འདུམ་སྒྲིག་བྱ་བར་འབད་དེ་དམངས་ལ་བདེ་སྐྱིད་བསྩལ།
2023.12.05 ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། ཀློག་གྲངས། 30

—2023ལོའི"རྒྱལ་ཡོངས་ཀྱི་དཔེ་ལེགས་མི་དམངས་འདུམ་སྒྲིག་པ"ཀརྨ་ཆོས་གྲགས་ཀྱི་གནས་ཚུལ་བཀོད་པ།

ད་ལྟ་ལོ32ཡིན་པའི་ཀརྨ་ཆོས་གྲགས་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཨ་སྟོད་ཡུལ་ཚོ་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གི་འདུམ་སྒྲིག་པ་ཡིན། 2014ལོར་འདུམ་སྒྲིག་བྱ་བར་ཞུགས་པ་ནས་བཟུང་ཁོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཧུར་ཐག་གིས་ཉམས་མྱོང་མང་པོ་ཕྱོགས་སྡོམ་དང་། གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་སེལ་ནས་ཉེ་འཁོར་དུ་ཡོད་པའི་འབྲོག་པ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས།

ལོ་ངོ་མང་པོར་ཁོ་རང་འགལ་ཟླ་དང་རྩོད་གཞི400ལྷག་གི་ནང་དུ་ཞུགས་ནས་འདུམ་སྒྲིག་བྱས་ཤིང་། འདུམ་སྒྲིག་ལེགས་གྲུབ་བྱུང་ཚད97%ཡན་ཟིན་ཡོད་པས། "རྫ་སྟོད་རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་སྔོན་ཐོན་མི་སྒེར"དང"ཕུལ་བྱུང་འདུམ་སྒྲིག་པ"སོགས་ཀྱི་མཚན་སྙན་ཐེངས་མང་པོར་ཐོབ་མྱོང་ཞིང་། 2023ལོའི"རྒྱལ་ཡོངས་ཀྱི་དཔེ་ལེགས་མི་དམངས་འདུམ་སྒྲིག་པའི"མཚན་སྙན་ཡང་ཐོབ་ཡོད།

འདུམ་སྒྲིག་བྱ་བ་ནི་སྒྱུ་རྩལ་ཡིན།

"འདུམ་སྒྲིག་བྱ་བ་ནི་སྤྱི་ཚོགས་སྟེང་གི་བྱ་བ་གང་ཞིག་གི་རྩོད་གླེང་དེ་ཞི་བདེ་རུ་བསྒྱུར་བའི་སྒྱུ་རྩལ་གྱི་ཐབས་ལམ་ཁྱད་པར་ཞིག་ཡིན་ཞིང་། དེ་ལ་བརྩེ་དུང་དང་གནས་ལུགས། བཅའ་ཁྲིམས་བཅས་མཉམ་དུ་གནས་ཡོད་པས། སེམས་རྣལ་དུ་ཕབ་ན་དེ་དག་གི་ཁྲོད་ནས་མྱོང་ཚོར་བྱེད་ཐུབ་ཅིང་། ལས་སྒོའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་བཅའ་ཁྲིམས་ཀྱི་ཤེས་བྱ་རྒྱུན་ཆད་མེད་པར་གསར་བརྗེ་བྱས་ན་གཞི་ནས་འདུམ་སྒྲིག་བྱ་བ་ཡག་པོ་བསྒྲུབ་ཐུབ"ཅེས་ཟེར། འདི་ནི་ཀརྨ་ཆོས་གྲགས་ཀྱིས་འདུམ་སྒྲིག་བྱ་བ་བསྒྲུབས་པའི་ཚུན་དུ་ནམ་རྒྱུན་འཆད་བཞིན་པའི་སྐད་ཆ་ཞིག་རེད།

འདུམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས། རྩོད་གཞི་གང་ཞིག་བྱུང་བའི་དོ་བདག་ཕྱོགས་གཉིས་ཀྱི་འགལ་བ་དེ་ལ་ཞིབ་བསྡུར་དང་གྲོས་ཁ་ཡང་ཡང་བྱས་ནས་ཕྱོགས་གཉིས་ཀྱི་རྩོད་གཞི་ཡོངས་སུ་འདུམ་སྟེ། ཕྱོགས་གཉིས་ཀྱིས་དུས་ད་ནས་བཟུང་རྩོད་གཞི་ཅི་ཡང་མེད་ཅེས་ཕན་ཚུན་གྱི་ལག་པའི་ནང་དུ་ལག་པ་འཇོག་བཞིན་པ་མཐོང་ཚེ། ཀརྨ་ཆོས་གྲགས་ལ་གྲུབ་འབྲས་ཐོབ་པའི་ཚོར་སྣང་སྐྱེས་ཏེ་ལུས་སེམས་གཉིས་ཀར་སྤོབས་སེམས་ཀྱིས་ཁེངས་ཡོད། རིག་པ་ནངས་པར་འཆི་ཡང་སློབ་ཅེས་པ་ནང་བཞིན་དུ་ཁོ་ལ་ནམ་རྒྱུན་ཁོམ་པ་རེ་བྱུང་ཚེ། སློབ་སྦྱོང་གི་བྱ་བ་གཙུག་ཏུ་བཟུང་ནས་རང་རྒྱལ་གྱི་རྩ་ཁྲིམས་གཙོ་བྱས་ནས་བཅའ་ཁྲིམས་ཁྲིམས་སྲོལ་སོ་སོར་སློབ་སྦྱོང་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱར་བརྟེན་ནས་འགལ་བ་དང་རྩོད་གཞི་ཅི་རིགས་ཁྲིམས་ལྟར་འདུམ་སྒྲིག་བྱེད་བཞིན་ཡོད།

