དར་ལག་རྩྭ་ཐང་གི་བློ་མཐུན་བཟང་པོ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་མཁན།
2023.09.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

--བློ་མཐུན་མཁའ་རྒྱ་འབུམ་འཚོ་བཞུགས་སྐབས་ཀྱི་བྱས་རྗེས་རགས་བཀོད།

ཟླ་བརྒྱད་པ་ནི་དར་ལག་རྩྭ་ཐང་གི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་ཤིག་ཡིན་ལ། བྱ་བྱིའུ་འཕུར་ལྡིང་གིས་གར་ལ་རྩེན་ཞིང་རྩྭ་ལྗང་གི་གཡུ་ལོ་ཐགས་སུ་བཀྲ། རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་བག་ཕེབས་ངང་རྩྭ་ཆུར་རོལ། དབྱར་གྱི་དྲོད་རྔ་ངང་གིས་འཁུམ་ཞིང་སྟོན་གྱི་རང་མདངས་ལྷོད་ཀྱིས་མངོན་ཡོད། འདི་ནི་རྩྭ་ཐང་གི་བུ་ཕྲུག་ཚོས་གླུ་དང་གར་གྱིས་བགྲོན་བསུ་དང་། དགའ་དགའ་སྤྲོ་སྤྲོས་ཏང་ལ་བསྟོད་གླུ་འབུལ་བའི་གསེར་མདོག་གི་དུས་ཚིགས་ཡིན་པས། ཚང་མ་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་པའི་སྐབས་སུ། གློ་བུར་དུ་རྣ་བར་གཟན་པའི་གཏམ་ངན་ཞིག་གོ་བྱུང་བ་ནི། 2023ལོའི་ཟླ7པའི་ཚེས30ཉིན་གྱི་དགོང་མོར་བློ་མཐུན་མཁའ་རྒྱ་འབུམ་གྲོང་གསེབ་ཏུ་སྐྱོད་པའི་ལམ་བར་དུ་གློ་བུར་ཀླད་ཁྲག་ཤོར་ཞིང་། མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཟླ8པའི་ཚེས1ཉིན་ཚེ་ལས་འདས་པ་དེ་རེད། ཁོ་ལོ་ང་གཉིས་རེད། སྐད་ཅིག་མ་དེར། ལྷག་བསམ་ཟོལ་མེད་ཀྱིས་དམངས་དོན་ལ་བརྩོན་པའི་བློ་མཐུན་བཟང་པོ་ཞིག་མཛེས་སྡུག་ལྡན་པའི་གཙང་ཆབ་དར་ལག་དང་རྨ་ཡུལ་རྩྭ་ཐང་གི་བུ་ཕྲུག་རྣམས་དང་གཏན་དུ་བྲལ་སོང་། གཙང་ཆུས་ངུ་སྐད་འདོན་ཞིང་རྩྭ་རྩི་ཤིང་གིས་ཀྱང་སྡུག་གི་མགོ་བོ་དུད།

མཁའ་རྒྱ་འབུམ་ནི1971ལོའི་ཟླ8པར་སྐྱེས་ཞིང་། ཀྲུང་གུང་ཏང་ཡོན་ཡིན་ལ། འཚོ་བཞུགས་སྐབས་སུ་དར་ལག་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་རིམ་པ་གསུམ་པའི་བརྟག་ཞིབ་པའི་འགན་བཞེས་ཡོད། ཁོ་རང1994ལོར་དམག་ཁུངས་ལས་བུད་རྗེས་དར་ལག་རྫོང་དུ་བྱ་བར་ཞུགས་པ་དང་། དར་ལག་རྫོང་དུ་ལོ་ངོ30ལ་ཉེ་བའི་རིང་བྱ་བ་བསྒྲུབས་པའི་གོ་རིམ་ཁྲོད། ཁོས་དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་བཏོན་པ་དང་། སེམས་ཤུགས་ཡོད་རྒུ་བྱ་བ་སོ་སོའི་སྟེང་བཏོན་ནས། གཟབ་ནན་གྱི་བྱ་བའི་རྣམ་འགྱུར་དང་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་གྱིས། རང་འཁྲིའི་ལས་རྐང་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་གི་ལས་གཅེས་ལས་བཀུར་དང་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཞིང་། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་འགྲེལ་བྱས།

