ཆོས་དབྱིངས་སྐྱིད་རྒྱལ་ཁའི་ངང་ཕྱིར་ཕེབས་བྱུང་། འོད་དུ་འཚེར་བ་ནི་གཟེངས་རྟགས་ཙམ་ག་ལ་ཡིན།
2023.10.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

 མེ་ཏོག་དང་ཁ་བཏགས། ཐལ་མོའི་རྡེབ་སྒྲ་དང་སྐེ་འཇུ། ཟླ10པའི་ཚེས6ཉིན་གྱི་ཆུ་ཚོད19དང་སྐར་མ40སྟེང་། ཀྲུང་གོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ཁའི་གཏམ་བཟང་ཁྱེར་ནས་ཐོན་བྱུང་།  མཚོ་སྔོན་ནས་འཛམ་གླིང་དུ་ཕྱོགས་པའི་ཕུལ་བྱུང་ལུས་རྩལ་པ་འདིས་མཚན་སྨག་གིས་བཏུམས་པའི་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འོད་དུ་འཚེར་བའི་ཁ་དོག་ཅིག་བསྩལ་བྱུང་།

“ཨོ་རྩལ་འགྲན་ཚོགས་དང་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་རྒྱལ་ཁའི་ངང་ཕྱིར་ལོག་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ།”དགའ་མགུ་དང་བཅས་ཏེ་ཕུལ་བའི་ཤིས་ཚིག་ནི་ཅི་ཙམ་མང་ཡང་ཀུན་གྱི་རེ་འདུན་མཚོན་ཐབས་མི་འདུག མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ཁྲིད་གཙོ་བོ། དེ་མིན་ཞིང་ཆེན་ཡོངས་ཀྱི་སྨྱན་བྱད་ཀྱི་མིག་དབང་ཅིག་ཅར་གྱིས་གནས་འདིར་འཁོར།

“ཀྲུང་གོར་བཀའ་དྲིན་ཆེ། མཚོ་སྔོན་ལ་བཀའ་དྲིན་ཆེ། དུས་མཚུངས་སུ་རང་ཉིད་ཀྱིས་ཀུན་པོ་ཡིད་ཆད་དུ་མ་བཅུག་པར་བཀའ་དྲིན་ཆེ།”ཕ་ཡུལ་གྱི་པང་དུ་ལོག་པའི་ཆོས་དབྱིངས་སྐྱིད་ནི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཡུལ་དངོས་སུ་ཡོད་པ་དང་བསྡུར་ན་ལྷོད་ཉམས་ཤིག་ཡོད་ལ། འཛུམ་དམུལ་དམུལ་གྱིས་མི་སེམས་ལ་དྲོད་ཁོལ་ཞིག་སྦྱིན་ཡོང་།

ཀྲུང་གོ་ལ་འོད་སྣང་བསྩལ་ཞིང་མཚོ་སྔོན་ལ་ཁ་དོག་བསྩལ།

སྔ་དྲོར་ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ35ཡི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས་པ་དང་།  དགོང་མོར། 2012ལོའི་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས། ཉིན་གཅིག་ལ་ལྗིད་ཏིག་ཏིག་གི་གཟེངས་བསྟོད་རྟགས་མ་གཉིས་ཐོབ་པས་ཟླ10པའི་ཚེས4ལ་སྤྱིར་བཏང་མ་ཡིན་པའི་དོན་སྙིང་བསྩལ། ཉིན་འདི་ནི་ཆོས་དབྱིངས་སྐྱིད་ལ་དབང་བའི་ཉིན་མོ་ཡིན།

ཉིན་འདི་འགར། བྱ་དགའ་ཐོབ་པའི་སེམས་ཚོར་གླེང་སྐབས། བཀའ་དྲིན་ཆེ་ཞེས་པ་ནི་ཆོས་དབྱིངས་སྐྱིད་ཀྱིས་བཤད་ཐེངས་ཆེས་མང་བའི་ཚིག་དེ་རེད། མདུན་སྐྱོད་ཀྱི་ལམ་བུ་རིང་མོར་ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་དྲིན་གཟོ་དང་རྒྱུད་ལ་ཁེངས་སྐྱུངས་བཟུང་ནས་ཡོད་ཅིང་། འདུར་རྒྱུག་འགྲན་སྡུར་ནི་མཛེས་སྡུག་ལྡན་པའི་བྱ་བ་ཞིག་ཏུ་ཅིས་ཀྱང་རློམ་ཡོད།

