གཡང་དྲུང་བསྟན་འཛིན་གྱིས་ནོར་ཁུལ་དང་ལུག་བལ་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་འཁྲིད།
2023.12.05 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

 “སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ནོར་རྩིད་དང་ཁུ་ལུ།  ལུག་བལ།  ཀོ་བ་སོགས་རང་བྱུང་ཚི་སྣ་ནི་དགོས་ངེས་ཀྱི་དངོས་པོ་ཞིག་ཡིན་པར་མ་ཟད།  འཚོ་བའི་སྤུས་ཚད་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན།  སྲོལ་རྒྱུན་གྱི་འཁེལ་འཐག་ལག་རྩལ་བརྒྱུད་ནས་ངས་ནོར་ལུག་གི་བལ་ཁུལ་སོགས་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད”ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་བུམ་པ་སྡེ་བའི་ལོ་རབས90པའི་ནང་སྐྱེས་པའི་ལས་གཏོད་པ་གཡང་དྲུང་བསྟན་འཛིན་གྱིས་དེ་ལྟར་བཤད་པ་དང་། རྒྱུན་འཛིན་དང་གསར་གཏོད་བྱས་པ་བརྒྱུད་ལག་ཤེས་འཁེལ་འཐག་གི་གནའ་བོའི་ལག་རྩལ་ལ་གསོན་ཤུགས་གསར་བ་ཞིག་བསྩལ།

2014ལོར་གཡང་དྲུང་བསྟན་འཛིན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཉེ་འགྲམ་གྱི་སློབ་གྲོགས་མང་པོ་ཞིག་གིས་འཆར་གཞི་ལྟར་ལས་ཀ་འཚོལ་བའི་ཡིག་རྒྱུགས་སྤེལ་བཞིན་ཡོད་ལ། འོན་ཀྱང་ཁོ་རང་ཕྱིར་བུམ་པ་སྡེ་བར་ལོག་ནས་མཚོ་སྔོན་པོའི་ངོགས་སུ་རང་ཉིད་ལ་དབང་བའི་ཐོན་ལས་ཤིག་འཕེལ་རྒྱས་སུ་གཏོང་རྒྱུའི་འཆར་གཞི་འཐེན།

གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་བ་ཡིན་ལ། 2019ལོར་གཡང་དྲུང་བསྟན་འཛིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་།  ས་གནས་དེའི་ལག་ཤེས་བཟོ་རྩལ་རྐྱང་པའི་འཁེལ་འཐག་ཐོན་རྫས་ལ་ཁྱད་ཆོས་ཆེན་པོ་ལྡན་པ་རྒྱུས་ལོན་བྱུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད་ཁོས་ད་དུང་ཀན་སུའུ་ཞིང་ཆེན་གྱི་ལག་ཤེས་འཁེལ་འཐག་ཐོན་རྫས་བཟོ་གྲྭ་ཁ་ཤས་ཀྱི་འཕེལ་རྒྱས་ཧ་ཅང་ལེགས་པོ་ཡིན་པར་ཤེས་རྟོགས་བྱུང་།

“ངའི་ཕ་ཡུལ་རྟ་ནག་མ་གྲོང་རྡལ་ནི་འབྲོག་ཁུལ་ཡིན་པ་དང་།  ནོར་ལུག་གི་བལ་ཁུལ་སོགས་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ལ། ད་དུང་མེས་པོས་བརྒྱུད་སྤྲོད་བྱས་པའི་ལག་ཤེས་རྐྱང་པའི་འཁེལ་འཐག་ལག་རྩལ་ཡང་ཡོད།  རྒྱལ་ཁབ་ཕྱི་ནང་ལ་མིང་དུ་གྲགས་པའི་མཚོ་སྔོན་པོར་ལོ་རེར་ཡུལ་སྐོར་བ་མང་པོ་སྣེ་ལེན་བྱེད་བཞིན་པ”སོགས་ཡིད་ལ་དྲན་ཐེངས་རེར་གཡང་དྲུང་བསྟན་འཛིན་གྱིས་ལག་ཤེས་རྐྱང་པའི་འཁེལ་འཐག་ཐོན་རྫས་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པའི་སེམས་ཐག་བཅད།

2020ལོར་གཡང་དྲུང་བསྟན་འཛིན་གྱིས་མ་དངུལ་སྒོར་འབུམ་དྲུག་བཏང་ནས་བུམ་པ་སྡེ་བ་རུ་མཚོ་སྔོན་པོའི་གཡང་ནོར་སྐྱེ་ཁམས་ཕྱུགས་ལས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་སྣོན་འཁོར་ཁང་ཞིག་བཙུགས་པ་དང་། ལག་ཤེས་ཀྱི་འཁེལ་འཐག་ཐོན་རྫས་ཐོན་སྐྱེད་བྱེད་ཆེད།  ཁོས་མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་པའི་མང་ཚོགས་ལག་ནས་ནོར་རྩིད་དང་ཁུ་ལུ། ལུག་བལ།  ཀོ་བ་སོགས་ཉོ་སྒྲུབ་བྱས། འབྲོག་ཁུལ་དུ་ནོར་ལུག་གི་བལ་ཁུལ་སོགས་ཉོ་སྒྲུབ་བྱེད་རྒྱུ་ནི་ཧ་ཅང་ལས་སླ་བའི་བྱ་བ་ཞིག་ཡིན་མོད།  འོན་ཀྱང་བཟོ་ལས་གཙང་འཁྲུ་བྱེད་པའི་ཚད་གཞི་དང་བསྟུན་པ་ནི་ཧ་ཅང་དཀའ་བའི་གནད་དོན་ཞིག་རེད།