“ཏང་ཡོན་ཞིག་ཡིན་ན་སྔོན་དུ་བསྐྱོད་དགོས་ལ་སྔོན་ལ་བསྒྲུབ་དགོས།” མཁའ་རྒྱ་འབུམ་གྱིས་རྒྱུན་དུ“ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། རང་དཔེ་གཞན་སྟོན་དང་སྔོན་ལ་མིག་དཔེ་བསྟན་ན་ད་གཟོད་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ནས་ཁས་ལེན་ཞིང་ཡིད་ཆེས་བྱེད་ངེས་ཡིན”ཞེས་བཤད་ལ། ཁོ་རང“དཔོན་པོ་ལྷོད་གཡེང་ཅན”ཞིག་གཏན་ནས་མིན། གཞི་རིམ་ནས་འཚར་ལོངས་བྱུང་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཁོས་ཉིན་མཚན་དབྱེར་མེད་དུ་བྱ་བའི་དོན་དུ་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད། ཁོས་རྒྱུན་དུ“གོ་གནས་གར་ཡོད་དེ་གའི་སྲིད་ལ་བརྩོན་དགོས། རྩ་འཛུགས་ཀྱིས་ང་རང‘ཁྱིམ་བདག’ཏུ་བསྐོས་ན། ངས་རང་གི་འགན་བབས་ཀྱི་བྱ་བ་ངེས་པར་ལེགས་པོར་བསྒྲུབ་དགོས་པ་ལས། ཉི་མ་འཁྱོལ་ཐབས་གཏན་ནས་བྱེད་མི་རུང”ཞེས་བཤད། སྟག་ཐོག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་ལོ་དེ་དག་ལ། ཏག་ཏག་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་སྐབས་དང་འཁེལ་ཡོད་པས། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་ཆེད། ཁོས་ནམ་རྒྱུན“5+2”དང“ཉིན་མཚན”གཉིས་ལ་བྱ་བར་འབད་དེ་ཧ་ལམ་ལོ་ཧྲིལ་པོར་ངལ་གསོའི་དུས་ཚོད་མེད། ཁོར་སྣ་སྦུག་གཉན་ཚད་ཚབས་ཆེན་བྱུང་ཡོད་ཀྱང་། ཁོས་སྔར་བཞིན་བྱ་བའི་ལས་རྐང་བརྟན་སྲུང་བྱས་ཡོད་ལ། འབྲོག་ཁྱིམ་གྱི་ཁོམ་སྐབས་དང་བསྟུན་ནས། སྡེ་བ་དང་སྡེ་ཁུལ། འབྲོག་ཁྱིམ་བཅས་སུ་སོང་ནས་དངོས་བཅར་བརྟག་ཞིབ་བྱས་པས། ཁོའི་རྐང་རྗེས་ཡུལ་ཚོ་ཡོངས་ཀྱི་གྲུ་ཟུར་རེ་རེར་ཕབ་ཡོད། ཁོ་རང་སྡེ་བའི་ཁྱིམ་ཚང་དུ་འགྲོ་བཞིན་པའི་བྲེལ་རྟབ་ཆེ་བའི་རྒྱབ་གཟུགས་རྒྱུན་དུ་མཐོང་ཐུབ་ལ། ཁོས་དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབས་པའི་སྐད་སྒྲའང་ཐོས་ཐུབ། སྐབས་ཐོག་དེར་དཀའ་ཁག་ཡོད་པའི་མང་ཚོགས་ག་ཚོད་ལ་འདྲི་གཏུག་བྱས་པ་དང་བརྟག་ཞིབ་ཐེངས་ཇི་ཙམ་བྱས་པ། སྲིད་ཇུས་སྒྲོག་འགྲེལ་ཐེངས་ཇི་ཙམ་བྱས་པ། བཞུགས་མོལ་ཚོགས་འདུ་ཐེངས་དུ་ལ་སྤེལ་བ་སོགས་ཁོ་རང་གིས་ཀྱང་གྲངས་མི་ཟིན། འདྲི་ཚིག་རྣམ་པ་སྣ་ཚོགས་བྲིས་ཡོད་པའི་ཟིན་བྲིས་འབྲི་དེབ་བཅུ་ཁ་ཞིག་ཤུལ་དུ་བསྐྱུར་ཡོད། དཀའ་སྡུག་ཇི་འདྲ་མྱངས་ཀྱང་འཁང་ར་དང་ལེ་བདའ་སྤུ་ཙམ་ཡང་བྱས་མ་མྱོང་བའི་མཁའ་རྒྱ་འབུམ་གྱིས་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་སེམས་སུ་བག་ཆགས་ཟབ་མོ་བཞག་སྟེ། སྟག་ཐོག་ཡུལ་ཚོའི་དབུལ་ཐར་མཁྲསག་གཏོར་གྱི“བློ་འཁེལ་ས”རུ་གྱུར་ཡོད། ཁོའི་སྣེ་ཁྲིད་འོག་ཡུལ་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔུང་བ་མཉམ་གཤིབ་དང་ལག་གདང་མཉམ་སྦྲེལ་སྒོས་དབུལ་ཐར་མཁྲེསག་གཏོར་གྱི་དམིགས་འབེན་ལས་འགན་སོ་སོ་ཡོངས་སུ་ལེགས་འགྲུབ་བྱས་པས། སྟག་ཐོག་ཡུལ་ཚོ་བདེ་བླག་ངང་དབུལ་ཕོངས་ལས་ཐར།

“ཡུལ་ཕྱོགས་གཅིག་གི་དཔོན་བྱས་ན་ཡུལ་ཕྱོགས་དེ་གར་བདེ་སྐྱིད་བསྐྲུན་དགོས།” བློ་མཐུན་མཁའ་རྒྱ་འབུམ་གྱིས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གི“ཀུན་སྤྱོད་ཆེན་མོ་གསལ་པོར་རྟོགས་པ། སྤྱི་སྤྱོད་སྲུང་བ། རང་སྤྱོད་སྡོམ་པ”ཡི་བཀའ་སློབ་ནན་མོ་ཡིད་ལ་བརྟན་པོར་བཅངས་ཤིང་། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་དུས་རྒྱུན་གྱི་བྱེ་བྲག་གི་བྱ་བའི་སྟེང་འཁེལ་དུ་བཅུག་པ་དང་། དུས་རྒྱུན་དུ་ཏང་ཡོན་ལས་བྱེད་པ་དང་སེམས་གཏམ་གླེང་ནས། བསམ་བློའི་ཆབ་སྲིད་བྱ་བ་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་མཁས་པར་བྱས། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས་རྗེས། ཁོར་སེམས་ཐོགས་ས་ཞིག་ཡོད་པ་ནི་འབྲོག་པ་མང་ཚོགས་རེད། བྱ་བ་མེད་པའི་སྐབས་སུ་ཁོ་རང་རྒྱུན་དུ་ཁྱིམ་ཚང་རེ་རེར་སོང་སྟེ། “རྒྱུན་ལྡན་གྱི་ཁ་བརྡ”བྱེད་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་ལ་རྒྱུས་ལོན་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱེད་རོགས་བྱས་ལ། སེམས་དང་བསམ་པས་མང་ཚོགས་ཀྱི“འདོད་དོན”ལེགས་པོར་བསྒྲུབས། ཁོས་དམངས་དོན་བརྩོན་སེམས་དང་འགན་འཁྲི་འདེགས་སེམས་ལ་བརྟེན་ནས། ཁོ་དང་འབྲོག་པ་མང་ཚོགས་བར་གྱི་ཆུ་དང་ཉ་མོ་ལྟ་བུའི་བརྩེ་བ་དེར་སྲུང་སྐྱོབ་བྱས། དུས་རྒྱུན་གྱི་འགྲོགས་འདྲིས་ཁྲོད་ནས། ཏང་དང་མང་ཚོགས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མཉམ་འདྲེས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱུང་། སྐྱེ་ཁམས་སྲུང་སྐྱོབ་དང་འབྲུབ་འགོག་གནོད་འགོག རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་གཙོ་གནད་བྱ་བའི་ཁྲོད། འབྲོག་པ་མང་ཚོགས་ཀྱིས་རང་འགུལ་ངང་དང་དུ་བླངས་ཏེ་དུས་ཐོག་གི་དཀའ་ཁག་མཉམ་སེལ་བྱས་པས། མཐུན་སྒྲིལ་དམ་ཞིང་ལས་སྒྲུབ་ལས་སྐྲུན་གྱི་སྣང་ཚུལ་ལེགས་པོ་བསྐྲུན།“ཡུལ་ཕྱོགས་གཅིག་གི་དཔོན་པོ་བྱས་ན་ཡུལ་ཕྱོགས་དེ་གར་བདེ་སྐྱིད་བསྐྲུན་དགོས”ཞེས་པའི་འདུ་ཤེས་དེ་ཧུར་ཐག་གིས་འཚོལ་སྙེག་བྱས་པ་དེས། ཁོ་རང་དུས་རྟག་ཏུ་ལངས་གནས་ཡང་དག་ཏུ་འགྲེངས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་པ་དང་། སེམས་ཤུགས་ཡོད་དགུ་བཏོན་ནས་རྩ་འཛུགས་ཀྱིས་སྤྲད་པའི་བྱ་བ་ལེགས་པོར་བསྒྲུབས་པ་དང་། སྤྱིར་བཏང་གི་བྱ་བའི་ལས་རྐང་དུ་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་བཞག་པ་རེད།

“མི་ལ་དོ་དམ་བྱེད་དགོས་ལ། ལྷག་པར་རང་ལ་དོ་དམ་བྱེད་དགོས།” ལོ་ངོ་མང་པོའི་རིང་ལ། མཁའ་རྒྱ་འབུམ་གྱིས་དུས་རྟག་ཏུ་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་ལེགས་པོ་སེམས་ལ་བཅངས་ཏེ། ནམ་ཡང་ཏང་ལ་བློ་དཀར་བ་དང་གཡོ་ལྷད་མེད་པར་བྱས། བྱ་བའི་ཁྲོད་དུ། ཁོས་དངོས་འཛིན་རྣལ་སྒྲུབ་དང་དྲེགས་མེད་ཁེངས་སྐྱུང་བྱས་ཤིང་། རྒྱུན་དུ་སྔོན་ལ་མིག་དཔེ་སྟོན་པ་དང་། སྲིད་གཙང་སྒྲིག་བརྩི་བྱས་ཏེ། མང་ཚོགས་དང་ཞབས་འདེགས་ཞུ་ཡུལ་གྱི“ཁབ་སྣེ་སྐུད་པ་ཙམ”ཡང་བླངས་མ་མྱོང་། ཁོས“ལས་རྐང་གཅིག་ལ་འགན་འཁྲི་གཉིས”ཀྱི་ལས་འགན་ནན་ཏན་གྱིས་ལག་བསྟར་བྱས་ནས། ཚན་ཁག་ཧྲིལ་པོར་སྤྱོད་གཙང་སྲིད་འཛིན་དང་དཀའ་སྤྱད་སྡུག་རུས་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་ཞིང་། “སེམས་མཐུན། ཤུགས་མཐུན། སྤྱོད་མཐུན”བཅས་ཀྱི་ནུས་པ་ཐོན་པར་བྱས། འཚོ་བའི་ཁྲོད། ཁོས་ཧུར་བརྩོན་གྱིས་གྲོན་ཆུང་བྱས་པས་འཚོ་བ་བབ་ཆགས་ཡིན་ལ། ལུས་ལ་ཚི་ལེན་དཀར་པོ་ཞིག་གི་སྟེང་དུས་ཚིགས་བཞི་པོར་འགྱུར་བ་མེད་པའི“ལས་བྱེད་པའི་སྟོད་ཐུང”ཞིག་གྱོན་ཡོད། ཁོས་ཁྱིམ་ཚང་གི་སྤྱོད་ཚུལ་ནན་གཅུན་བྱས་ཤིང་། རྒྱུན་དུ་བུ་ཕྲུག་རྣམས་ལ་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་བསླབ་བྱ་གནང་། སློབ་སྦྱོང་ལ་འབད་བརྩོན་བྱས་ནས་སྤྱི་ཚོགས་ལ་གོ་ཆོད་པའི་མི་ཞིག་བྱེད་དགོས་པར་གདམས། ཨ་ཕའི་མངགས་བཅོལ་ནན་མོའི་སྐུལ་ཁྲིད་འོག ད་ལྟ་དམའ་འབྲིང་གཉིས་པར་འགྲིམ་བཞིན་པའི་བུ་མོ་ཆུང་བའི་རྒྱུགས་འབྲས་ཧ་ཅང་བཟང་ལ། བུ་མོ་ཆེ་བས་རྒྱུགས་འབྲས་གཡུར་དུ་ཟ་བར་བརྟེན་ནས་རང་གི་ཕུགས་འདུན་ཁྲོད་ཀྱི་སློབ་ཆེན་དུ་རབ་འབྱམས་པའི་བསླབ་གནས་ལ་བརྩོན་བཞིན་ཡོད།