དགུན་གསུམ་ཙག་དང་དབྱར་གསུམ་ཙད་ལ་མ་འཛེམ་པར་ལོ་ངོ་བཅུ་གྲངས་ལྷག་ལ་ཉི་མ་གཅིག་གི་ཚད་ཤིང་བཟུང་ནས་འབད་འབུངས་བྱས་ཏེ། རྩལ་སྦྱང་ར་བར་སྤྱི་ལེ་འབུམ་ལས་བརྒལ་བ་སོང་། ཆོས་དབྱངས་སྐྱིད་ཀྱི་འདུར་རྒྱུག་འགྲན་སྡུར་གྱི་ལམ་བུ་འདིའི་ཁྲོད་དུ་གཟི་བརྗིད་དང་རྨས་སྐྱོན་ཡོད་ལ། ཐེ་ཚོམ་དང་བློ་ཕམ་ཡང་སྐྱེས་མྱོང་། ཕྱིར་འབུད་ཀྱི་བློ་སྐྱེས་མྱོང་ལ་རང་ཉིད་ལ་ཨ་ཐང་ཡང་ཆད་མྱོང་ཡོད། འོན་ཀྱང་ཁོ་མོའི་འབད་འབུངས་ཀྱི་སྙིང་རུས་དང་རང་གཅུན་ནི་ཀུན་གྱི་མིག་མཐོང་ལག་ཟིན་དུ་ཡོད་པ་དེའོ།།

“དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་བཟུང་ཡོད་ཅིང་། ཁོ་མོས་སྙེག་པའི་ལམ་བུ་འདི་ནི་དེ་འདྲའི་འགྲོ་སླ་མོ་ཞིག་མ་ཡིན་ཏེ། ཁོ་མོས་མྱངས་པའི་དཀའ་སྡུག་གིས་ང་ཚོར་སེམས་འགུལ་ཐེབས་སུ་བཅུག་ལ། ད་ལྟའི་གྲུབ་འབྲས་འདི་ཡང་ཁོ་མོར་ཅིས་ཀྱང་ཐོབ་འོས་པ་ཞིག་རེད།”མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཁག་དང་པོའི་སྨན་པ་ཞའོ་ཡུས་ཅུན་ནི་འགན་སྲུང་མི་སྣ་ཡིན་པའི་ཆ་ནས་ཆོས་དབྱིངས་སྐྱིད་ཀྱི་འཚར་ལོངས་ཀྱི་བརྒྱུད་རིམ་རྟོགས་ཡོད།

ལོ་ཟླ་ནི་སྐད་ཅིག་ཙམ་སྟེ། ཕྱིར་མིག་ལྟ་དུས། བརྒྱུད་མྱོང་བའི་ལམ་བུ་རེ་རེ་ནི་ད་ལྟ་ཆོས་དབྱིངས་སྐྱིད་ཀྱིས་བཏང་སྙོམས་སུ་བཞག་འདུག་ལ།  སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་དག་ཀྱང་ཁོ་མོའི་སྐྱིད་སྡུག་འདྲེས་མའི་ལུས་རྩལ་གྱི་འཚོ་བའི་ཁྲོད་དུ་འཐིམས་འདུག མོས་བཤད་རྒྱུར།  “དུས་རིམ་རེ་རེ་ཧ་ཅང་བརྗེད་པར་དཀའ། ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ནི་ཚོགས་པ་ཐུན་མོང་གིས་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་ལ། ང་ལ་ཡང་བསྐྱར་ཡིད་ཆེས་བསྩལ་སོང་། དུས་ཡུན་ངེས་ཅན་ཞིག་ལ་ངལ་གསོ་དང་སྙོམས་སྒྲིག་བྱས་པ་བརྒྱུད་རྣམ་པ་བཟང་པོ་ཞིག་གི་སྒོ་ནས་ཕྱིར་ཡོང་སྟེ། ཕྱོགས་མང་པོའི་ཐད་ནས་རང་ཉིད་ཀྱི་ནུས་པ་འདོན་པའི་རེ་བ་བཅངས་ཡོད།”