ཀརྨ་ཆོས་གྲགས་ཀྱིས་ནམ་རྒྱུན་ཁོའི་ཉེ་འཁོར་དུ་ཡོད་པའི་འཇོན་ནུས་ཅན་གྱི་འདུམ་སྒྲིག་པ་རྣམས་ལ། འདུམ་སྒྲིག་བྱེད་ཐབས་ཀྱི་ཐད་ནས་བློ་འདྲི་བྱེད་པའམ་ཡང་ན་དྲ་ལམ་ནས་འདུམ་སྒྲིག་གི་གྱོད་དཔེ་ལ་སློབ་སྦྱོང་ཡང་ཡང་བྱས་ཏེ་འདུམ་སྒྲིག་གི་ཉམས་མྱོང་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་བཞིན་ཡོད་པས། ཁོ་ལ་ཐུན་མོང་མ་ཡིན་པའི་འདུམ་སྒྲིག་བྱེད་སྟངས་ཤིག་ཆགས་ཡོད། རྩོད་གཞི་གང་དང་འཕྲད་ཚེ་རྩོད་གཞི་དེའི་གནད་དོན་གྱི་འགག་རྩ་བཙལ་ནས་དོ་བདག་དང་མཉམ་དུ་བསྡུར་བ་དང་། སེམས་ཞིབ་མོས་ཁ་བརྡ་བྱས་ནས་སེམས་ཀྱི་མདུད་པ་གང་དེ་གྲོལ་བའི་ཐབས་ཤེས་ཁྱད་པར་ཅན་ཞིག་ཡོད་པས། རྩོད་གཞི་གང་རུང་གི་སྔུན་དུ་ཁོ་ནི་ནམ་རྒྱུན་གཡོ་གཟུར་མེད་པའི་རྒྱ་མ་ཞིག་དང་། གནས་ལུགས་འཆད་པའི་ཉམས་མྱོང་རྒན་པོ་ཞིག་ནང་བཞིན། རྩོད་གཞི་གང་ཞིག་ལ་རིག་པའི་རྩལ་གྱིས་འདུམ་སྒྲིག་ཡང་ཡང་བྱས་མཐར། དོ་བདག་ཕྱོགས་གང་ཡིན་ཡང་འདུམ་སྒྲིག་པ་ཀརྨ་ཆོས་གྲགས་ཀྱི་གཟུ་བོར་གནས་པའི་འདུམ་སྒྲིག་བྱེད་སྟངས་དང་མཇུག་འབྲས་ལ་བསྟོད་བསྔགས་བྱེད་ས་ཉག་ཅིག་ཡིན།

འདུམ་སྒྲིག་མན་ངག་ལྷག་བསམ་ཡིན།

ཆེས་སྤྱིར་བཏང་བའི་འདུམ་སྒྲིག་རེ་རེའི་རྒྱབ་ཏུ་ཀརྨ་ཆོས་གྲགས་ཀྱིས་ཁ་པར་བཏང་ནས་འབྲེལ་གཏུག་བྱེད་པ་དང་། སྒོ་ཉུལ་བྱས་ནས་བཅར་འདྲི་བྱས་པ་གྲངས་ལས་འདས་པ་ཞིག་ཡིན་ཏེ། འདུམ་སྒྲིག་པའི་འགན་འཁུར་ཚུན་དུ་བགྲང་གིས་མི་ལང་བའི་ཉིན་མཚན་གྲངས་མེད་ཅིག་ལ་ཁོས་འདུམ་སྒྲིག་བྱ་ཡུལ་དུ་ཧུར་བརྩོན་གྱིས་དཔང་རྟགས་འཚོལ་བ་དང་། དོ་བདག་དང་འབྲེལ་གཏུག་ཡང་ཡང་བྱས་ཏེ་འདུམ་སྒྲིག་ཇུས་གཞི་གཏན་འཁེལ་བྱེད་བཞིན་ཡོད། ཁོས་བཟོད་སེམས་དང་ལྷག་བསམ་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན་པར་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སེལ་བའི་བརྒྱུད་རིམ་ཁྲོད་དུ་དྲང་སྙོམས་དང་དྲང་བདེན་ཚོར་ཐུབ་པར་བྱས།

