འདུམ་སྒྲིག་ལ་གཞོལ་བའི་མི་ཚེ།
2023.11.20 ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། ཀློག་གྲངས། 9

  སྔོན་ཐོན་མི་སྣར་གཟེངས་བསྟོད་དང་སྐུལ་སློང་བྱས་ཏེ། མུ་མཐུད་དུ་མི་དམངས་འདུམ་སྒྲིག་བྱ་བར་རྣམ་པ་གསར་པ་གཏོད་ཆེད། ཉེ་ལམ་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཡོངས་དཔེ་སྟོན་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཚོགས299དང་།“རྒྱལ་ཡོངས་དཔེ་སྟོན་མི་དམངས་འདུམ་སྒྲིག་པ999ཁྱབ་སྒྲོག་བྱས་པའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་འདུམ་སྒྲིག་པ་སྐོར་ཞིག་བདམས་ཏེ། ཁོ་ཚོའི་འདུམ་སྒྲིག་གི་གཏམ་རྒྱུད་སྙན་མོ་དང་བྱས་རྗེས་བརྒྱུད་སྒྲོག་བྱེད་རྒྱུ་རེད།

ཚེ་རིང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་རྒྱ་སྒོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་རྨ་སྟོད་རྫོང་འདུམ་སྒྲིག་ལྟེ་གནས་ཀྱི་འདུམ་སྒྲིག་པ་ཞིག་ཡིན་ཞིང་།  1997ལོ་ནས་བཟུང་ཁོས་དམངས་དོན་རྩོད་གླེང་སྣ་ཚོགས800ལྷག་འདུམ་འགྲིག་བྱས་པ་དང་།  འདུམ་འགྲིག་བྱས་ཚད100%ལ་སླེབས་ཡོད།     2005ལོར་ཁོ་ལ་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཁུལ་ཡོངས་ཀྱི་མི་དམངས་འདུམ་སྒྲིག་བྱ་བའི་ཕུལ་བྱུང་མི་སྒེར”དང་།   2008ལོར་མཛོ་རྒན་རྭ་བར་གྲོང་རྡལ་མི་དམངས་འདུམ་སྒྲིག་བྱ་བའི་ཕུལ་བྱུང་མི་སྒེར།   2011ལོར“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་མི་དམངས་འདུམ་སྒྲིག་པ” །    2023ལོར་རྒྱལ་ཡོངས་དཔེ་སྟོན་མི་དམངས་འདུམ་སྒྲིག་པ”བཅས་ཀྱི་མཚན་སྙན་གནང་།

“རིགས་པ་ནངས་པར་འཆི་ཡང་བསླབ།”འདི་ནི་ཚེ་རིང་གིས་རྒྱུན་དུ་བཤད་བཞིན་པའི་སྐད་ཆ་ཞིག་ཡིན་ལ། ཁོས་འདི་ལྟར་བཤད་ལ་དེ་ལྟར་སྒྲུབ་བཞིན་ཡང་ཡོད། མི་དམངས་འདུམ་སྒྲིག་གི་བྱ་བ་ལེགས་པོར་བསྒྲུབ་དགོས་ཚེ། ངེས་པར་དུ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་ལ།  མུ་མཐུད་དུ་བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་བཟང་པོ་བྱས་ཏེ་རང་སྟེང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་ཚེ་རིང་གི་སེམས་སུ་གསལ་པོར་རྟོགས་ཡོད།  རང་ལ་འཇོན་ཐང་མེད་ཚེ་མི་དམངས་འདུམ་སྒྲིག་གི་བྱ་བ་བསྒྲུབ་མི་ཐུབ་ལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་དེ་བས་ཀྱང་ཞུ་ག་ལ་ཐུབ།  དེར་བརྟེན་ཁོས་ཀྱང་བྱ་བ་སྒྲུབ་ཞོར་དུ་ཁོམ་ལོང་ཅུང་ཙམ་རེ་ཡོད་ཚེ་ནན་ཏན་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱར་སློབ་སྦྱོང་བྱེད་བཞིན་ཡོད། དུས་རྒྱུན་གྱི་འདུམ་སྒྲིག་བྱ་བའི་ཁྲོད། ཚེ་རིང་ལ་ངོས་ཟིན་ཟབ་མོ་ཞིག་བྱུང་ཡོད་པ་ནི་འདུམ་སྒྲིག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་འཛོམས་པ་ནི་འདུམ་སྒྲིག་བྱ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་མ་ཟད། ས་གནས་མང་ཚོགས་ལ་འགན་འཁུར་བའང་ཡིན། ཁོ་ཧུར་ཐག་གིས་གསབ་སྦྱོང་སྣ་ཚོགས་ལ་ཞུགས་ཤིང་། གོ་སྐབས་རེ་རེ་དམ་འཛིན་བྱས་ཏེ་རང་འགུལ་གྱིས་མི་དམངས་འདུམ་སྒྲིག་བྱ་བའི་ཐད་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་པ་དང་། དུས་ངེས་མེད་དུ་ཉམས་མྱོང་ལྡན་པའི་ལས་གྲོགས་རྣམས་ལ་བློ་འདྲི་དང་བསམ་བློ་བརྗེ་རེས་བྱེད་བཞིན་ཡོད། དཀའ་སྤྱད་འབད་བརྩོན་གྱི་ཆུ་རྒྱུན་རིང་མོ་ནམ་ཡང་མཚམས་མ་ཆད་པས་རང་ཉིད་ཀྱི་ལས་སྒྲུབ་ནུས་པར་མཐོར་འདེགས་ཆེན་པོ་བྱུང་སྟེ།    རྩོད་གླེང་སྣ་ཚོགས་ འདུམ་སྒྲིག་བྱེད་པའི་ཉམས་མྱོང་ཅན་ཞིག་ཏུ་གྱུར་པར་མ་ཟད། མང་ཚོགས་དང་ལས་རིགས་གཅིག་པའི་མི་རྣམས་ཀྱིས་ཁས་ལེན་དང་ཡིད་ཆེས་བྱེད་ཡུལ་ལམ་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་ས་ཞིག་ཏུ་གྱུར་ཡོད།

ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར“ཚད་ལྡན་གྱི་མི་དམངས་འདུམ་སྒྲིག་པ་ཞིག་ཡིན་ཚེ། ཐོག་མཐའ་བར་གསུམ་དུ་དམངས་ཀྱི་འཚོ་བར་སེམས་ཁུར་དང་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་རྩ་བའི་བླང་བྱ་རུ་བརྩིས་ཏེ། བྱ་བར་འགན་འཁུར་བའི་སྤྱི་སེམས་ལྡན་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་ལྷག་བསམ་གཙང་མ་ཞིག་དང་མཉམ་དུ་མི་དམངས་འདུམ་སྒྲིག་གི་བྱ་བའི་ཁྲོད་ཞུགས་དགོས”ཟེར།

རྩོད་གླེང་རྩད་ཞིབ་བྱེད་པ་ནི་རྩོད་གླེང་དུས་ཐོག་ཏུ་ཤེས་པ་དང་འདུམ་སྒྲིག་བྱེད་པའི་རྨང་གཞི་ཡིན་ལ། འདུམ་སྒྲིག་བྱ་བའི་གཙོ་གནད་ཀྱང་ཡིན། ཚེ་རིང་གིས་དུས་རྒྱུན་དུ་དཀའ་ཁག་ལ་མི་འཛེམ་པར་འདུམ་སྒྲིག་པ་གཞན་རྣམས་དང་མཉམ་དུ་མང་ཚོགས་ཀྱི་ཁྱིམ་དུ་སོང་སྟེ་བརྩེ་བ་ཟབ་མོས་གླེང་མོལ་སྣ་ཚོགས་བྱེད་ཅིང་། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་དུ།  དམིགས་བསལ་གྱི་ཚོགས་སྤྱི་ལ་རིགས་དགར་ཏེ། རྩོད་གླེང་མང་པོ་ཡོད་པ་དང་རྩོད་གླེང་འབྱུང་སླ་བའི་མི་ཚོགས་ལ་ཡིག་ཚགས་བཟོས་ཏེ་དོ་དམ་དང་དམིགས་སུ་བཟུང་ནས་དོ་ཁུར་བྱེད་པ་དང་། དོན་དག་ཆེ་མ་ཆུང་གསུམ་ཅི་ཞིག་ཡིན་ཡང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། རིགས་མི་འདྲ་བའི་རྩོད་གླེང་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད།