ཀྲུང་གོའི་ལུས་རྩལ་ལོ་རྒྱུས་སྟེང་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་ར་བར་བསྐྱོད་པའི་བོད་ཀྱི་ལུས་རྩལ་པ་ཐོག་མ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་སྤྲོད་པའི་སྟེགས་བུའི་སྟེང་དུ་འགྲེངས་པའི་བོད་ཀྱི་ལུས་རྩལ་པ་ཐོག་མ། ཐེངས་གསུམ་ལ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་བོད་ཀྱི་ལུས་རྩལ་པ་ཐོག་མ། རྒྱལ་ནང་གི་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་གྱི་སྣེ་ཁྲིད་མི་སྣའི་ཡ་གྱལ་བཅས་ཡིན་པའི་ཆ་ནས། ཆོས་དབྱིངས་སྐྱིད་ཀྱིས་ཀྲུང་གོའི་ལུས་རྩལ་དང་ཀྲུང་གོའི་འདུར་རྒྱུག་འགྲན་སྡུར་ལ་བཞག་པའི་དོན་སྙིང་དང་རིན་ཐང་ནི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་རང་ངོས་ཀྱི་དོན་སྙིང་ལས་རིང་དུ་བརྒལ་འདུག གཟེངས་བསྟོད་རྟགས་མས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་ཀྱི་མཐོ་དམན་དགར་ཐུབ་མོད། ནམ་ཡང་འདོར་དུ་མེད་པའི་འབད་འབུངས་ཀྱི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་ལུས་རྩལ་སྟོབས་ཤུགས་ནི་གཟེངས་བསྟོད་རྟགས་མའི་ཁྱབ་ཁོངས་ལས་བརྒལ་ཡོད་པ་རེད། འགྲན་སྡུར་ར་བར་འོད་དུ་འཚེར་བ་ནི་གཟེངས་བསྟོད་རྟགས་མ་གཅིག་པུ་མ་ཡིན་པར། དེ་ལས་ཀྱང་འབད་བརྩོན་ལྷོད་མེད་དང་ཕུགས་འདུན་འཚོལ་སྙེག རང་ཉིད་ལ་ཐོད་རྒལ་བྱེད་པའི་སྙིང་སྟོབས་ཡོད་པ་བཅས་རེད།

ད་ལྟ་ལུས་རྩལ་པ་རེ་རེ་བྱ་དགའ་ལེན་སའི་སྟེགས་བུའི་སྟེང་དུ་འགྲེང་བའི་གཟི་བརྗིད་ཀྱི་དུས་སུ་རང་རློམ་གྱིས་ཁེངས་འདུག་ལ།“དེ་བས་མགྱོགས་པ་དང་དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ། དེ་བས་མཐུན་སྒྲིལ་ཆེ་བ”བཅས་ཀྱི་ཨོ་ལིན་ཕིག་གི་སྙིང་སྟོབས་དེ་ཉིད་གསལ་བཤད་བྱས་འདུག ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལོ་ངོ་བཅུ་གཅིག་ལ་རྗེས་སུ་ལུས་སོང་། འདི་ནི་སྐབས་དེར་ཆེས་བཟང་བའི་དུས་སྐབས་སུ་འཁེལ་བའི་ལུས་རྩལ་པ་ཞིག་ལ་མཚོན་ནས་བཤད་ན། འགྱོད་པ་དང་ཁེར་རྐྱང་ག་ཚོད་ཡོད་སྲིད་དམ། ཡང་གོ་སྐབས་ག་ཚོད་ཅིག་ཤོར་སོང་ངམ། ཚང་མ་བློ་བརྟན་འགྱུར་མེད་ཀྱི་བུ་མོ་འདིའི་ཆེད་དུ་ཕངས་སེམས་སྐྱེས་སྐབས། ཆོས་དབྱིངས་སྐྱིད་ལ་ཁོ་མོ་རང་གི་བསམ་ཚུལ་གཞན་ཞིག་ཡོད་ངེས།

