ཕྱུག་འགྱུར་ལམ་གྱི་སྣེ་ཁྲིད་པ།
2023.06.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 66

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཙང་གུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་གི་གནས་ཚུལ་རགས་བཀོད།

མཉམ་ལས་ཁང་གི་འགན་འཛིན་པ། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི། གཟུ་བཤད་ཁང་གི་ཀྲུའུ་རེན།  གླ་གསོ་ར་བའི་འགན་འཛིན་པ་སོགས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྭ་རྒྱ་གྲོང་རྡལ་ཙང་གུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་གིས་འདི་དང་འདི་ལྟ་བུའི་འགན་དང་མིང་བཏགས་གང་མང་ཞིག་ཁུར་ཡོད་ཅིང་། ཏག་ཏག་མི་ལོ་བཅུ་དགུ་ཡི་རིང་ལ། སྡེ་བ་ཞིག་བུ་ཕྲུག་སྙོར་སྙོར་བྱས་ཏེ་སྔུན་ནས་འཐེན་ཞིང་གཞུག་ནས་བསྐྱོར་བ་བརྒྱུད། ད་ལྟ་གཞི་ནས་སྡེ་བ་འདི་ཉིད་ཁ་ཡར་ལ་ཕྱོགས་ཤིང་ཕྱུག་འགྱུར་གྱི་ལམ་ཆེན་སྟེང་དུ་གོམ་སྟབས་ཆེན་པོས་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།

ཧྲུའུ་ཅི་དཀོན་མཆོག་གིས་ཐོག་དང་པོར་ཙང་གུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་སྐབས།  སྡེ་བ་དེ་ནི་ཕན་ཚུན་བར་ལ་མཐུན་སྒྲིལ་མེད་ཅིང་། སྡེ་མགོ་གཅིག་ལ་མི་འདུ་བ་ཞིག་ཡིན་ཞིང་། ཁོས་ཐེངས་གང་མང་ལ་དེར་འབྲེལ་གྱི་ཚོགས་འདུ་རབ་དང་རིམ་པ་འཚོགས་ཤིང་སློབ་གསོ་གང་མང་བཏང་མཐར། རིམ་གྱིས་སྡེ་མི་རྣམས་ཀྱིས་ཀྱང་ཁོང་གི་སེམས་འདུན་རྟོགས་ནས་སེམས་ཁ་གཅིག་ལ་ཕྱོགས་ཏེ་མཐུན་སྒྲིལ་གྱི་ཨ་ལོང་ཇེ་དམ་དུ་གྱུར།

དབུལ་ཐར་མཁྲེགས་གཏོར་གྱི་དུས་སྐབས་སུ། ཧྲུའུ་ཅི་དཀོན་མཆོག་གིས་ཚང་མར་སྣེ་ཁྲིད་དེ། ཙང་གུ་སྡེ་བར་ཆེད་ལས་མཉམ་ལས་ཁང་དང་རྨ་གཡང་བཟོ་གྲྭ་སོགས་བཙུགས་པ་དང་། འབྲོག་པ་མང་ཚོགས་ལ་དམིགས་བསལ་གྱི་ལག་རྩལ་ཁྱད་པར་ཅན་ཞིག་མེད་མོད། བལ་འཁེལ་རྒྱུ་དང་ཐགས་འཐག་རྒྱུ་དེ་འབྲོག་པ་མང་ཚོགས་ལ་མཚོན་ན་རྡོ་ལག་བརྒྱུད་ཀྱི་ཚུལ་ལམ་ཆུ་བུམ་པ་གང་བྱོའི་ཚུལ་དུ་སློབ་མི་དགོས་པར་ལྷན་སྐྱེས་ཀྱིས་ཤེས་པར་བརྟེན། ཧྲུའུ་ཅི་དཀོན་མཆོག་གིས་ཀྱང་སྡེ་མི་རྣམས་ལ་བལ་འཁེལ་བ་དང་ཐགས་འཐག་ཏུ་བཅུག་ནས་གསར་གཏོད་རང་བཞིན་གྱི་ཁུག་མ་སྣ་ཚོགས་འཁེལ་འཐག་བྱེད་དུ་བཅུག་པ་དང་ཆབས་ཅིག  རང་གི་ལག་རྩལ་དང་འཕྲུལ་ཆས་མཉམ་འབྲེལ་གྱིས་ས་གདན་འཐག་པ་བཅས་བྱས་ཏེ། སྡེ་བའི་དབུལ་ཁྱིམ57གྱི་མི158ལས་ཀ་དེ་ལ་བརྟེན་ནས་དབུལ་ཐར་བྱས།

མི་དམངས་མང་ཚོགས་ལ་དཔལ་འབྱོར་གྱི་སྣེ་ཁྲིད་པའམ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ཁ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་། འཚོ་བ་ཕྱུག་པོར་འགྱུར་བར་རང་གི་ནུས་ཚོད་ཀྱིས་ཤུགས་བཏོན་པ་བརྒྱུད། 2020ལོར་ཞིང་ཆེན་རིམ་པ་ནས་ཆོག་མཆན་ཐོབ་སྟེ་ལོ་དེའི་ཟླ11པར་རྭ་རྒྱ་གྲོང་རྡལ་ཙང་གུ་སྡེ་བར་རྨ་ཆེན་རྫོང་ཀུན་བཟང་གླ་གསོ་ཆེད་ལས་མཉམ་ལས་ཁང་ཞེས་པ་དངོས་སུ་བཙུགས་པ་དང་། སྔ་རྗེས་སུ་མ་དངུལ་སྒོར་ས་ཡ་བརྒྱད་ དང་འབུམ་དྲུག་ལྷག་བཏང་ནས་ཚད་ལྡན་གྱི་གླ་གསོ་རྟེན་གཞི་བཙུགས་པར་མ་ཟད། གཞན་ད་དུང་སྨན་ཁང་དང་གཟན་ཆས་ཁང་། གཞུང་ལས་ཁང་། ལས་བཟོ་པའི་ཉལ་ཁང་། བརྙན་མིག་ཁང་སོགས་ཚད་ལྡན་ལས་ཤིང་། གླ་གསོ་ཁང་དུ་ད་ལྟ་གླ་བ་བརྒྱ་དང་ཉི་ཤུ་ལྷག་གསོས་ཡོད་ཅིང་། མ་རྐང་ལམ་ལུགས་ཀྱི་རྣམ་པས་གཉེར་བཞིན་ཡོད། དེ་ནི་དཔེར་ན་ཁྱིམ་ཚང་གཅིག་གིས་སྒོར3000མ་རྐང་ལ་བཞག་ཡོད་ཚེ། ལོ་མཇུག་ལ་ཡོང་འབབ་ཀྱི30%ལྟར་མང་ཚོགས་ལ་བགོ་བཤའ་རྒྱག་གིན་ཡོད་པ་དེ་རེད། གཞན་ད་དུང་གླ་རིལ་གྱིས་ལས་པའི་སྔས་མགོ་སོགས་ཕྱིར་འཚོང་བྱས་ཏེ། གླ་གསོ་ཁང་གི་ཡོང་འབབ་སྣ་མང་ཅན་གྱི་སྒོ་ནས་ཇེ་མཐོར་གཏོང་བཞིན་ཡོད།

“ད་ལྟ་གླ་གསོ་ཁང་འདི་རུ་རྒྱུན་ལྡན་གྱིས་ལས་ཀ་གཉེར་མཁན་གཉིས་ཡོད་དེ། གཅིག་ལ་སྒོར5000དང་གཞན་དེ་ལ་སྒོར3000གི་གླ་ཕོགས་སྟེར་གྱིན་ཡོད། རྒྱུན་ལྡན་མ་ཡིན་པར་དུས་རྒྱུན་ལས་ཀ་ཡོད་དུས་འདིར་ལས་ཀ་ལས་མཁན་ཡང་མི་བརྒྱད་ཙམ་ཡོད། ཚང་མ་དབུལ་ཐར་ཁྱིམ་ཚང་གི་ཡིན་ལ། ཁོ་ཚོར་ཡང་གང་ལ་གང་འཚམ་སྒོས་གླ་ཕོགས་རེ་སྟེར་བཞིན་ཡོད།”ཅེས་ཧྲུའུ་ཅི་དཀོན་མཆོག་གིས་གླ་ཕྲུག་ཅིག་ལ་འོ་མ་ལྡུད་ཞོར་གསར་འགོད་པར་གླ་གསོ་ཁང་གི་གནས་ཚུལ་དང་དེར་ཡོད་ལས་བཟོ་པའི་སྐོར་ནས་ངོ་སྤྲོད་བྱས།

