མང་ཚོགས་སེམས་སུ་ཉར་བའི་ན་གཞོན་བུད་མེད་ཧྲུའུ་ཅི།
2024.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

—ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་བདེ་ཆེན་སྡེ་བའི་ཧྲུའུ་ཅི་དང་པོ་སངས་རྒྱས་སྒྲོལ་མ།

མང་ཚོགས་ལ་དགོས་མཁོ་བྱུང་ཚེ། སངས་རྒྱས་སྒྲོལ་མའི་གཟུགས་བརྙན་གང་སར་མཐོང་ཐུབ། 

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་བདེ་ཆེན་སྡེ་བ་རུ། ལོ་རབས་དགུ་བཅུ་པའི་ནང་དུ་སྐྱེས་པའི་བུད་མེད་ཧྲུའུ་ཅི་ཞིག་ཡོད་ལ། ནམ་རྒྱུན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁོ་མོ་གླེང་དུས། བསྟོད་པའི་མཐེ་བོང་བསྒྲེངས་ནས“ཨ་ཡེ་དེ་ངར་བ་ཞིག་ཡིན་ཡ”ཞེས་བརྗོད་པར་བྱེད། མོ་ནི་སངས་རྒྱས་སྒྲོལ་མ་རེད།

“དཀའ་ཁག་ཅི་ཞིག་ཡོད་ན་ང་ལ་ཤོད་དང་ངས་དུས་ཐོག་ཏུ་ཐག་གཅོད་བྱེད་ངེས།” 2023ལོའི་ཟླ11པའི་ཟླ་མཇུག་ཏུ། གསར་འགོད་པ་དུས་ལྟར་སྡེ་བའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དུ་ཐོན་མེད་མོད། རྣ་ལམ་དུ་གྲགས་འོང་བ་ནི་སངས་རྒྱས་སྒྲོལ་མའི་གསོན་ཤུགས་ཀྱིས་ཁེངས་པའི་སྐད་སྒྲ་དེ་རེད།

སྐྲ་ལོ་མཐོན་པོར་བསྡམས་ཤིང་། ངོ་གདོང་འཛུམ་གྱིས་ཁེངས་ཡོད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དེ་ནི་སངས་རྒྱས་སྒྲོལ་མས་མི་རྣམས་ལ་བཞག་པའི་ཐོག་མའི་བག་ཆགས་རེད།

སངས་རྒྱས་སྒྲོལ་མ་ནི་ཡུས་ཧྲུའུ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རྒྱ་ཡིག་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཡིན་པ་དང་། 2023ལོའི་ཟླ7པར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡིས་རོང་པོ་གྲོང་རྡལ་བདེ་ཆེན་སྡེ་བར་ཧྲུའུ་ཅི་དང་པོའི་འགན་འཁུར་བར་མངགས་པ་དང་། ཧྲུའུ་ཅི་དང་པོའི་འགན་འཁུར་ཡུན་ཟླ་བ་ལྔ་ཙམ་ལས་མེད་ཀྱང་ཏན་ཏན་ཏིག་ཏིག་གི་བྱ་བ་སྒྲུབ་སྟངས་ཀྱིས་བདེ་ཆེན་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག་ཡོད།

འོན་ཀྱང་ཐོག་མར་སྡེ་བར་སྡོད་སྐབས། ཏང་འཛུགས་བྱ་བ་དང་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ན། མི་མི་ཉུང་བ་ཞིག་གིས“བུ་མོ་ཆུང་ཆུང་ཞིག་གིས་ཧྲུའུ་ཅིའི་འགན་འདི་ཡག་པོ་ཞིག་འཁུར་ཐུབ་བམ་མི་ཐུབ”ཅེས་དོགས་འདྲི་བྱས།

དོགས་འདྲི་སྣ་ཚོགས་ཀྱི་མདུན་དུ། གཤིས་ཀ་བརྟན་པོ་ཡོད་པའི་སངས་རྒྱས་སྒྲོལ་མས“བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབས་ཏེ། སྡེ་བ་འཕེལ་རྒྱས་སུ་བཏང་ཚེ་ཚང་མས་ང་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་སྲིད་པར་ང་རང་ཡིད་ཆེས་ཡོད”ཅེས་བཤད།

