ཧྲུའུ་ཅི་ཅ་རྨིན་གྱིས་ལབ་མདའ་སྡེ་བ་སེམས་སུ་བཅངས་ཡོད།
2023.12.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་ལབ་ཡུལ་ཚོ་ལབ་མདའ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཅ་རྨིན་གྱི་གནས་ཚུལ་བཀོད་པ།

“སྡེ་བའི་ཏང་ཡོན་ལྷན་རྒྱས། ཞོགས་པ་བདེ་ལེགས། གོང་དུ་བསྐུར་བ་ནི་ཐེངས་འདིའི་ཏང་གི་སློབ་ཁྲིད་ཀྱི་ནང་དོན་ཡིན། ཚང་མས་ཧུར་བརྩོན་གྱིས་སློབ་སྦྱོང་དང་བགྲོ་གླེང་ནན་ཏན་བྱེད་རྒྱུ་མཁྱེན། ཧ་མི་གོ་ས་ཡོད་ན་ནམ་ཡང་ཚོགས་པའི་ནང་འདྲི་ཚིག་འདྲི་བའམ་ཡང་ན་ཐད་ཀར་ང་རང་བཙལ་ཆོག”ཅེས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཡུལ་ཚོ་ལབ་མདའ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཅ་རྨིན་གྱིས་སྡེ་བའི་ཏང་ཡོན་སྐད་འཕྲིན་ཚོགས་པའི་ནང་དུ་སྐབས་གསར་པའི་ཏང་གི་སློབ་ཁྲིད་ཀྱི་ནང་དོན་བསྐུར་བྱུང་།

“སྡེ་སྡོད་བྱ་བ་ལེགས་པོར་བསྒྲུབ་པ་དང་ཀྲི་པུའུ་ཡི་ནུས་པ་ངེས་པར་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲི་པུའུ་ཡིས་ཏང་ཡོན་གྱི་སྣེ་ཁྲིད་པ་དང་ཏང་ཡོན་ལ་མང་ཚོགས་ཀྱི་སྣེ་ཁྲིད་དུ་འཇུག་པ་དང་། སྡེ་བའི་ཏང་ཡོན་དང་མང་ཚོགས་ལ་དོན་ངོ་མར་ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་གང་ནས་ཐོན་པ་དང་གང་ལ་ཕན་འདོགས་བཞིན་པ་ཤེས་སུ་བཅུག་སྟེ། ཏང་གི་འབོད་སྐུལ་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་ཡིན། ད་ལྟ་ང་ཚོ་རེམ་པར་འགྲོ་དགོས། དེ་རིང་ཏང་ཡོན་ལས་བྱེད་པ་རྣམས་ལ་དགུན་དུས་ཀྱི་ལྟ་ཞིབ་ཁྱིམ་ཚང་དུ་འཚམས་འདྲི་བྱེད་དུ་འགྲོ་བའི་བྱ་བ་ཇི་ལྟར་བསྒྲུབ་པར་གྲོས་བྱེད་དགོས”ཞེས་བཤད་ཞོར་ཅ་རྨིན་གྱིས་སྲིང་རས་ཀྱི་སྟོད་རིང་གོན་ཞིང་ཡིག་ཆ་མཆན་འོག་ཏུ་བཙུར་ཏེ་སྡེ་བའི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ས་ཚིགས་སུ་སོང་།

ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡིན་པའི་ཅ་རྨིན་ད་ལོའི་ཟླ7པར་ལབ་མདའ་སྡེ་བ་རུ་བཅའ་སྡོད་བྱས། ཟི་ལིང་ནས་ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་ལ་རྨིད4000ཡོད་པའི་ཡུས་ཧྲུའུ་འབྲོག་ཁུལ་གྱི་བར་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ནས་གཞི་རིམ་གྱི་ལས་ཡུལ་དང་པོའི་བར་དུ། ཁོས་ནམ་ཡང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཡོད།

