མཐོ་སྒང་གི“ནོར་བུའི”བདེ་འཇགས་སྲུང་སྐྱོབ་ཡག་པོ་བྱེད་དགོས།
2023.10.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

—“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་ལྕགས་འབུམ་རྒྱལ་གྱི་གནས་ཚུལ་བཀོད་པ།

ཆ་སྙོམས་མཚོ་འཕང་སྨི3400ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་པའི་སྨར་ཁོག་ནགས་རའི་ངྷི་མདའ་ཡུལ་ཚོ་པན་ཆེན་སྡེ་བ་ནི་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། དཔེ་མཚོན་གྱི་བོད་རིགས་འདུས་སྡོད་སྡེ་བ་ཞིག་རེད། སྨར་ཁོག་ནགས་རའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། མཐོ་སྒང་གི་རྩི་ཤིང་རིགས888དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས12ཡོད། དེས་ལས་རོགས་ཉེན་རྟོག་པའི་ལྟ་སྲུང་འགན་འཁྲི་ཧ་ཅང་ལྕི་མོ་ཡིན་པ་མཚོན། ངྷི་མདའ་ཡུལ་ཚོའི་ཏང་ཨུའི་ཨུ་ཡོན། པན་ཆེན་མངགས་གཏོང་ཁང་གི་མགོ་གཙོ་ལྕགས་འབུམ་རྒྱལ་གྱི་སྣེ་ཁྲིད་འོག པད་མ་རྫོང་སྤྱི་བདེ་ཅུའུ་པན་ཆེན་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་བཅུ་གསུམ་གྱིས་འདི་གར་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་དང་། ནགས་ཚལ་ཐོན་ཁུངས། རི་སྐྱེས་སྲོག་ཆགས་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།

སྔ་རྗེས་སུ་མི་སྒེར་གྱི་བྱ་དགའ་ཐེངས་གཅིག་ཐོབ་པ་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་སོགས་ཁྲག་དྲོན་དམར་པོས་གསེར་མདོག་གི་ཕུབ་བཏོད་པ་དང་། ལོ་ངོ་བཅུའི་རིང་ཉེན་རྟོག་པའི་བྱ་བ་སྒྲུབ་ལ། ད་ལོ་ལོ36ལ་སླེབས་པའི་ལྕགས་འབུམ་རྒྱལ་གྱིས་སྔ་རྗེས་སུ་ཉེས་དོན་ཉེན་རྟོག་རུ་ཆེན་དང་། ཉེས་ཅན་ལྟ་སྲུང་ཁང་། མངགས་གཏོང་ཁང་བཅས་སུ་བྱ་བ་སྒྲུབ་པ་དང་། ཁོའི་རྐང་རྗེས་པད་མའི་ས་ཁུལ་མང་པོ་ཁྱབ་ཡོད་ཅིང་། དུས་ནམ་ཡང་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་འོད་སྣང་དང་དྲོད་འཁོལ་སྦྱིན་བཞིན་ཡོད།

“རི་མཐོར་བསྐྱོད་ཚེ་ནགས་ཚལ་གྱི་འབོད་སྒྲ་གཞི་ནས་ཐོས་ཐུབ་པ་མ་ཟད། ད་དུང་སེམས་ནང་གི་འགན་འཁྲི་ཡང་ཟབ་མོ་ཚོར་ཐུབ”ཞེས་ལྕགས་འབུམ་རྒྱལ་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད། དང་ཐོག་ལྕགས་འབུམ་རྒྱལ་པན་ཆེན་སྡེ་བར་སླེབས་མ་ཐག་རི་མཐོའི་འཚོ་བར་ལོབ་ཀྱིན་མེད་མོད། འོན་ཀྱང་ལོ་མང་པོའི་རིང་བརྟན་སྲུང་བྱས་རྗེས་ཁོ་རང་ནགས་ཚལ་དེར་དགའ་བར་གྱུར་ཡོད།

པན་ཆེན་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་གནས་དེར་ཡོང་མ་ཐག་ལྕགས་འབུམ་རྒྱལ་དང་འདྲ་བར་ཁེར་རྐྱང་དང་ཁུ་སིམ་མེར་སྡོད་ཐུབ་ཀྱིན་མེད། ལྕགས་འབུམ་རྒྱལ་གྱིས་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་ཁོང་ཚོར་དེ་གའི་བྱ་བའི་རྣམ་པ་དང་། མགྱོགས་མྱུར་སྒོས་གོམ་ལོབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རི་ཁུག་ཏུ་བྱ་བ་སྒྲུབ་པའི་དོན་སྙིང་ཚོར་ཐུབ་པར་བྱེད་དུ་བཅུག

