ཐབས་བྲལ། གང་ཡིན་ཟེར་ན། གཟི་བརྗིད་དེ་ངའི་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་ཞིག་ཡིན་ལ།  ཕྱིན་ཆད་ངས་གཟི་བརྗིད་ལ་གཅེས་སྤྲས་དང་སྤྱོད་བཟང་ལ་སྣང་ཆེན་བྱས་ནས་ཉེ་འགྲམ་གྱི་མི་རྣམས་དང་མཉམ་དུ་ལག་གདང་སྦྲེལ་ཏེ་འབད་བརྩོན་ཆེན་པོས་དུས་རབས་གསར་པར་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་སུ་འབུལ་དགོས་པས་ཡིན་ཞེས་བཤད་པ་རེད།  བན་དེ་རྒྱ་མཚོ་ལ་ཐོབ་པའི་གཟི་བརྗིད་ཀྱི་མཚན་སྙན་དག་ནི་ཏང་ཡོན་གྱི་འགན་ནུས་རྩེ་གཅིག་ཏུ་བསྒྲུབས་ནས། གཞི་རིམ་མི་དམངས་ལ་ཞབས་འདེགས་ཞུས་པའི་མྱོང་བརྒྱུད་ཅིག་ཡིན་པ་སྨྲོས་མ་དགོས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།