“རྩ་འཛུགས་ཀྱིས་ང་རང་སྡེ་སྡོད་ཧྲུའུ་ཅི་དང་པོར་མངགས་པས་ངས་ཀྱང་ཡུལ་འདི་རང་ཉིད་ཀྱི་ཁྱིམ་དུ་བརྩིས་ཏེ། སྡེ་བའི་དོན་དག་ཆེ་མ་ཆུང་གསུམ་དང་སྡེ་མི་རྣམས་ཀྱི་བསམ་འདུན་དང་དགོས་མཁོ་སེམས་སུ་འཛིན་དགོས། རང་ཉིད་ཀྱིས་དཀའ་སྡུག་ཅུང་ཙམ་སྤྱད་ནས་སྡེ་བར་བྱ་བ་རེ་བསྒྲུབས་པ་དང་མང་ཚོགས་ཡིད་ཚིམ་དུ་བཅུག་ན་ལབ་མདའ་སྡེ་བ་སྔར་བས་འཕེལ་རྒྱས་འབྱུང་ཐུབ”ཅེས་ཅ་རྨིན་གྱིས་དེ་ལྟར་བཤད།

སྡེ་བར་བསྡད་ནས་ཅང་མ་འགོར་བར་ཅ་རྨིན་སྡེ་སྡོད་བྱ་བའི་རུ་ཁག་གི་བློ་མཐུན་རྣམས་དང་མཉམ་དུ་བྱ་བར་བྲེལ་མོད། འོན་ཀྱང་ཐོག་མར་མཐོ་སྒང་དུ་ཡོང་བས་དབུགས་འཚང་བ་དང་མགོ་ཡུ་འཁོར་བ། ཁ་ཤའི་སྟེང་རྨ་འབུད་པ་སོགས་རྫ་དུག་གིས་གཟིགས་སྟོབས་ཆེ་བའི་ནུབ་བྱང་གི་གསར་རྒོད་འདིར་ཚོད་བགམ་བྱས། རྩ་འཛུགས་ཀྱིས་རང་ཉིད་ལ་བཅངས་པའི་ཡིད་ཆེས་དང་མང་ཚོགས་ཀྱིས་རང་ཉིད་ལ་བཅངས་པའི་རེ་བ་བསམ་ཐེངས་རེར་ཁག་འཁུར་གྱི་སེམས་ཤུགས་ཆེན་པོ་ཞིག་འགོག་མེད་དུ་སྐྱེས།

ལས་རྐང་དུ་ཞུགས་རྗེས། ཅ་རྨིན་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་། ཡུལ་ཚོ་ཏང་ཨུ་དང་ཞང་སྲིད་གཞུང་གི་སྡེ་སྡོད་བྱ་བའི་བཀོད་སྒྲིག་གི་བླང་བྱ་ལྟར། “ཚད་མཐའ་སྲུང་བ་དང་སྦྲེལ་མཐུད་འཛིན་པ། དར་སྤེལ་ལ་སྐུལ་བ”དེ་བྱ་བའི་དམིགས་འབེན་དུ་བརྩིས་ཏེ། “ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་དེ་ཏང་ཀྲི་པུའུ་ཡི་མགོ་ཁྲིད་ནུས་པ་ཇེ་དྲག་ཏུ་བཏང་བ་དང་། “ཚོགས་འདུ་གསུམ་དང་སློབ་ཐུན་གཅིག”དང“གྲོས་བསྡུར་བཞི་དང་སྤྱི་བསྒྲགས་བཞི”སོགས་ཀྱི་ལམ་ལུགས་སྣ་ཚོགས་ལག་བསྟར་བྱས་ཤིང་། མགོ་ཁྲིད་དེ་ཆེད་དོན་ཏང་གི་སློབ་ཁྲིད་ལ་ཉན་ལ། སྡེ་བ་ཡོངས་ཀྱི་ཏང་ཡོན་སྐད་འཕྲིན་ཚོགས་པའི་ནང་ཏང་གི་སློབ་ཁྲིད་ཀྱི་ནང་དོན་བསྐུར་བ་བཅས་བྱས་ཏེ། ཏང་ཀྲི་པུའུ་ཡི་ཏང་འཛུགས་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་འབྱུང་བར་སྐུལ་འདེད་བཏང་།

ཅ་རྨིན་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འབད་བརྩོན་འོག ད་ལོའི་ཟླ9པར་ལབ་མདའ་སྡེ་བའི་ཏང་ཀྲི་པུའུ་ཡི“ཏང་འཛུགས་ཀྱིས་སྣེ་ཁྲིད་དེ་མཉམ་དུ་འབད་པ་བྱེད། རོགས་སྐྱོར་ཆ་བསྒྲིགས་བྱས་ཏེ་དར་སྤེལ་ལ་སྐུལ་འདེད་གཏོང”ཞེས་པའི་ཏང་འཛུགས་ཆས་རྟགས་དེ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་འཛུགས་ཆས་རྟགས་དཔེ་སྟོན་ས་ཁུལ་དུ་ཐོག་མར་བདམས།