“གོང་ན་སྐུད་པ་སྟོང་དང་འོག་ན་ཁབ་མིག་གཅིག གཞི་རིམ་གྱི་ལས་བྱེད་པ་ནི་ཁབ་ལ་སྐུད་པ་བརྒྱུས་ནས་ཁྲིད་མཁན་ཡིན།”སངས་རྒྱས་སྒྲོལ་མ་སྡེ་བའི་ནང་དུ་འབྱོར་རྗེས། ཁོ་མོ་གསར་འགོད་པ་བྱེད་དུས་ནམ་རྒྱུན་བཤད་ཀྱིན་པའི་སྐད་ཆ་འདིར་ངོས་ཟིན་གསར་པ་ཞིག་བྱུང་། ཁོ་མོས་བཤད་རྒྱུར།“གལ་ཏེ་འབྲེལ་ཡོད་ཀྱི་སྲིད་ཇུས་ལའང་རྒྱུས་ལོན་མེད་ན། མང་ཚོགས་ཀྱི་སྣེ་ཁྲིད་པ་བྱེད་ཐབས་མེད་ལ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་ཡོང་རྒྱུ་ནི་དེ་བས་ཀྱང་གླེང་ཐབས་ཡོད་པ་མ་རེད”ཅེས་བཤད།

དེའི་རྐྱེན་གྱིས་མོས་ཁོམ་ལོང་གི་དུས་ཚོད་སྤྱད་དེ་རང་སྦྱོང་ལ་ཤུགས་བསྣན་པར་མ་ཟད། ད་དུང་གསོ་སྦྱོང་ཚོགས་འདུ་སྣ་ཚོགས་ཀྱི་གོ་སྐབས་སྤྱད་དེ་རང་ཉིད་ཀྱི་གཞུང་ལུགས་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་། ཁོ་མོས་བཤད་རྒྱུར།“སྡེ་མི་ཚོས་སྲིད་ཇུས་ལ་རྒྱུས་ལོན་བྱུང་ན་ད་གཟོད་སྲིད་ཇུས་ཡག་པོ་སྤྱོད་ཐུབ། ང་རང་ཉིད་ནི་གསར་འགྱུར་དྲིལ་སྒྲོག་བྱ་བ་སྒྲུབ་མཁན་ཞིག་ཡིན་པས། ངས་ཧྲུའུ་ཅི་དང་པོའི་འགན་ཡག་པོར་འཁུར་དགོས་པར་མ་ཟད། དེ་བས་ཀྱང་‘དྲིལ་སྒྲོག་པ’ཡག་པོ་ཞིག་བྱས་ནས་ཏང་གི་སྲིད་ཇུས་བཟང་པོ་དེ་འབྲོག་པའི་སྒོ་འགྲམ་དུ་སྐྱེལ་དགོས།”

སྲིད་ཇུས་ཀྱི“ཤེས་རྟོགས་ཅན”ཡག་པོ་ཞིག་བྱེད་པ་དང་དུས་མཚུངས་སུ། ད་དུང་སྡེ་བའི་གནས་ཚུལ་ཡག་པོ་ཤེས་མཁན་ཞིག་ཀྱང་བྱེད་དགོས།

“བདེ་ཆེན་སྡེ་བར་བསྡོམས་པས་ཁྱིམ་ཚང298ཡོད་པའི་ནང་དུ་ཁྱིམ་ཚང226ནི་དབུལ་ཐར་ཁྱིམ་ཚང་ཡིན།”“ད་ལོར་དབྱར་རྩྭ་དགུན་འབུ་ག་ཚོད་བརྐོས་ཡོད་དམ། བེའུ་ག་ཚོད་རྩེབས་ཡོད་དམ། འབྲི་གཡག་ག་ཚོད་བཙོང་རྩིས་ཡོད་དམ”ཞེས་དུས་ཚོད་ཅུང་ཙམ་ཡོད་ཚེ་སངས་རྒྱས་སྒྲོལ་མས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་དང་། སྡེ་བའི་ཐོན་ལས་མཛུབ་སྟོན་པ། འགན་ལེན་ལས་བྱེད་པ་བཅས་དང་མཉམ་དུ་སྡེ་བའི་གནས་ཚུལ་དངོས་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཟླ་བ་གཅིག་ཀྱང་མ་སོང་བར་གསར་དུ་ཉོས་པའི་ཟིན་བྲིས་སྟེང་དུ་སྡེ་བའི་ནང་གི་བྱ་བ་ཆེ་ཆུང་ཚང་མ་བྲིས་འདུག སྡེ་བ་ཡོངས་ཀྱི་གནས་ཚུལ་གླེང་ཚེ་རང་ཁྱིམ་གྱི་གནས་ཚུལ་ལྟར་གཅིག་གཅིག་གཉིས་གཉིས་ཀྱིས་བློ་ལ་ངེས་འདུག