2017ལོའི་ཟླ10པའི་ཟླ་སྨད་དུ། ལས་ཀ་པ་མི20ལྷག་གིས་ཀརྨ་ཆོས་གྲགས་བཙལ་ཡོང་སྟེ། "སྦྱིན་བདག་བྲོས་བྱོལ་དུ་སོང་བས་ང་ཚོར་ལས་ཀ་ལས་པའི་གླ་རིན་མི་སྟེར་ལ། ད་ལྟ་ང་ཚོར་ཁྱིམ་དུ་ལོག་པའི་སྒོར་མོ་ཡང་མེད་པས། ཁྱེད་ཀྱིས་ངེས་པར་ང་ཚོར་རོགས་ཤིག་བྱེད་རོགས"ཞེས་བཤད།

ཀརྨ་ཆོས་གྲགས་ཀྱིས་རྒྱུས་ལོན་པ་ལྟར་ན། ལས་ཀ་པ་དེ་ཚོ་རྫ་སྟོད་རྫོང་དུ་ཞོར་ལས་སུ་ཡོང་བ་ཡིན་ལ། རུས་ཀྲང་ཅན་གྱི་སྦྱིན་བདག་ཅིག་གིས་ཁོ་ཚོ་གླས་ནས་ལས་ཀ་མཇུག་བསྒྲིལ་རྗེས་སྦྱིན་བདག་དེ་གར་སོང་ཆ་མེད་དུ་གྱུར་ཞིང་ཁ་པར་ཡང་གཏོང་ཐབས་མེད་པ་ཞིག་རེད། ཐོག་མར་ཁོ་ཚོས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱ་བསམས་ཀྱང་། ཁོ་ཚོའི་བར་དུ་གན་རྒྱ་དང་ཐོབ་ཐང་ཆ་འཕྲིན། འབྲེལ་གཏུག་བྱེད་སྟངས་བཅས་མེད་པས་ཁྲིམས་ཁང་གིས་གྱོད་དོན་ཐོ་འགོད་བྱེད་ཐབས་མེད། མཇུག་མཐའི་རེ་བ་ཉག་ཙམ་འཁུར་ནས་ཁོ་ཚོ་རྫ་སྟོད་རྫོང་མི་དམངས་འདུམ་སྒྲིག་ལྟེ་གནས་སུ་རོགས་རམ་འཚོལ་བར་ཡོང་བ་ན། ཀརྨ་ཆོས་གྲགས་ཀྱིས་ལོ་མང་རིང་འདུམ་སྒྲིག་བྱས་པའི་ཉམས་མྱོང་ལ་བརྟེན་ནས། དུས་ཐོག་ཏུ་ཁོ་ཚོའི་སྦྱིན་བདག་ཀྲང་གི་སྡོད་གནས་དྲིས་ཤིང་། སྡེ་ཁུལ་དེར་སོང་སྟེ་འབྲེལ་ཡོད་འགན་འཁུར་བ་དང་འབྲེལ་གཏུག་བྱས། ཁོ་ཚོའི་རོགས་རམ་ཐོབ་པར་བརྟེན་མི་དེ་སྡེ་ཁུལ་དུ་ཡོད་པའི་གནས་ཚུལ་འབྱོར་འཕྲལ། ཀརྨ་ཆོས་གྲགས་ཀྱིས་དུས་ཐོག་ཏུ་རེ་ཞུ་བྱེད་མཁན་དང་འབྲེལ་བ་བྱས་ནས་མཉམ་དུ་སྡེ་ཁུལ་དུ་སོང་ཞིང་། སྐྱེས་པ་དེ་སྦྱིན་བདག་ཀྲང་ཡིན་པ་གཏན་འཁེལ་བྱས་པ་བརྒྱུད། ཀརྨ་ཆོས་གྲགས་ཀྱིས་རྫ་སྟོད་རྫོང་འདུམ་སྒྲིག་ལྟེ་གནས་སུ་འདུམ་སྒྲིག་བྱེད་པར་འགྲོ་རྒྱུའི་ཁ་ཏ་བསླབ་བྱ་བྱས།