བརྟག་ཞིབ་བྱེད་སྐབས་ཅ་རྨིན་གྱིས་གོམ་ཁ་མགྱོགས་པོར་སྤོས་ཏེ། སྡེ་བའི་རུ་ཁག་རེ་རེ་དང་ལྟ་ཞིབ་ཁྱིམ་ཚང་རེ་རེ། ལས་གཞིའི་ལས་ཡུལ་རེ་རེ་བཅས་གཅིག་ཀྱང་མ་བསྐྱུར་པར་འཚམས་འདྲི་བྱས་ཤིང་། དེའི་ཁྲོད་དུ་ཅ་རྨིན་དང་ལས་གྲོགས་ཚོས་ལབ་མདའ་སྡེ་བའི་སྐྱེ་ཁམས་དང་ཐོན་ཁུངས། གནས་ཡུལ། ལོ་རྒྱུས། རིག་གནས་སོགས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ། “ཐོན་ལས་ཀྱི་ཐོན་ཁུངས་ལ་རྐང་འཛུགས་པ་དང་ཚོང་ཁྲོམ་གྱི་ཁྲིད་ཕྱོགས་བརྩི་སྲུང་བྱེད་པ། ཁྱད་ལྡན་ལེགས་ཆ་སྔོག་འདོན་བྱེད་པ། ལས་རྣམ་གསར་པ་རྒྱ་བསྐྱེད་པ”བཅས་ཀྱི་དམིགས་འབེན་ལྟར། “ཡུས་ཧྲུའུ་ནོར་གནག”གི་ས་ཁོངས་ཆས་རྟགས་ཁྲོད་དུ་སྔར་བས་འདྲེས་སུ་བཅུག་སྟེ་ཁྱད་ལྡན་གསོ་སྤེལ་ལས་རིགས་དང་འདེབས་འཛུགས་ལས་རིགས་བསྐྲུན།

ད་ལོར་ལབ་མདའ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་འབུམ་བརྒྱད་དང་ཁྲི་བརྒྱད་སྟོང་དྲུག་ལ་སླེབས་པ་དེ་དུས་མཉམ་ལས34.8%འཕར་བ་དང་། ཁེ་སྤོགས་སྒོར་མོ་འབུམ་ལྔ་དང་ཁྲི་བརྒྱད་སྟོང་གསུམ་ལྔ་བརྒྱ་བགོས་ཤིང་། ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་མོ་སྟོང་གཉིས་དང་བཞི་བཅུ་ཞེ་བདུན་རེ་ཇེ་མང་དུ་སོང་།

“ད་ལོའི་དབྱར་ཁར། ཧྲུའུ་ཅི་དང་པོ་གསར་པ་ཞིག་ངེད་ཚང་ལ་ཡོང་བ་དང་། ཁོས་མིག་ཤེལ་བསྣམས་ཤིང་ལག་ཏུ་རྒྱུ་ཆ་བཟུང་ནས་ཁྱིམ་ཐོར་ཞིབ་མོར་བལྟས་པར་མ་ཟད། ཁྱིམ་ཚང་གི་གནས་ཚུལ་གསལ་པོར་དྲིས་རྗེས་གཞུག་ཕྱོགས་དཀའ་ཁག་དང་གནད་དོན་ཅི་ཞིག་ཡོད་ན་ངེས་པར་ཁོར་བཤད་དགོས་ཟེར། སེམས་ལའང་མ་དྲན་པ་ཞིག་ལ་ད་ལོར་ངེད་ཚང་གིས་ཀྱང་སྡེ་བའི་ནང་དུ་གླ་བརྒྱབ་ནས་སྒོར་མོ་བཙལ་ཐུབ་སོང་། ཧྲུའུ་ཅི་མིག་ཤེལ་ཅན་ལ་བཀའ་དྲིན་ཆེ”ཞེས་སྡེ་མི་བསོད་ནམས་ཟླ་བས་དགའ་སྤྲོའི་ངང་དེ་ལྟར་བཤད།

