རྩེར་སོན་ལག་རྩལ་རྒྱུན་འཛིན་བྱེད། ཕ་སའི་བརྩེ་བ་སྲུང་འཛིན་བྱེད།
2023.10.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

 ཧི་ནན་རྩྭ་ཐང་གི་རབ་ཏུ་ཚ་བའི་ཉི་འོད་ཁང་ཀླད་བརྒྱུད་དེ་ཚེ་རིང་སྒྲོལ་མ་ཚང་གི་ར་སྐོར་དུ་འཕྲོས་པས། ར་སྐོར་ནང་དྲོད་ལམ་ལམ་བྱེད།

ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས། ཚེ་རིང་སྒྲོལ་མ་དང་ཁྱོ་ག་སྐྱ་རྡོ་གཉིས་ནམ་རྒྱུན་དང་འདྲ་བར་རྩག་པ་བཟོ་བའི་ལས་ལ་བྲེལ།    ལོ་འདི་དག་ལ་ང་ཚོ་ཧི་ནན་རྫོང་གི་སོག་རྩག་བཟོ་བའི་ལག་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  ལས་སྣོན་བཟོ་གྲྭའི་ཚོང་ཡང་ཇེ་བཟང་ནས་ཇེ་བཟང་དུ་གྱུར་པས། ང་ཚོས་ལས་ཀར་འབད་བརྩོན་བྱས་ཏེ། རྒྱུ་སྤུས་ཅན་གྱི་རྩག་པ་མང་པོ་བཟོ་ཨེ་ཐུབ་བལྟས་པ་ཡིན་ཞེས་ཚེ་རིང་སྒྲོལ་མས་དེ་ལྟར་བཤད།

“སོག་རྩག”བཟོ་བའི་ལག་རྩལ་ནི་ལུག་ལྤགས་ཀྱིས་བཟོ་བཞིན་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྲོལ་རྒྱུན་གྱོན་ཆས་ཐད་ཀྱི་ལག་ཤེས་བཟོ་རྩལ་ཞིག་ཡིན། ཧི་ནན་རྫོང་གི་སྲོལ་རྒྱུན་ལག་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེའི་ལོ་རྒྱུས་ནི་དུས་རབས13པའི་དུས་དཀྱིལ་བར་འདེད་ཐུབ་ལ། ད་ལྟའི་བར་ ལོ800ལྷག་གི་ལོ་རྒྱུས་ལྡན།

ཡིག་རྡོག་ཙམ་ཡང་མི་ཤེས་པའི་འབྲོག་མོ་ཞིག་ལ་མཚོན་ན། ཕ་མེས་ནས་བརྒྱུད་པའི་ལག་རྩལ་སྣ་གཅིག་གིས“ཁེ་གྲགས་གཉིས་ཀ”མངོན་འགྱུར་བྱུང་ཐུབ་པ་དེ།  ཁུལ་རིམ་པའི་དམངས་ཁྲོད་བཟོ་རྩལ་མཁན་དུ་གྱུར་པའི་ཚེ་རིང་སྒྲོལ་མས་བལྟས་ན། རང་ཉིད་ནི་ལས་བསོད་ཅན་ཞིག་ཡིན་པར་སྙམ་ཡོད། “ལག་ཤེས་ལ་བརྟེན་ནས་བཟོ་རྩལ་མཁན་ཞེས་པའི་མཚན་སྙན་ཞིག་འཐོབ་རྒྱུ་ལྟ་ཞོག  ཐ་ན་རང་ཉིད་ལ་ལས་སྣོན་བཟོ་གྲྭ་ཞིག་དབང་འགྲོ་བ་ཡིད་ལའང་དྲན་མ་མྱོང་།”

ཚེ་རིང་སྒྲོལ་མའི་ཕ་མ་གཉིས་ནི་རྩྭ་ཐང་གི་མིང་དུ་གྲགས་པའི་ལག་ཤེས་པ་ཡིན་ལ། མོའི“སོག་རྩག”བཟོ་བའི་ལག་རྩལ་དེ་ཡང་ཕ་མ་གཉིས་ནས་བརྒྱུད་འོངས་པ་རེད། ལོ་ན20ལ་བུད་པའི་དུས་ནས་བཟུང་། ཨ་མས་དངོས་སུ་ལག་རྩལ་ཁྲིད་པའི་གོ་རིམ་ཁྲོད། མོ་ཡང་རིམ་གྱིས་མིང་ཅུང་ཙམ་ཡོད་པའི་ལག་ཤེས་པ་ཞིག་ཏུ་གྱུར་པས། དུས་རྒྱུན་རུ་ཁ་ཁྱིམ་མཚེས་ཀྱིས་ཀྱང་ཁོ་ཚོའི་ཁྱིམ་དུ་བོས་ཏེ་རྩག་པ་འདྲ་རོགས་དང་བཟོ་རོགས་བྱེད་དུ་བཅུག འོན་ཀྱང2010ལོར་འབྲོག་ནས་ཐོན་ཏེ། གཡུ་སྒང་ཉིན་གྲོང་རྡལ་དུ་གཏན་སྡོད་བྱས་ཤིང་གྲོང་རྡལ་སྲིད་གཞུང་གི་གཙང་སྦྲ་པ་ཞིག་ཏུ་གྱུར་རྗེས། མོས་ལག་རྩལ་བཟང་པོ་འདི་ཕལ་ཆེར་བསྐྱུར་བཞག་པ་རེད།