སངས་རྒྱས་སྒྲོལ་མས་ངས་སྡེ་བའི་ནང་གི་འབྲོག་པ་མི་ཉུང་བ་ཞིག་ལ་འཚོ་བའི་གོམས་གཤིས་སོགས་ཀྱི་རྐྱེན་གྱིས་གཅོང་ནད་ཕོག་ཡོད་པ་ཤེས་བྱུང་། འདིས་ཁོ་ཚོ་ཕྱི་ཕྱོགས་ལ་ལས་ཀ་བྱེད་དུ་འགྲོ་ཐུབ་ཀྱིན་མི་འདུག་ཅེས་བཤད།

དེ་བས་སངས་རྒྱས་སྒྲོལ་མས་སྔ་གཞུག་ཐེངས་གཉིས་ལ་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང(མཚོ་སྔོན་ལྷོ་ཕྱོགས་སྨན་བཅོས་རོགས་སྐྱོར་ཆེད་མཁས་ཚོགས་པ)དང་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང(པེ་ཅིན་གྱི་ཡུས་ཧྲུའུ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆེད་མཁས་ཚོགས་པ)གཉིས་ལ་འབྲེལ་བ་བྱས་ཏེ་བདེ་ཆེན་སྡེ་བར་ཡོང་ནས་འོས་འགན་སྨན་བཅོས་དང་རིམས་ནད་སྔོན་འགོག་གི་ཤེས་བྱ་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་བ་རེད།

སངས་རྒྱས་སྒྲོལ་མས་ཧུར་ཐག་གིས་བརྩོན་ལེན་བྱས་པར་བརྟེན། ཆེད་མཁས་པ་རྣམས་ད་དུང་འགྲོ་སྐྱོད་སྟབས་མི་བདེ་བའི་སྡེ་མིའི་ཁྱིམ་དུ་སོང་ནས་ཁོ་ཚོར་འོས་འགན་སྨན་བཅོས་བྱས་པ་དང་སྨན་རྫས་བྱིན་པ་རེད།

ཧྲུའུ་ཅི་སངས་རྒྱས་སྒྲོལ་མ་ཡོང་ནས་ཡུན་རིང་མ་འགོར་ཡང་ཁོ་མོས་མང་ཚོགས་རེ་རེ་སེམས་སུ་ཉར་ནས་ཡོད། གལ་སྲིད་མོ་མེད་ན་ངའི་མིག་གིས་ནམ་ཞིག་ལ་རིག་ཐུབ་མིན་ཡང་མི་ཤེས་ཞེས་སྡེ་མི་ལྷ་མོ་ཆོས་སྒྲོན་གྱི་སྐད་ཆའི་ནང་དུ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་བརྩེ་སེམས་ཀྱིས་ཁེངས་འདུག

ལྷ་མོ་ཆོས་སྒྲོན་ཚང་ནི་བདེ་ཆེན་སྡེ་བའི་ཆེས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཞིག་ཡིན་ཞིང་། རྒན་རྒོན་ཁེར་འདུག་ཞིག་ཡིན་པའི་ཁོ་མོའི་མིག་གཉིས་ཀ་མིག་ནད་སྐྱ་གྲིབ་ཀྱི་དབང་གིས་ཞར་ལ་ཉེ། སངས་རྒྱས་སྒྲོལ་མས་གནས་ཚུལ་དེ་ཤེས་རྗེས་དུས་ཐོག་ཏུ་རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་ཀྱི་མཛའ་གྲོགས་སྨན་ཁང་གི་མིག་ནད་ཚན་ཁག་གི་ཆེད་མཁས་པ་ཡན་ཧྥན་ཁྲེང་དང་འབྲེལ་བ་བྱས་མཐར། ཁུལ་སྨན་ཁང་གི་མིག་ནད་ཚན་ཁག་དང་ཡན་ཧྥན་ཁྲེང་གི་རོགས་རམ་འོག་ལྷ་མོ་ཆོས་སྒྲོན་གྱི་མིག་གིས་སླར་ཡང་མཐོང་ཐུབ་པ་བྱུང་།