2022ལོར།  ཚེ་རིང་ཞིང་ཆེན་ལས་བརྒལ་ཏེ་ལོ་བཅུ་འགོར་བའི་གཉེན་སྒྲིག་རྩོད་གླེང་ཞིག་འདུམ་སྒྲིག་བྱེད་པར་ཞུགས་ཤིང་། ཁོས་དོ་བདག་པ་ཕྱོགས་གཅིག་ཁྲིད་དེ་ཕྱོགས་གཞན་པའི་དོ་བདག་པའི་ཁྱིམ་དུ་སོང་སྟེ་འདུམ་སྒྲིག་བྱས། ཚེ་རིང་གིས་ཕྱོགས་གཉིས་ཀའི་དོ་བདག་པར་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཀློག་འགྲེལ་བྱས་ཏེ་སེམས་ཀྱི་དོགས་པ་ཡོངས་སུ་སེལ་བ་དང་།  སེམས་ཞིབ་མོས་ཕྱོགས་གཉིས་ལ་ཁ་ཏ་སློབ་གསོ་ཡང་ཡང་བྱས་མཐར་ཕན་ཚུན་གྱི་བསམ་འཆར་གཅིག་མཐུན་བྱུང་ཞིང་།  ཕོ་ཕྱོགས་ཀྱིས་མོ་ཕྱོགས་ལ་གཉོར་སྐྱོང་གྲོན་དངུལ་སྒོར་ཁྲི5སྟེར་རྒྱུ་ཁས་བླངས་པས་གཞི་ནས་གཉེན་སྒྲིག་རྩོད་གླེང་དེ་བདེ་བླག་ངང་འདུམ་སྒྲིག་བྱས།

འདུམ་སྒྲིག་བྱ་བའི་ཁྲོད། ཚེ་རིང་ལ་རང་ཉིད་ཀྱི་དྲན་ཚུལ་ལམ་བྱེད་ཐབས་ཡོད་དེ། ཁོ་དང་ཁོའི་ལས་གྲོགས་ཚོས་ཐོག་མཐའ་བར་གསུམ་དུ་བྱ་བའི་གཙོ་གནད་སྔོན་འགོག་གི་སྟེང་བཞག་པ་དང་། ནན་ཏན་གྱིས་རྩོད་གླེང་སྣ་ཚོགས་ཀྱི་ཁྱད་ཆོས་དང་དེ་བྱུང་བའི་ཆོས་ཉིད་ལ་འཚོལ་ཞིབ་དང་དབྱེ་ཞིབ་བྱས་ཤིང་། ཕན་ནུས་ལྡན་པའི་བྱེད་ཐབས་བཀོལ་ནས་དགྲ་མེ་སྟག་ཆུང་ངུའི་དུས་ནས་གསོད་དགོས་པའི་བསམ་བློ་བཅངས་སྟེ། རྩོད་གཞི་སྣ་ཚོགས་ཆུང་ངུའི་དུས་སུ་སེལ་ཐབས་བྱས་པ་དང་།  དུས་ཐོག་ཏུ་མི་མང་རང་བཞིན་གྱི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱས་པས། མི་དམངས་འདུམ་སྒྲིག་པ་ཡི་འགོག་ར་ཨང་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས།   རྩོད་གླེང་རེ་ཤེས་རྟོགས་བྱུང་རྗེས།  ཚེ་རིང་གིས་མྱུར་དུ་ལས་གྲོགས་རྣམས་ཁྲིད་དེ་ནུས་ཡོད་སྒོས་འདུམ་སྒྲིག་བྱས་ཏེ། སྔ་མོ་ནས་ཤེས་རྟོགས་ དང་སྔ་མོ་ནས་ཐག་གཅོད་བྱེད་ཐུབ་པ་བྱས། འདུམ་སྒྲིག་དང་སྔོན་འགོག་ཟུང་འབྲེལ་བྱས་ནས་རྩོད་གླེང་རྩ་བ་ནས་གཙང་སེལ་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད།