2017ལོར། ཧི་ནན་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་གཟུགས་འདས་རིག་གནས་ཤུལ་བཞག་འཕེལ་རྒྱས་དང་སྲུང་སྐྱོབ་བྱ་བར་སྐུལ་སྤེལ་གཏིང་ཟབ་བྱས་པ་དང་བསྟུན་ནས།  ཀུན་གྱིས་དོ་སྣང་མི་བྱེད་པའི་ཡུལ་དུ་ལུས་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་རྩལ་ལ་ཡང་བསྐྱར་མི་རྣམས་ཀྱིས་དོ་སྣང་བྱེད་མགོ་ཚུགས་པས། “སོག་རྩག”གི་སྟེང་ནས་ཀྱང་སྔར་བྱུང་མ་མྱོང་བའི་ཁྲོམ་རའི་རིན་ཐང་མངོན་བྱུང་།

ཏག་ཏག་ལོ་དེར། ཚེ་རིང་སྒྲོལ་མས་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་པའི་རོགས་རམ་བརྒྱུད། བཟོ་གྲྭ་འཛུགས་པའི་ཆོག་མཆན་ཐོབ་བྱུང་། ལོ་གཅིག་གི་རྗེས་སུ། མོ་དང་ཁྱོ་གས་ཁྱིམ་གྱི་ཁང་པ་གྱན་གཉིས་ཕྱིར་ཕྱུངས་ཏེ་ནང་དུ་འཕྲུལ་ཆས་བཞག་པས། སྐབས་དེ་ནས་བཟུང་།  རྫབ་ཧྲིལ་དུ་ལུས་པའི་ཁང་མིག་དེ་བཟའ་ཟླ་གཉིས་ཀའི་བཟོ་ཁང་དུ་གྱུར།

བཟོ་གྲྭ་བཙུགས་པའི་ཚུན་གྱི་ལོ་འདི་འགར། ཚེ་རིང་སྒྲོལ་མས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཆེད་ལས་མཛུབ་སྟོན་དང་མ་དངུལ་རྒྱབ་སྐྱོར་ཐེངས་གང་མང་ལ་ལོངས་སུ་སྤྱོད་ཐུབ་ཡོད། 2021ལོར། ཚེ་རིང་སྒྲོལ་མའི་ལས་སྣོན་བཟོ་གྲྭ་དེ་གྲོང་གསེབ་དར་སྤེལ་རོགས་སྐྱོབ་བཟོ་ཁང་དུ་གྱུར་ནས། ཐེན་ཅིན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི5ཐོབ་པ་དང་། 2022ལོར། རིག་གནས་ཁང་གི་རོགས་སྐྱོར་ཐོབ་སྟེ། འཕེལ་རྒྱས་གཏོང་བའི་མ་དངུལ་སྒོར་ཁྲི3ཐག་གིས་བཅད། ད་ལོར། བཟོ་གྲྭའི་ལས་སྣོན་ཁང་དེ་སླར་ཡང་གཟུགས་འདས་རིག་གནས་ཤུལ་བཞག་གི་བཟོ་ཁང་དུ་ངོས་འཛིན་བྱས་ནས། རོགས་སྐྱོར་མ་དངུལ་སྒོར་འབུམ་གཅིག་ཁྲི་བརྒྱད་ཐོབ་ཡོད།

སྲིད་ཇུས་ཀྱི་རོགས་སྐྱོར་ཡོད་པས་བཟའ་ཟླ་གཉིས་ལ་ལས་ཀའི་བརྩོན་སེམས་ཤིན་ཏུ་རྒྱས་བྱུང་། ལོ་ངོ6གི་རིང་ལ་འབད་བརྩོན་ལྷོད་མེད་ཀྱིས་བདག་གཉེར་བྱས་རྗེས།  ད་ལྟ་ལས་སྣོན་བཟོ་གྲྭའི་གཞི་ཁྱོན་ཇེ་ཆེ་ནས་ཇེ་ཆེར་གྱུར་པ་དང་།  ཁོ་ཚོས་ད་དུང་ཆེད་ཚོང་ཁང་ཞིག་ཀྱང་གཉེར་ཡོད་ལ།  དེ་མིན་རང་ལ་དབང་བའི་འགྲེམ་སྟོན་ཁང་ཞིག་ཀྱང་ཡོད་པར་གྱུར།