གཡང་དྲུང་བསྟན་འཛིན་གྱིས་གསར་འགོད་པར་བཤད་རྒྱུར། ལག་ཤེས་འཁེལ་འཐག་ཁོ་ནའི་ལས་རིམ་ཧ་ཅང་དཀའ་ཁག་ཆེ་བ་དང་། ལག་ཤེས་རྐྱང་པའི་འཁེལ་འཐག་སྣམ་བུའི་རྒྱུ་ཆ་ཁོ་ན་འདེམས་སྒྲུག་དང་གཙང་བཀྲུ།  ཉི་སྐམ། འཕུར་ཐག་སོགས་ལས་རིམ་བཅུ་བརྒྱུད་དགོས་མོད། འོན་ཀྱང་ལག་ཤེས་རྐྱང་པའི་འཁེལ་འཐག་བོད་ལྭ་ཆ་ཚང་ཞིག་འཐག་པར་ཉུང་མཐར་ཡང་ཟླ་བ3འགོར་གྱིན་ཡོད་པ་དང་།   ད་དུང་ཁྱིམ་གྱི་ཞིང་ལས་ཀྱང་གཉེར་ན་དུས་ཚོད་དེ་བས་རིང་བ་ཞིག་ཡོད་དགོས་ཟེར།

གསར་གཏོད་ནི་འཁོར་ཁང་གི་འཚོ་གནས་དང་འཕེལ་རྒྱས་ཀྱི་རྒྱལ་ཁའི་རྩ་བ་ཡིན།  གཡང་དྲུང་བསྟན་འཛིན་གྱིས་རས་ཆའི་རྒྱུ་ཆ་ཚང་མ་ཆུད་ཟོས་སུ་གཏན་ནས་མི་གཏོང་བ་དང་། ལག་ཤེས་ལ་བརྟེན་ནས་འཐག་པའི་རྒྱུ་ཆ་དག་ཁོས་ཇུས་འགོད་ལས་སྣོན་བྱས་པ་བརྒྱུད་དར་སྲོལ་ཆེ་བའི་ལྟོ་ཕད་དང་།  འཇམ་ཞིང་རྒྱུ་སྤུས་ལེགས་པའི་ཁ་དཀྲིས་སོགས་སུ་གྱུར་ནས།  དྲ་ཐོག་དང་ཡུལ་དངོས་ཀྱི་ཚོང་ར་ནས་དུས་མཉམ་དུ་ཕྱིར་ཚོང་བྱེད་ཀྱིན་ཡོད་པ་དང་། ཐོན་རྫས་དག་སི་ཁྲོན་དང་ལྷ་ས།  ཡུན་ནན་སོགས་སུ་ཕྱིར་ཚོང་བྱེད་ཀྱིན་ཡོད་པ་རེད།

གཡང་དྲུང་བསྟན་འཛིན་ལ་དུས་ནམ་ཡང་གསར་གཏོད་ཀྱི་བསམ་བློ་ཞིག་ཡོད་ལ།  ཁོས་བཟོས་པའི་ཀོ་བའི་གདན་དང་འཁོར་གདན།  འབོལ་ཁྲིའི་གདན་སོགས་འཚོ་བའི་མཁོ་ཆས་དག་ནི་འཇམ་པོ་ཡིན་པར་མ་ཟད།  རིན་གོང་བདེ་ལ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

གཡང་དྲུང་བསྟན་འཛིན་གྱིས་བཤད་རྒྱུར།  ད་ལོར་འཁོར་ཁང་གི་ཡོང་སྒོ་སྒོར་འབུམ་དྲུག་ཡིན་པ་དང་།  ལས་བཟོ་བ10ཡི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར3000ལ་སླེབས་ཡོད།   ཉེ་ལམ་ངས་སྔར་བཞིན་འཆར་འགོད་ལ་བྲེལ་བཞིན་ཡོད་པ་དང་། ཕྱི་ལོའི་ཟླ5པའི་ཡར་སྔོན་དུ་འཁོར་ཁང་གི་གཞི་ཁྱོན་ཆེ་རུ་བཏང་སྟེ། མཚོ་ལྷོ་ཁུལ་གྱི་ནོར་ལུག་གི་བལ་རྩིད་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ས་གནས་ཀྱི་མིང་རྟགས་རྒྱ་བསྐྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ལ།  དེ་ལས་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་པའི་ཆོད་སེམས་བཅངས་ཡོད་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།