སྤྱིར་ན་འཇིག་རྟེན་སྟེང་དུ་དཀའ་བ་མ་སྤྱད་པར་ལས་དོན་ཐམས་ཅད་རང་བཞིན་གྱིས་གྲུབ་པའི་མི་ནི་ཤིན་ཏུ་དཀོན་པ་ལྟར།  ཧྲུའུ་ཅི་དཀོན་མཆོག་གིས་ཀྱང་གླ་གསོ་ར་བ་འདི་འཛུགས་པའི་ཆེད་དུ། སྔ་རྗེས་སུ་ཧྲན་ཞི་དང་ཀན་སུའུ་སོགས་ཞིང་ཆེན་གཞན་དང་།  མཚོ་སྔོན་གྱི་མདོ་ལ་རྫོང་དང་ཞིན་ཧེ་རྫོང་སོགས་ཀྱི་གླ་གསོ་ར་བར་སོང་ནས་སློབ་སྦྱོང་དང་ཞིབ་འཇུག་ཐེངས་གང་མང་བྱས་མྱོང་ཞིང་། གླ་ཞིག་ཕར་བཙོང་བ་དང་ཚུར་ཉོ་བ་གང་ཞིག་ཡིན་ཡང་སྲིད་ཇུས་དང་སྒྲིག་ཁྲིམས་གང་དག་ཡོད་པར་རྒྱུས་ལོན་གཏིང་ཟབ་དང་ཡང་དག་པར་བྱས་རྗེས། ད་གཟོད་ཁོང་གིས་ཀྱང་རང་གིས་སྣེ་ཁྲིད་དེ་གླ་གསོ་ར་བ་འདི་བཙུགས་པ་རེད། “ན་ནིང་དོ་ཚིགས་གླ་ཡི་རིན་གོང་ཆེར་འཕར་ཡོད་ལ། དཔེར་ན་ད་ལོར་རྩེབས་པའི་གླ་ཕྲུག་ཅིག་ཕར་བཙོང་ན་དེར་སྒོར་ཁྲི་གསུམ་དང་སྟོང་དྲུག་བྱས་ནས་བཙོང་གིན་ཡོད་ཅིང་། དེ་ཡང་བཙོང་བའི་སྐབས་སུ་རང་གི་ས་གནས་ཀྱི་སྲིད་གཞུང་དང་ཞིང་ཆེན་གྱི་ཆོག་མཆན་ཡི་གེ་མེད་ན་གང་འདོད་དུ་བཙོང་མི་ཆོག་པ་རེད།”ཅེས་ཁོང་གིས་རི་དྭགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ་དང་། ཁྲིམས་མཐུན་སྒོས་གླ་གསོ་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གོང་རིམ་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་པ་བརྒྱུད། མུ་མཐུད་དུ་གླ་རྩི་ཡིས་ལས་པའི་དྲི་ཞིམ་སྤོས་ཆུ་སོགས་ཚད་ལྡན་གྱི་ཐོན་རྫས་སྣ་མང་ལས་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བར་ཤུགས་སྣོན་བྱེད་རྩིས་ཡོད་པ་རེད།