ཧྲུའུ་ཅི་དང་པོའི་འགན་འཁུར་བའི་ཟླ་ངོ4ཡི་རིང་ལ། ཅ་རྨིན་གྱིས་སྡེ་བའི་ནང་དུ་སྒོར་མོ་ས་ཡ་བརྒྱད་ཀྱི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞི་དང་སྒོར་མོ་ས་ཡ་གསུམ་དང་འབུམ་དགུ་ཁྲི་དགུ་ཡི་རྩོལ་ལས་ལྟར་རྒུད་སྐྱོབ་བྱེད་པའི་ལས་གཞི་གཉིས་ལག་བསྟར་བྱས་པས། སྲོལ་རྒྱུན་གནའ་སྡེའི་བཟོ་འགོད་དང་ཆུ་ཁུངས་སྤུས་འདེགས་བཅོས་བསྒྱུར། བགྲོད་ལམ་སྲ་བསྒྱུར། བཙོག་ཆུའི་སྦགས་ལམ་ཞིག་བཟོ། ཆུ་རགས་རྒྱག་པ་སོགས་བྱས་པར་མ་ཟད། སྡེ་མི50ལྷག་ཁྱིམ་ཚང་གི་སྒོ་ཁ་རུ་ལས་ཀར་ཞུགས་སུ་བཅུག་ནས་གླ་ཕོགས་སྒོར་མོ་འབུམ་བརྒྱད་དང་ཁྲི་བཞི་སྟོང་བརྒྱད་བྱིན།

དེ་དང་མཉམ་དུ་ཕྱོགས་མང་པོ་ནས་གྲབས་གསོག་བྱས་པ་བརྒྱུད། སྒོར་མོ་ཁྲི་གསུམ་གྱི་དངོས་ཟོང་བརྩོན་ལེན་བྱས་ཏེ་སྡེ་བའི་ནང་དུ“གྲོང་གསེབ་དར་སྤེལ་དཔལ་ཡོན་ལག་ལེན་གྱི་བསགས་སྐར་སྒོ་རྩིས་ཚོང་ཁང”ཕྱེས་ནས“བསགས་སྐར་ཉུང་ཉུང”དེ“དཔལ་ཡོན་ཆེན་པོར”བརྗེ་རུ་བཅུག་པ་དང་། “སྒོ་རྩིས་ཚོང་ཁང་ཆུང་ཆུང”གིས“ནུས་ཚད་ཆེན་པོ”བསྐྱེད་པ་དང་། མང་ཚོགས་ཀྱི་རང་ཉིད་ཞུགས་པ་དང་རང་གིས་རང་ལ་སློབ་གསོ་གཏོང་བ། རང་གིས་རང་ལ་དོ་དམ་བྱེད་པའི་འཚོ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཁྱིམ་སྲོལ་དང་དམངས་སྲོལ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་བས། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་མངོན་གསལ་བྱུང་།

“ཧྲུའུ་ཅི་ཅ་ལགས་སྡེ་བར་ཡོང་ནས་ཡུན་རིང་པོ་ཞིག་འགོར་མེད་རུང་། སྡེ་སྡོད་བྱ་བ་ཏན་ཏན་ཏིག་ཏིག་གིས་བསྒྲུབས་པས་མང་ཚོགས་ལ་ཕན་ཆེན་པོ་ཐོགས་ཡོད། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི་ཁོས་ཉེ་ལམ་ཚོགས་པའི་ཡུས་ཧྲུའུ་ཁུལ་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགྲན་སྡུར་ཁྲོད་མི་སྒེར་གྱི་བྱ་དགའ་ཨང་གཉིས་པ་བླངས་ཤིང་། དེས་ཁོ་རང་གྲོང་གསེབ་དར་སྤེལ་དང་འབྲེལ་བའི་སྲིད་ཇུས་དང་གཏན་འབེབས་ལ་བྱང་ཆ་ལྡན་པ་མཚོན་ཡོད་པར་མ་ཟད། ལབ་མདའ་སྡེ་བའི་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་བྱས་པའང་མཚོན་ཡོད”ཅེས་ལབ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྒྱལ་པོ་ཉི་མས་དེ་ལྟར་བཤད། 

                                                                              རྩོམ་སྒྲིག་པ། གཡང་འབུམ་རྒྱལ།