“རི་ལ་སྐོར་གཡེང་བྱ་རྒྱུ་ནི་ང་ཚོའི་རྒྱུན་ལྡན་བྱ་བའི་གཙོ་གནད་ཅིག་ཡིན་པ་དང་། དུས་ཚིགས་གཅིག་ལ་ཐེངས་གསུམ་ནས་བཞི་བར་བཀོད་སྒྲིག་བྱེད་ཀྱིན་ཡོད། དུས་ཡུན་གཟའ་འཁོར་གཅིག་ཙམ་གྱི་ཕྱོགས་བསྡུས་སྐོར་སྐྱོད་སྲུང་སྐྱོང་གི་ཁྲིམས་འཛིན་བྱ་སྤྱོད་སྤེལ་ནས། ནགས་ཁུལ་ནང་གི་ཤིང་སྡོང་ལ་ཆག་སྐྱོན་ཤོར་བ་དང་ཤི་བའི་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱས་པ་དང་། གལ་སྲིད་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་རིམས་ནད་ཀྱི་འབྱུང་ཁུངས་ནགས་ཁུལ་དུ་མི་ཁྱབ་པ་བྱེད་པ་དང་། དུས་མཚུངས་སུ་མི་ལ་ལས་ཐོན་ཁུངས་དེ་དག་རྐུ་རྒྱུ་སྔོན་འགོག་བྱེད་དགོས”ཞེས་ལྕགས་འབུམ་རྒྱལ་གྱིས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས། ལོ་རེ་རེ་བཞིན་དང་ཉིན་རེ་རེར་ཡང་དང་བསྐྱར་དུ་རི་ལ་སྐོར་ཞིབ་བྱེད་ཀྱིན་ཡོད། ལྕགས་འབུམ་རྒྱལ་དང་ལས་རོགས་ཚོ་རི་མཐོའི་ནགས་ཚལ་ཁྲོད་གཞི་ཚུགས་ཏེ་རང་ཉིད་ཀྱི་རྐང་རྗེས་ལ་བརྟེན་ནས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བཞིན་ཡོད།

ལོ་ངོ་འདི་དག་གི་རིང་ལ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། ནགས་ཚལ་གྱི་གླ་དང་ཤྭ་བ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ནགས་རར་མཐོང་རྒྱུ་ཡོད་པ་དང་། ལྕགས་འབུམ་རྒྱལ་གྱིས་རི་ལ་སྐོར་གཡེང་བྱེད་པའི་སྐབས་རྩ་ཆེའི་རི་སྐྱེས་སྲོག་ཆགས་དུས་རྒྱུན་དུ་མཐོང་ཐུབ་ཟེར།

“མང་ཚོགས་ཀྱི་བྱ་བ་ནི་དུས་ཡུན་ཐུང་ངུ་ཞིག་ལ་སྒྲུབ་པ་མ་ཡིན་པར་མང་ཚོགས་ལ་ཞབས་ཞུ་རྒྱུན་མི་ཆད་པར་བྱས་ཚེ། གཞི་ནས་དངོས་འབྲེལ་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ”ཅེས་ལྕགས་འབུམ་རྒྱལ་གྱིས་དེ་ལྟར་བཤད། “ཉེན་རྟོག་པའི་གྱོན་ཆས་གྱོན་པའི་བརྟན་བརླིང་སྲུང་སྐྱོང་ཧྲུའུ་ཅི་གཞོན་པ”ཡིན་པའི་ངོས་ནས། ཁོ་ཉིན་མཚན་མེད་པར་གཞི་རིམ་དུ་སྐྱོད་པ་དང་། ལས་ཡུལ་དང་པོར་བྱ་བ་སྒྲུབ་པ། སྡེ་བའི་ནང་བརྟན་སྲུང་བྱེད་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། འགལ་བ་དང་རྩོད་གཞི་འདུམ་སྒྲིག བཅའ་ཁྲིམས་དྲིལ་སྒྲོག གྲོང་གསེབ་དར་སྤེལ། རྒྱུན་ལྡན་གྱི་ཉེན་རྟོག་བྱ་བ་བཅས་ཀྱི་ཁྲོད་ཕར་རྒྱུག་ཚུར་རྒྱུག་བྱས། མང་ཚོགས་ལ་དགོས་མཁོ་ཡོད་ཚེ་ལྕགས་འབུམ་རྒྱལ་གྱིས་རེ་རེ་བཞིན་ཡག་པོ་སྒྲུབ་པ་དང་ལས་དོན་ཏན་ཏིག་སྒྲུབ་ཀྱིན་ཡོད། ཁོས་རྒྱུན་དུ་འཁྱེར་བའི་འབྲི་དེབ་ཆུང་ཆུང་དེའི་ནང་སྡེ་བའི་ནང་གི་མང་ཚོགས་ཀྱི“འཕྲལ་མཁོ་དང་དཀའ་ཁག སེམས་ཁྲལ། རེ་སྒུག་བཅས”ཟིན་ཐོར་བཀོད་ནས་དཔེ་དེབ་གཅིག་ནས་གཉིས་བར་དང་ད་ལྟའི་འབྲི་དེབ་བཅོ་ལྔ་ལྷག་གི་རྒྱབ་ཏུ་ཐོ་འགོད་བྱས་ཡོད། དེ་ནི་མི་དམངས་ཉེན་རྟོག་པ་དཀྱུས་མའི་སྤྱིར་བཏང་གི་བྱ་བ་ཞིག་ཡིན་པས་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་དང་ལས་འགན་གསལ་པོར་མཚོན་གྱིན་ཡོད།

མ་འོངས་པའི་སྐོར་གླེང་སྐབས། ལྕགས་འབུམ་རྒྱལ་གྱིས་ང་ཚོས་སྤྱི་བདེའི་འགན་ནུས་དང་ནུས་པར་གཞི་ཚུགས་ནས། རང་འགུལ་ངང་ལས་དོན་ཧུར་ཐག་སྒྲུབ་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ། བརྩེ་སེམས་བཅངས་ནས་མཐོ་སྒང་གི“ནོར་བུའི”བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།