“རྗེས་ཕྱོགས་ང་རང་ལས་འཁྱུར་ངལ་གསོ་བྱས་རྗེས……།” “རྗེས་ཕྱོགས་ང་རང་ལས་འཁྱུར་ངལ་གསོ་བྱས་རྗེས་བཟའ་མི་ཚོར་འདུག་རོགས་ཡག་པོ་ཞིག་བྱེད་ཁོ་ཐག་ཡིན་ལ། ཁོ་ཚོ་ཁྲིད་དེ་གང་སར་ཡུལ་སྐོར་དུ་འགྲོ་དགོས། ལོ་ངོ་འདི་དག་གི་རིང་ལ་བྱ་བར་བྲེལ་བ་ཆེ་བའི་དབང་གིས་ཁོ་ཚོར་མང་པོ་ཞིག་ཆད་ཡོད། ཁྱད་པར་ཁྱོད་ཀྱི་སྲུ་མོར་དངོས་གནས་མང་པོ་ཞིག་ཆད་ཡོད། མོ་རང་གཅིག་པུས་བྱིས་པ་གཉིས་ཀ་གཉོར་སྐྱོང་བྱས་ནས་ནར་སོན་དུ་བཅུག་པས་དངོས་གནས་དཀའ་ལས་མྱངས་སོང་།” སྐད་ཆ་འདི་དག་བཤད་སྐབས་ཁོས་རྒྱུན་དུ་མགོར་རེག་རེག་ཅིག་བྱས་རྗེས། གདོང་ལ་ནོངས་འགྱོད་ཀྱི་མདངས་ཉམས་ཤིག་མངོན་ཡོང་། འོན་ཀྱང་གཟི་བརྗིད་ལྡན་པའི་ལས་འཁྱུར་ངལ་གསོའི་བརྡ་སྦྱོར་མ་འབྱོར་སྔོན་ལ་ཁྱེད་རང་ལས་རྐང་དང་གྱེས་པའི་ཁ་པར་ཐོན་སྲིད་པ་སུས་ཀྱང་ཡིད་ལ་ཤར་མ་མྱོང་། དུས་སྐབས་དེ་ནས་བཟུང་སྟེ། ཆུང་མར་ཁྱོ་ག་མེད་ལ། བྱིས་པ་ཚོར་ཨ་ཕ་མེད་པར་གྱུར་སོང་། ཁྱེད་ཀྱིས་བཟའ་མི་ཚོར་བཞག་པའི་དམ་བཅའ་མངོན་འགྱུར་བྱེད་མ་ཐུབ། ལས་གྲོགས་ཚོས་ད་ནས་བཟུང་སྟེ་ཁྱེད་རང་ཆེས་དགའ་བའི་གླུ་ཆུང《པེ་དབྱང་ཆུང་ཆུང》ཞེས་པ་དེར་ཉན་ཐབས་མི་འདུག ······ དུས་ཚོད་འདས་ཀྱང་། ཁྱེད་ཀྱི་ཞལ་འཛུམ་དང་ངག་འཇམ། འདས་ཟིན་པའི་དུས་ཀྱི་དོན་དག་ཙག་ཙིག་ཡོད་ཚད། སྔར་བཞིན་ང་ཚོའི་སེམས་སུ་རི་མོ་བཞིན་གསལ་ལེར་ཤར་ཡོད། ཁྱེད་ཀྱི་ཁྱིམ་ཆུང་བསྐྱུར་ནས་ཁྱིམ་ཆེན་བསམ་པའི་གསོལ་འབུལ་གྱི་སྙིང་སྟོབས་དང་སེམས་ཤུགས་ཡོད་རྒུས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བརྩེ་སེམས་ཀྱིས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་འབད་པ་ལྷོད་མེད་སྒོས་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་པའི་སྐུལ་ལྕག་ཐེབས་ངེས། ཁྱེད་ནི་བཟའ་མི་ཚོའི་མིག་དཔེ་ལྟ་ས་དང་། ལས་བྱེད་པ1293དང་ཏང་ཡོན1938ཀྱི་མིག་དཔེ་ལྟ་ས་ཡིན་པར་མ་ཟད། དར་ལག་རྫོང་གི་རིགས་སོ་སོའི་མང་ཚོགས་ཁྲི4ལྷག་གི་མིག་དཔེ་ལྟ་སའང་ཡིན།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།