དུས་ཆེན་གུང་གསེང་དང་གནད་འགག་གི་དུས་སྐབས་སུ་ཚེ་རིང་གིས་དུས་རྒྱུན་ལས་གྲོགས་རྣམས་དང་མཉམ་དུ་ཞིབ་ཚགས་ལྡན་པའི་ངང་རྩོད་གླེང་སྣ་ཚོགས་རྩད་ཞིབ་དང་འདུམ་སྒྲིག་བྱེད་བཞིན་ཡོད། ལྷག་པར་དུ་གནད་འགག་གི་མི་སྣ་དང་དམིགས་བསལ་ཚོགས་པ། གནད་འགག་མངའ་ཁོངས་དང་གནད་དོན་རེ་རེར་རྩད་ཞིབ་བྱས་ཏེ། དུས་ཐོག་ཏུ་གནད་འགག་མི་སྣའི་དྲན་ཚུལ་དང་བསམ་བློར་རྒྱུས་ལོན་བཟང་པོ་བྱས་ཤིང་།  བསམ་གཞིག་དང་བྱེད་ཐབས་བཏོན་ནས་གནད་འགག་མི་སྣའི་ཁྱིམ་དུ་སོང་སྟེ། བསམ་བློ་བརྗེ་རེས་དང་སློབ་གསོ་སྣེ་ཁྲིད་ཀྱི་བྱ་བ་སྤེལ་བཞིན་ཡོད། ལོ་ངོ་མང་པོའི་གཞི་རིམ་གྱི་སྦྱོང་བརྡར་བརྒྱུད་དེ་རང་སྟེང་གི་འདུམ་སྒྲིག་ལས་རིགས་ཀྱི་ཆུ་ཚད་ལ་མངོན་གསལ་དོད་པའི་མཐོར་འདེགས་བྱུང་བར་མ་ཟད་། རིམ་བཞིན་མང་ཚོགས་ཀྱི་ཁས་ལེན་དང་ཡིད་ཆེས་ཐོབ་ཅིང་། ཁོ་ལ་མཚོན་ན་འདི་ལས་ཆེ་བའི་གཟི་བརྗིད་ཅིག་ཡོད་མི་སྲིད།  ཁོས་དུས་དང་རྣམ་པ་ཀུན་དུ་མི་དམངས་འདུམ་སྒྲིག་གི“ཚད་ལྡན་དང་དྲང་གཞག  ལུགས་མཐུན”བཅས་ཀྱི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  རྩོད་གཞི་ཆེན་པོ་ཞིག་ཡིན་ནའང་འདྲ། ཁྱིམ་མཚེས་བར་གྱི་འགལ་བ་ཆུང་ཆུང་ཞིག་ཡིན་ནའང་འདྲ་གང་ལྟར་ཁོས་ནན་ནན་ཏན་ཏན་གིས་རང་འགན་ཕྲག་ཏུ་བླངས་ནས། གཟབ་ནན་གྱི་འདུམ་སྒྲིག་དང་ཐབས་བཟང་ཐག་གཅོད་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། ཧུར་ཐག་གིས་རྩོད་གཞི་ཆུང་བ་རྩོད་གཞི་ཆེན་པོར་མི་འགྱུར་བ་དང་། རྩོད་གཞི་ཆུང་བ་འགོ་ཁུངས་སུ་སེལ་ཅི་ཐུབ་བྱས་ཤིང་།  དོན་དངོས་ཀྱིས་དོ་བདག་པ་རེ་རེར་དྲང་གཞག་དང་འདྲ་མཉམ་གྱི་འབྲས་བུ་ཞིག་ཐོབ་པར་བརྩོན་ལེན་བྱས་པས།   ཆེས་སྤྱིར་བཏང་གི་བྱ་བ་འདི་ལ་སྤྱིར་བཏང་མིན་པའི་གཟི་འོད་འཕྲོ་རུ་བཅུག

ལོ་ངོ26གི་རིང་ལ། ཚེ་རིང་གིས་མི་དམངས་འདུམ་སྒྲིག་པའི་ལས་གནས་སྟེང་། རང་དོན་རྒྱབ་ཏུ་དོར་ཞིང་དཀའ་ཁག་ཁྱད་གསོད་ཀྱིས་རང་འགན་མ་ལུས་ཕྲག་ཏུ་བླངས་ཤིང་། མི་དམངས་ཀྱི་ཁེ་ཕན་ནི་ཀུན་གྱི་གཙོ་བོ་ཡིན་པའི་འདུ་ཤེས་སེམས་སུ་བརྟན་པོར་བཅངས་པས།  མགོ་ཁྲིད་ཀྱི་ཁས་ལེན་གང་ལེགས་དང་ལས་གྲོགས་ཀྱི་གོང་བཀུར་བརྩི་འཇོག  མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ།  དུས་དང་རྣམ་པ་ཀུན་དུ་ཡོད་ཚད་མི་དམངས་ཀྱི་སྐྱིད་སྡུག་ཆེད་དུ་ཕུལ་དང་འབུལ་བཞིན་པའི་མི་དམངས་འདུམ་སྒྲིག་པ་ཞིག་ལ་མཚོན་ན། འདི་ལྟ་བའི་གདེང་འཇོག་ཐོབ་པ་ནི་མི་ཚེ་ཡི་གཟི་བརྗིད་དང་ལ་རྒྱ་ཞིག་ཏུ་བརྩིས་ཆོག་ཆོག་ཡིན། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་ཉིན་ལ་ཟླ་དང་ཟླ་ལ་ལོ་མཐུད་དེ་འཁང་ར་ཅི་ཡང་མེད་པར་རང་གི་ལས་ལ་རང་ནུས་ཀྱིས་བྱས་རྗེས་འཇོག་བཞིན་ཆོད་སེམས་བརྟན་པོའི་ངང་ནས་མི་དམངས་ཀྱི་དཀའ་ཁག་སེལ་བའི་མི་ཞིག་བྱེད་པར་ཕངས་སེམས་གཏན་ནས་མེད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།