“ངས་སྡེ་བ་འདིའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་ནས་ཏག་ཏག་ལོ་བཅུ་དགུ་འགོར་ཞིང་། ད་ལྟ། མི་ལོ་བཅུ་དགུའི་སྔོན་དང་བསྡུར་ཚེ། ང་ཚོའི་སྡེ་བར་མཐུན་སྒྲིལ་དང་དཔལ་འབྱོར་གང་གི་ཐད་ནས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། རྭ་རྒྱ་གྲོང་རྡལ་གྱི་སྡེ་བ་དག་གི་ཁྲོད་དུ་ང་ཚོའི་སྡེ་བར་འགྲན་ཐུབ་པ་ཞིག་མེད་ཅེས་བཤད་ཆོག་ལ། ད་ལོར་མཚོན་ན་མིག་སྔའི་བར་དུ་ང་ཚོའི་གླ་གསོ་ར་བ་འདི་ནས་ཕར་བཙོང་བའི་གླ་བའི་རིན་གོང་གཅིག་པུ་སྒོར་ས་ཡ་གཉིས་ལ་སླེབས་པ་དང་། ད་བར་ང་ཚོའི་སྡེ་བ་འདི་ནི་མཐུན་སྒྲིལ་ལྡན་པར་མ་ཟད་སྡེ་བ་གཞན་གྱི་མིག་དཔེ་ལྟ་སའང་ཡིན”ཞེས་བརྗོད་དུས་ཧྲུའུ་ཅི་དཀོན་མཆོག་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ཡོད་ལ། ཁོའི་ཡིད་ཆེས་དང་སྤོབས་པ་ལས་ཀྱང་སྡེ་བའི་དཔལ་འབྱོར་གནས་ཚུལ་ངང་གིས་རྟོགས་ཐུབ།

དེ་ལས་གཞན། ཧྲུའུ་ཅི་དཀོན་མཆོག་ནི་བློ་གཟུ་ཞིང་རིག་པ་གློག་དམར་འཁྱུག་འཁྱུག་དང་ཁ་ལྕེ་མེ་ལྕེ་འབར་འབར་བྱེད་པའི་གཟུ་བ་ཞིག་ཀྱང་ཡིན་ཏེ། 2016ལོ་ནས་བཟུང་རྭ་རྒྱ་གྲོང་རྡལ་གཟུ་བཤད་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་བ་དང་། དེའི་རྗེས་ནས་རྨ་ཆེན་རྫོང་གི་གཟུ་བཤད་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་ཞིང་། 2016ལོའི་ཚུན་ལ། ཁོང་གིས་བསྡོམས་པས་གྱོད་གཞི600ལྷག་བཤད་ཅིང་ཚང་མ་ལེགས་འགྲུབ་བྱུང་བས། “རྒྱལ་ཡོངས་སྔོན་ཐོན་གཟུ་བཤད་དཔེ་ལེགས་ཅན”གྱི་བྱ་དགའ་ཡང་ཐོབ་མྱོང་།

ལོ་ངོ་བཅུ་དགུ་པོ་འདིའི་རིང་དུ་འབད་འབུངས་བྱས་པའི་དན་རྟགས་སུ། ཁོ་ལ་ཞིང་ཆེན་རིམ་པའི“མཚོ་སྔོན་ཞིང་ཆེན་ངལ་རྩོལ་དཔེ་ལེགས་ཅན”དང་། དབུལ་ཐར་མཁྲེགས་གཏོར་ཆེན་མོའི་ཁྲོད་དུ“རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་མི་སྒེར་གྱི་བྱ་དགའ”ཐོབ་མྱོང་ཞིང་། འདི་དག་ཀྱང་ཁོའི་མི་ཚེའི་བརྒྱུད་རིམ་ཁྲོད་དུ་ཡོད་ཚད་སྡེ་བ་འདི་ཡར་རྒྱས་གོང་འཕེལ་ལ་གཏོང་བའི་ཐད་བསྟིམས་པའི་བདེན་དཔང་དང་། ཁོའི་ཕྱུག་འགྱུར་བགྲོད་ལམ་སྟེང་གི་ལག་རྗེས་དག་ལ་ཐོབ་པའི་བདེན་ཁའང་ཅི་ལ་མིན། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།