“ལོ་ངོ་བཅུ་གཅིག་འདས་ཟིན། ང་རང་ངོས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལ་དོན་སྙིང་ཆེར་མི་ལྡན། འོན་ཀྱང་མཚོ་སྔོན་ལ་ཆ་མཚོན་ནས་བཤད་ན་འདི་ནི་མཐོ་ཚད་གསར་པ་ཞིག་ཡིན་པས། ང་ཚོ་ལ་སྔར་ལས་མང་བའི་རེ་སྙེག་བསྩལ་ཡོད། འོན་ཏེ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ནི་ང་ལ་མཚོན་ནས་བཤད་ན་སྒུལ་ཤུགས་གསར་པ་ཞིག་ཡིན་ཏེ། ང་རང་ལ་ཡིད་ཆེས་བསྩལ་བྱུང་།”ཆོས་དབྱིངས་སྐྱིད་ཀྱིས་གསེར་གྱི་རྟགས་མ་གཉིས་ཐོབ་པ་ཡིས་སྔར་ལས་མང་བའི་ན་གཞོན་རྣམས་ལ་སྒུལ་ཤུགས་སྟེར་ཐུབ་པའི་སྨོན་ལམ་འདེབས། ངས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་ཁོ་ཚོར་ཁ་ཕྱོགས་འཚོལ་རོགས་བྱེད་ངེས་ལ། ན་གཞོན་ལུས་རྩལ་པ་རྣམས་ཀྱིས་ཀྱང་མིག་མདུན་གྱི་གོ་སྐབས་དམ་འཛིན་བྱེད་པར་རེ་བ་ཡོད། རྒྱུ་མཚན་ལུས་རྩལ་པ་རེ་རེའི་རྒྱལ་ཁ་ནི་རིམ་པ་སོ་སོའི་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་འབྲལ་ཐབས་མེད་ཅེས་བཤད།

ང་ཚོ་མི་སྒེར་ནས་ཐུན་མོང་གི་བར་དུ་གོང་འོག་བར་གསུམ་ཚང་མས་མཚོ་སྔོན་གྱི་ལུས་རྩལ་ལ་དོ་ཁུར་དང་མཚོ་སྔོན་གྱི་འདུར་རྒྱུག་འགྲན་སྡུར་ལ་དོ་ཁུར་བྱེད་དགོས། ཆོས་དབྱིངས་སྐྱིད་ཀྱི་ཕྲག་སྟེང་དུ་ཁོ་མོ་རང་ཉིད་ཀྱིས་བདམས་ནས་བརྟན་པོར་སྲུང་བྱའི་འགན་འཁྲི་དང་ཁག་ཁུར་ཡོད།

“ཆོས་དབྱིངས་སྐྱིད་ནི་ང་ཚོའི་དགེ་རྒན་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་ལ། ང་ཚོའི་མིག་དཔེ་ཡང་ཡིན་པས། ང་ཚོས་ཁོ་མོར་སློབ་སྦྱོང་བྱས་ནས་དཀའ་སྤྱད་འབད་བརྩོན་གྱིས་སྦྱོང་བརྡར་བྱས་ཏེ། གོམ་སྟབས་རེ་རེ་བཞིན་སྔར་ལས་རྒྱ་ཆེ་བའི་གར་སྟེགས་སུ་བསྐྱོད་དེ་ཁོ་མོས་བཤད་པ་ནང་བཞིན་ཁོ་མོའི་གོམ་སྟབས་ཀྱི་རྗེས་ཟིན་པར་བྱེད་དགོས།” ཆོས་དབྱིངས་སྐྱིད་ཀྱིས་ན་གཞོན་ལུས་རྩལ་པར་ཐུགས་ཁུར་གནང་བ་ཐོས་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཁག་དང་པོའི་འདུར་རྒྱུག་འགྲན་སྡུར་གྱི་ལུས་རྩལ་པ་ཀུའོ་ཁུའེ་ཀྲི་ཅ་ཡིས་ཡིད་ཆེས་ཀྱིས་ཁེངས་ནས་དེ་ལྟར་བཤད།

ཡུན་གྱིས་སྨག་རུབ་སོང་། ཀུན་གྱིས་བློས་མི་ཐོངས་པའི་འཁྲེང་ཞེན་གྱི་ཁྲོད་དུ་ཆོས་དབྱིངས་སྐྱིད་ནང་མི་དང་ལྷན་དུ་ཁྱིམ་ལ་ལོག་པའི་ལམ་ལ་ཆས་སོང······

“ཆོས་དབྱིངས་སྐྱིད་ཀྱིས་བློ་བརྟན་འགྱུར་མེད་དང་སྙིང་རུས་ཆེན་པོས་འབད་འཐབ་བྱེད་པའི་དཔེ་སྟོན་སྣེ་ཁྲིད་འོག མཚོ་སྔོན་དུ་ཕུལ་དུ་བྱུང་བའི་ལུས་རྩལ་པ་སྔར་ལས་མང་པོ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་བྱ་གཞག་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ང་ཚོས་ཀྱང་ཆོས་དབྱིངས་སྐྱིད་ཀྱི་འབྱུང་འགྱུར་སྔར་ལས་བཟང་བའི་སྨོན་འདུན་ཞུ”ཞེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཁག་དང་པོའི་མི་ཤུགས་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡའོ་ཅིན་ཀྲུའུ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བཤད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།