སངས་རྒྱས་སྒྲོལ་མས་མང་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་བསྒྲུབ་རྒྱུ་ནི་རང་གི་འོས་འགན་ཡིན་ལ་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་འགན་ཡང་ཡིན་ཟེར།

ཧུར་ཐག་གིས་བྱ་བ་དངོས་སྒྲུབ་པ་དང་ཆབས་ཅིག ཇི་ལྟར་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། སྡེ་མིའི་ཡོང་སྒོ་འཕར་བ་དང་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱ་རྒྱུ་ནི་སངས་རྒྱས་སྒྲོལ་མས་སེམས་ཁྲལ་བྱེད་པའི་བྱ་བ་ཆེ་ཤོས་དེ་རེད། ཁོ་མོས་གྲོང་རྡལ་ཏང་ཨུའི་སྲིད་གཞུང་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་བསམ་འཆར་ཟུང་འབྲེལ་གྱིས་འབྲེལ་གཏུག་རོགས་སྐྱོར་ཚན་པའི་ཐོན་ཁུངས་ལེགས་ཆ་སྤྱད་དེ་བདེ་ཆེན་སྡེ་བའི་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་ལས་གཞི་ཇུས་འགོད་དང་བརྩོན་ལེན་བྱས་པ་རེད།

བདེ་ཆེན་སྡེ་བ་ནི་རྒྱལ་ལམ215པའི་ལམ་རྒྱུད་དུ་ཡོད་པ་དང་། ཚོང་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་འགྲོ་འོང་བྱེད་མཁན་ཅུང་མང་པོ་ཡོད། ཡུས་ཧྲུའུ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འདེམས་ཁུལ་དང་པོ་སྐྲུན་པའི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས། ད་ལོར་ང་ཚོས་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡི‘ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ས་ཚུགས’ལས་གཞི་དང་འབྲེལ་མཐུད་ནུས་ལྡན་གྱི་མ་དངུལ་བརྩོན་ལེན་བྱས་པ་དང་།‘ས་ཚུགས’ཀྱི་རྨང་གཞིའི་ཐོག་རླངས་འཁོར་འཇོག་ཡུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ཁུལ་འཛུགས་རྩིས་ཡོད། མིག་སྔར་ལས་གཞིའི་དུས་མགོའི་གྲ་སྒྲིག་བྱ་བ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད། ཕྱིས་སུ་ལས་གཞི་ཡོངས་སུ་གྲུབ་རྗེས་མི་བརྒྱད་ནས་བཅུའི་ལས་ཞུགས་ཐག་གཅོད་ཐུབ་པ་དང་། ཡོང་སྒོ་སྒོར་མོ་འབུམ་གསུམ་ལྷག་ལ་བསླེབ་པར་སྐུལ་ཁྲིད་བྱེད་ཐུབ་རྒྱུ་རེད་ཅེས་སངས་རྒྱས་སྒྲོལ་མས་བཤད།

ཡུས་ཧྲུའུ་གྲོང་ཁྱེར་གྱི་བུད་མེད“ཧྲུའུ་ཅི་དང་པོ”ཡིན་པའི་ངོས་ནས། སངས་རྒྱས་སྒྲོལ་མ་ནི་བྱ་བ་སྒྲུབ་སྐབས་སྐྱེས་པ་ལྟ་བུའི་བློ་སྤོབས་ཡོད་ལ། བུད་མེད་ཀྱི་ཞིབ་ཚགས་ཀྱང་ཡོད། གསར་འགྱུར་དྲིལ་སྒྲོག་གི་ལས་ཡུལ་དང་པོ་ནས་སྡེ་སྡོད་ཧྲུའུ་ཅི་དང་པོའི་བར་དུ། སངས་རྒྱས་སྒྲོལ་མས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་གོམ་པ་རེ་རེ་བཞིན་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་སེམས་ཁྲལ་བསལ་ནས་དམངས་ཀྱི་དོན་དུ་བྱ་བ་དངོས་བསྒྲུབས་དང་སྒྲུབ་བཞིན་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།