མཇུག་ཏུ་ཀརྨ་ཆོས་གྲགས་ཀྱིས་བཟོད་སེམས་དང་ལྷག་བསམ་གྱིས་འདུམ་སྒྲིག་བྱས་པ་བརྒྱུད། ཕྱོགས་གཉིས་ཀའི་དོ་བདག་བར་བསམ་འཆར་གཅིག་མཐུན་བྱུང་ཞིང་། སྦྱིན་བདག་ཀྲང་གིས་ཉིན་གསུམ་ནང་དུ་ཆད་པའི་གླ་ཕོགས་ཚང་མ་ཕྱིར་སྤྲད། འདུམ་སྒྲིག་གྲོས་མཐུན་ལག་བསྟར་བྱེད་པའི་ཉིན་དེར། རེ་ཞུ་བྱེད་མཁན་གྱིས་ལག་ཏུ་གོས་དར་འཁྱེར་ནས་ཀརྨ་ཆོས་གྲགས་ཀྱི་ལག་པར་དམ་པོར་འཇུས་ཏེ་ཁོ་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་དང་སྨོན་འདུན་ཞུས།

འདུམ་སྒྲིག་ཆུང་ཡང་ནུས་པ་ཆེ།

ཀརྨ་ཆོས་གྲགས་ཀྱིས་ནམ་རྒྱུན་བཤད་རྒྱུར། "ང་ནི་མི་དམངས་འདུམ་སྒྲིག་པ་ཞིག་ཡིན་ཏེ། སེམས་རྣལ་དུ་ཕབ་ནས་ཧུར་ཐག་གིས་བྱ་བ་བསྒྲུབས་པ་ན་སྤྱི་ཚོགས་འཆམ་མཐུན་ལ་ནུས་པ་ཆེན་པོ་འདོན་ཐུབ"ཅེས་ཟེར། ཁོངས་གཏོགས་ས་ཁུལ་དུ། ཆུང་ས་ནས་བཤད་ན་ཁྱིམ་མཚེས་བར་གྱི་ཁ་རྩོད་དང་བཟའ་ཟླའི་བར་གྱི་བཟའ་འཁོན། ཆེ་ས་ནས་བཤད་ན་ཚོགས་སྤྱི་རང་བཞིན་གྱི་དོན་རྐྱེན་སོགས་གང་ཞིག་བྱུང་སྟེ་མང་ཚོགས་ལ་དགོས་མཁོ་ཡོད་ཚེ། ཁོ་ནི་འཇིགས་སུ་རུང་བའི་འཁྲུག་རྩོད་ཁྲོད་ཀྱི་ཞུམ་པ་མེད་པའི་གདོང་མཆོང་དཔའ་བོ་ཞིག་དང་འདྲ་བར། མཐོན་པོའི་རི་གསུམ་རྩེ་དང་དམའ་བའི་ལུང་གསུམ་མདོ། གནས་གང་དུ་རྩོད་གཞི་ཡོད་ཚེ་ཁོ་རང་ས་དེར་ཐོན་ཐུབ་པར་མ་ཟད། འགལ་བ་ཅི་བྱུང་ལ་ཐོག་མར་རྒྱུས་ལོན་དང་། བར་དུ་སེམས་ཞིབ་མོས་དཔྱད་པ། མཇུག་ཏུ་རིག་པའི་རྩལ་གྱིས་ཕྱོགས་གཉིས་ལ་ཕན་པའི་ལམ་ཞིག་བཏོན་ཏེ་རྩོད་གཞི་ཡོད་ཚད་གཙང་སེལ་བྱས་ནས་འཆམ་མཐུན་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཐབས་བརྒྱ་ཅི་ཡོད་ཀྱིས་རྩོད་གཞི་ཞི་འཇགས་སུ་གཏོང་བཞིན་ཡོད།

ཀརྨ་ཆོས་གྲགས་འདུམ་སྒྲིག་གི་བྱ་བར་ཞུགས་པའི་བརྒྱུད་རིམ་ཁྲོད་དུ། ཁོས་དགའ་སྐྱོའི་སྡུག་བསྔལ་མང་པོ་ཞིག་མྱངས་ཡོད་ཅིང་། མི་ལ་ལས་འདུམ་སྒྲིག་བྱ་བ་ནི་དབང་ཆ་མེད་ལ་ཡོང་སྒོའང་ཉུང་བའི་ལས་ཀ་དཀའ་ཚེགས་ཆེ་བ་ཞིག་རེད་ཅེས་བཤད་ཀྱང་། ཁོས་འདུམ་སྒྲིག་བྱ་བར་དགའ་ཞེན་དང་རྒྱུན་འཁྱོངས་བྱ་རྒྱའི་སེམས་ཤུགས་དེ་ཉམས་པ་མེད་པར། ས་མཐོ་བརྗིད་ཆགས་ཀྱི་ཡུལ་གྲུ་དེར་འཚེ་བ་མེད་པའི་ཚང་མལ་དྲོན་མོ་ཞིག་བསྐྲུན་རྒྱུའི་ངར་ཤུགས་དེ་ནམ་ཡང་འཇགས་པ་མེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།