ཚེ་རིང་སྒྲོལ་མ་ཚང་གི་ཉིས་ཐོག་གི་ཐོན་རྫས་འགྲེམ་སྟོན་ཁང་དུ་ཐོན་པ་ན། “སོག་རྩག” དང་བོད་ལྭ། སོག་ལྭ། སོག་ལུགས་འཇུར་རྟ།  ཕྱིང་ཞྭ།  སྲབ་དང་སྒ་སྟན་སོགས་རིགས་སྣ་མང་བའི་སྲོལ་རྒྱུན་གྱོན་ཆས་དང་མཁོ་ཆས་སོགས་གྲལ་འགྲིག་པའི་ངང་བཤམས་ཡོད་པས་གང་ལ་ལྟ་དགོས་པའང་མི་ཤེས་པའི་ཚོད་དུ་གྱུར། རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། ཚེ་རིང་སྒྲོལ་མས་བྱེད་ཐབས་འདི་ལ་བརྟེན་ནས། ཕྱི་རབས་པ་དང་སྲོལ་རྒྱུན་རིག་གནས་གཉིས་ཀྱི་བར་ཐག་ཇེ་ཉེར་བཏང་ཞིང་། མི་སྔར་ལས་མང་པོ་ཞིག་གིས་ལག་རྩལ་འདི་ངོས་ཟིན་པ་དང་རྒྱུས་ལོན་པར་གྱུར་ན་སྙམ་བཞིན་ཡོད།

ཚེ་རིང་སྒྲོལ་མས་བཤད་རྒྱུར། “ལོ་འདི་འགར། སྲིད་གཞུང་གིས་སྲོལ་རྒྱུན་རིག་གནས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་ང་ཚོས་ཀྱང་སྲིད་ཇུས་ཀྱི་རོགས་སྐྱོར་མང་པོ་ལོངས་སུ་སྤྱོད་ཐུབ་བྱུང་།”   རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས།   སྲིད་ཇུས་ཀྱི་ཁེ་བཟང་ལོངས་སུ་སྤྱད་པ་དང་དུས་མཚུངས་སུ། ལག་རྩལ་འདིའི་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་ལའང་རང་གི་སྟོབས་ཤུགས་ཤིག་འབུལ་འོས་ཟེར།

དེང་སྐབས།  ཚེ་རིང་སྒྲོལ་མའི་ཁུ་ལོན་རྩག་པ་ལས་སྣོན་བཟོ་གྲྭ་དེ་ཆེས་ཐོག་མའི“བཟའ་ཟླའི་ཚོང་ཁང”ནས་ངེས་པ་དོན་གྱི་བཟོ་ཁང་དུ་གྱུར་ཅིང་། ཡོང་སྒོའི་ཆུ་ཚད་རིམ་གྱིས་འཕར་བ་དང་མཉམ་དུ་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱས། ལོ་ངོ6གི་རིང་ལ། ཆེས་ཐོག་མའི་བཟའ་ཟླ་གཉིས་ནས་ད་ལྟ་བཟོ་པ་དང་སློབ་ཕྲུག10ལྷག་ཡོད་པར་གྱུར་ལ། མོ་དང་མཉམ་དུ་ལག་རྩལ་སློབ་བཞིན་པའི་སློབ་ཕྲུག་བཅུ་ཕྲག་ལྷག་ལ་སླེབས། མོའི་རྩེར་སོན་ལག་རྩལ་འདི་ཉིན་རྒྱུན་གྱི་ཐོན་སྐྱེད་དང་བསྟུན་ནས་ན་གཞོན་འབྲོག་པ་སྔར་ལས་མང་པོ་ཞིག་གི་ཡོན་ཏན་སྣ་གཅིག་ཏུ་གྱུར་དང་འགྱུར་བཞིན་ཡོད།

སོག་བོད་རིག་གནས་མཉམ་དུ་འདྲེས་པའི་དཔེ་མཚོན་དུ་རུང་བའི་ས་ཁུལ་ཞིག་ཡིན་པའི་ངོས་ནས།  ཧི་ནན་རྩྭ་ཐང་དུ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཀློང་དུ་རིམ་གྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མཚར་སྡུག་གི་རིག་གནས་གྲུབ་ཡོད། དགེ་མཚན་འདི་ལ་བརྟེན་ནས། ཧི་ནན་རྫོང་གིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན་བྱ་རྒྱུ་དེ་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩ་དང་སྲོག་རྩ་ལྟ་བུར་བཟུང་ནས། སྲོལ་རྒྱུན་རིག་གནས་ཀྱི་ཁེ་ལས་འཕེལ་རྒྱས་གཏོང་བར་སྐྱེད་སྲིང་དང་རོགས་སྐྱོར་བྱེད་པ། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འགྲན་སྡུར་དང་དམངས་ཁྲོད་ལུས་རྩལ་འགྲན་སྡུར་སོགས་ཀྱི་བྱ་འགུལ་སྤེལ་བ་བཅས་བྱས་ཏེ། ཐུན་མིན་ཁྱད་ཆོས་འཛོམས་པའི་སྲོལ་རྒྱུན་རིག་གནས་ཧི་ནན་རྩྭ་ཐང་དུ་སྔར་ལས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་འབད་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།